Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼ཆོས་སྲིད་ཟུང་འབྲེལ༽ཞེས་པའི་ཐ་སྙད་ཀྱི་གཡའ་སེལ་སྐོར།

Posted on 2013-12-03 By ཁ་བརྡ་ 7 Comments on ༼ཆོས་སྲིད་ཟུང་འབྲེལ༽ཞེས་པའི་ཐ་སྙད་ཀྱི་གཡའ་སེལ་སྐོར།

མཁོ་སྤྲོད་པ། བདེ་ཆེན་སྒྲོལ་མ།

རྩོམ་པ་པོ། བན་ཤུལ་དཔལ་མཁར་རྒྱལ༼ལྷ་ས༽

 

དེ་ལ་དཔྱད་ཐུང་འདི་མ་བྲིས་པའི་སྔོན་དུ་བོད་ཀྱི་རིག་གནས་སྐོར་ལ་མཁྱེན་དཔྱོད་རྣམ་པར་ཡངས་བའི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་གཡང་མོ་མཚོ་ལགས་ལ་ཐུགས་རྗེ་ལེགས་འབུལ་ཞུ་དགོས་པ་ཡོད། གང་ཡིན་ཞེ་ན་རེབ་འདིའི་དཔྱད་ཡིག་ཤིན་ཏུ་གལ་ཆེ་བ་འདི་གཉིས་ཁོང་གིས་བདག་ལ་མཁོ་འདོན་བརྒྱུད་ནས་ཐོབ་པ་དང་ཁྱད་པར་དུ་ཆོས་སྲིད་ཟུང་འབྲེལ་བྱ་བའི་ཐ་སྙད་འདིའི་ལུང་ཁུངས་ཕྱི་མ་ཤོག་གྲངས་དང་བཅས་པའང་གསོལ་རས་སུ་བསྩལ་བྱུང་བས་རྩོམ་ཐུང་འདིར་དགེ་བ་ཅི་མཆིས་པ་ཁོང་གི་བགོ་སྐལ་དུའང་འབུལ་རྒྱུ་ཡིན།

ཐོག་མར་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན༼༡༦༤༢ནས༡༧༡༤༽དང་བྲག་དགོན་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས༼༡༧༦༤ནས༡༨༥༣༽གཉིས་ནི་གཞུང་ས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱིས་སྲིད་སྐྱོང་བའི་དུས་སྐབས་སུ་ཁེལ་ཡོད་སྟབས་དེའི་གནས་ཚུལ་ཤིན་ཏུ་ཉུང་བསྡུས་ཤིག་མགོར་འཁོད་ནས་སྐབས་དོན་གྱི་གླེང་བྱ་དངོས་ལ་ཞུགས་ན་བརྗོད་བྱའི་དོན་ཧྲིལ་བོ་གསལ་རྟོགས་ཡོང་བར་སྨན་ངེས་སོ་སྙམ། དེ་ལ་སྡེ་སྲིད་ཕག་མོ་གྲུ་བ་སྔོན་ཚེ་འབྲས་སྤུངས་སུ་ཕེབས་སྐབས་ཀྱི་བཞུགས་ཡུལ་ནི་རྡོ་ཁང་སྔོན་པོའམ་འབྲས་སྤུངས་དཔོན་ཁང་ཞེས་པ་དེ་ཡིན་ལ། དེ་ནི་སྣེ་གདོང་གོང་མ་ངག་དབང་བཀྲ་ཤིས་གྲགས་པ་རྒྱལ་མཚན་གྱིས་ཕྱི་ལོ༡༥༡༨ལོར་རྒྱལ་དབང་སྐུ་ཕྲེང་གཉིས་པ་ངག་དབང་རྒྱ་མཚོར་ཕུལ་བ་དང་རྒྱལ་མཆོག་གང་གིས་སྐལ་ལྡན་རྣམས་དགའ་ལྡན་ཆོས་ཀྱི་ཕོ་བྲང་དུ་འདྲེན་པའི་རྟེན་འབྲེལ་ལ་གཟིགས་ནས་དགའ་ལྡན་ཕོ་བྲང་ཞེས་མཚན་འདོགས་མཛད་ཅིང་། དེའི་ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ཕྱི་ལོ༡༥༧༩ལོར་སོག་ཡུལ་ལ་ཕེབས་པའི་ཤུལ་དུ་ས་སྐྱོང་བཀྲ་ཤིས་རབ་བརྟན་གྱི་ཐུགས་བཀོད་ལྟར་སྔོན་མའི་སྣེའུ་རྫོང་བའི་གཞིས་ཀ་རྡོ་ཁང་སྔོན་མོར་གྲགས་པ་དེ་རྒྱ་བསྐྱེད་ཅིང་དེའི་འཕྲོར་རྒྱལ་དབང་སྐུ་ཕྲེང་བཞི་བ་ཡོན་ཏན་རྒྱ་མཚོ་ཡང་དེར་བཞུགས་པ་རེད། དེའི་ཕྱིས་ཀྱི་ཕྱི་ལོ༡༦༤༢ལོར་རྒྱལ་མཆོག་ལྔ་བ་ཆེན་མོ་ངག་དབང་བློ་བཟང་རྒྱ་མཚོས་བོད་ཀྱི་ཆོས་སྲིད་ཡོངས་རྫོགས་ཀྱི་བདག་པོར་བཞེས་ཏེ་གཞུང་སའི་མིང་ལའང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་འདོགས་གནང་མཛད་ནས་ཆོས་སྲིད་གཉིས་ཀྱིས་བོད་འབངས་རྣམས་བསྐྱངས་བ་རེད། མདོར་ན་ཆོས་སྲིད་སོགས་ཀྱི་ཐ་སྙད་ཀྱང་དགའ་ལྡན་ཕོ་བྲང་གི་སྐབས་འདི་ག་རང་ནས་ཅུང་ཟད་རྒྱུགས་ཆེ་བར་མངོན་པ་ནི་དགའ་ལྡན་ཕོ་བྲང་གི་ཤོག་སྒོར་ངོས་སུ་གཟིགས་པས་ལམ་སེང་རྟོགས་པར་འགྱུར་ཡང་ཐ་སྙད་དེ་ནི་སྐབས་འདི་ག་རང་ནས་བྱུང་བར་གནས་སྐབས་སུ་ཁ་ཚོན་གཅོད་པར་མི་ནུས་པས་མུ་མཐུད་དུ་བརྟག་པར་བྱའོ།།

ད་ནི་སྐབས་དོན་དངོས་ལ་འཇུག་པར་བྱ་སྟེ། ཆོས་སྲིད་ཟུང་འབྲེལ་ཞེས་པའི་ཐ་སྙད་འདི་བོད་མ་ཡིན་མིན་སྐོར་དང་དེ་ལ་གོ་བ་ཇི་ལྟར་ལེན་དགོས་པ་སོགས་དེ་སྔོན་ཕྲན་གུས་པས་ཕྱི་ལོ་ཉིས་སྟོང་དགུ་ལོའི་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་བོད་ལྗོངས་སློབ་ཆེན་ནས་འཆད་ཁྲིད་བྱས་པའི་བརྗོད་བྱ་རྣམས་ཕྱིས་སུ་སྒྲ་ཕབ་ལས་ཡི་གེར་བཀོད་དེ་དེབ་གཟུགས་སུ་བཟོས་པའི་༼བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ༽བྱ་བར་ཡོད་པས་འདིར་བསྐྱར་བཟློས་མི་བྱ་ཡང་། ཆོས་སྲིད་ཟུང་འབྲེལ་བྱ་བའི་ཐ་སྙད་དེའི་བྱུང་སྟངས་སྐོར་ལ་ནོར་འཁྲུལ་འབའ་ཞིག་བྱུང་ཡོད་པ་དང་དེའི་རྗེས་བཟློས་སུ་སོང་བའི་དིང་སང་གི་གསར་རྩོམ་འབའ་ཞིག་ཀྱང་མཛོ་སྦྲེལ་གཡང་ལྷུང་དུ་སོང་ཡོད་པའི་སྐོར་ལ་བློ་ཕམ་དང་བཅས་འདིར་གཡའ་སེལ་བྱ་དགོས་པའི་རྒྱུ་མཚན་དེ་ཙམ་ཡིན། བདག་གིས་འཆད་ཁྲིད་དེ་སྐྱོང་སྐབས་ཆོས་སྲིད་ཟུང་འབྲེལ་བྱ་བའི་ཐ་སྙད་ནི་ཕྱི་ལོ་༡༩༤༩རྗེས་སུ་བྱུང་བ་ཞིག་ཡིན་པ་དང་ཁྱད་པར་དུ་མཁས་པའི་དབང་བོ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བཤད་པ་ཞེས་པའི་དཔྱད་རྩོམ་དུ་རྒྱ་ཡིག་གི་དོན་རྣམས་འགྱུར་སྐབས་དེ་ལྟར་བྱུང་བ་ཞིག་ཡིན་པར་ཁུངས་སྐྱེལ་གང་ཐུབ་བྱས་ཡོད་ལ་བྱེས་ཀྱི་མཁས་དབང་གྲགས་ཆེ་བ་འགའ་ཞིག་གི་བཞེད་མཚམས་ཀྱང་མ་བགྲོས་རང་མཐུན་གྱི་དེ་ལྟར་ཡིན་ཚུལ་གཞན་གྱིས་གླེང་བཞིན་འདུག ཡིན་ནའང་རིག་གཞུང་ལ་ངོ་བོའི་གནས་ཚུལ་གྱི་བདེན་དཔང་དང་ཇི་མ་ཇི་བཞིན་གྱི་དྲང་བདེན་དེ་ཉིད་གཙོ་ཆེ་བས་སྔར་ནོར་ཅིང་འཁྲུལ་བ་ཡང་སྦ་གསང་བྱེད་རྒྱུ་མེད་པར་རྒྱུ་མཚན་དང་བདེན་དཔང་ཡོད་ན་ལྟ་ཚུལ་ལ་འགྱུར་བ་གཏོང་དགོས་པ་ནི་ཆོས་ཉིད་ཡིན་ཅིང་། ནོར་འཁྲུལ་དེ་ལྟ་བུ་མི་འབྱུང་ཞེས་སུས་ཀྱང་ཐག་གཅོད་གནང་མི་ནུས་པས་ནོར་འཁྲུལ་ནོར་འཁྲུལ་དུ་ངོས་ཟིན་ནས་གཡའ་སེལ་གཏོང་བ་དེ་ཧ་ཅང་གལ་ཆེ་སྟབས་བདག་གི་དཔྱད་རྩོམ་དེའི་ཤུགས་རྐྱེན་དང་དེ་ལ་གཞོག་དྲུད་པའམ་ཇི་བཞིན་བླངས་ནས་བརྩམས་པར་བཏགས་པ་རྣམས་ཀྱིས་ཀྱང་ད་ལྟ་བག་ཡོད་པར་བྱས་ཏེ་ནོར་བ་འཆོས་པར་རིགས་སོ།།

དེ་ལ་ཆོས་སྲིད་ཟུང་འབྲེལ་བྱ་བའི་ཐ་སྙད་དེ་ནི་བོད་ཀྱི་ཐ་སྙད་ཁུངས་མ་ཞིག་ཡིན་པའི་སྐོར་གཤམ་ནས་ངོ་སྤྲོད་པར་འགྱུར་བའི་མཁས་དབང་འདི་གཉིས་ཀྱི་གསུང་ལས་གོ་ཐུབ་ནའང་ཐ་སྙད་དེ་ལ་གོ་བ་ཇི་ལྟར་ལེན་ཚུལ་ནི་གནས་སྐབས་སུ་གུས་པའི་དཔྱད་རྩོམ༼བོད་ཀྱི་ལོ་རྒྱུས་ཀྱི་གསར་བརྗེ༽བྱ་བའི་རང་ལུགས་ལྟར་སོར་འཇོག་བྱ་རྒྱུ་ཡིན། དེ་ནས་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན༼༡༦༤༢ནས༡༧༡༤༽མཆོག་ནི་མདོ་སྨད་དུ་སྐུ་འཁྲུངས་བའི་མཁས་དབང་གཞན་དྲིང་མི་འཇོག་པ་ཞིག་ཡིན་ཞིང་ལྷ་ལྡན་ཞིང་དུ་ཕེབས་ནས་ལྔ་བ་ཆེན་མོའི་མདུན་སར་དགེ་ཚུལ་གྱི་སྡོམ་པ་བཞེས་ཚུལ་དང་གཞུང་ཆེན་མོར་ཐུགས་གཉེར་གནང་ཚུལ་སོགས་ཁོང་གི་རྣམ་ཐར་ལས་ཤེས་པར་བྱ་རྒྱུ་དང་། དམིགས་བསལ་ཕྱི་ལོ༡༦༨༧ལོར་ཀླུ་འབུམ་ངག་དབང་བློ་གྲོས་རྒྱ་མཚོའི་ཞབས་ཞུ་མཛད་དེ་རྒྱ་ནག་པེ་ཅིང་དུ་ཕེབས་པ་དང་དེ་ནས་ཕྱི་ལོ༡༦༨༨ལོར་དགོན་ལུང་གི་ཁྲིར་ཕེབས་ལ། དེ་ནས་ཡང་བསྐྱར་ཕྱི་ལོ༡༦༩༣ལོར་གོང་མ་ཁང་ཤིས་གདན་འདྲེན་པ་ལྟར་གོང་མའི་དབུ་བླར་བཀུར་བ་ཞིག་རེད།དེ་ལྟ་བུའི་ཧོར་སོག་གིས་བྱ་གླག་གཟན་ལ་རྔམ་པ་ལྟ་བུའི་གནས་བབ་འོག་གི་ཕྱི་ལོ༡༦༩༡ལོར་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱིས་ཨེར་རྡེ་ནི་ཏཱ་ལའི་ཧུང་ཐའི་ཇའི་སྐུ་ཞབས་ཀྱི་མདུན་ན་འདོན་ཨེར་ཁེ་མཱེ་དཱེ་ཆི་ལ་ཞུ་སྣ་བཅོལ་ནས་བཀའ་འགྱུར་པར་མ་ཞིག་གི་བདག་རྐྱེན་གནང་དགོས་ཞུས་པ་ལྟར་དགོངས་འཁྲོལ་ཐོབ་ནས་གླེགས་ཤིང་གླེགས་ཐག་སོགས་བོད་ཀྱི་བཀའ་བསྟན་ལ་ཁྱད་ཆོས་ཅི་འཛོམས་ཤིག་ཆོས་སྡེ་ཆེན་པོ་དགོན་ལུང་བྱམས་པ་གླིང་གི་སྤྱི་སོར་ཕུལ་ཡོད་ཅིང་བཀའ་འགྱུར་རིན་པོ་ཆེའི་དེའི་ཁ་བྱང་ཞིག་ཁོང་གིས་མཛད་པའི་མཚན་བྱང་ཆ་ཚང་ལ་༼བཀའ་འགྱུར་རིན་པོ་ཆེའི་བྱིན་རླབས་གཟི་འབར་གྱི་ཁ་བྱང་ངོ་མཚར་སྣང་བ་རྒྱས་བྱེད་ཅེས་བྱ་བ་བཞུགས་སོ༽ཞུ་ལ་ཤིང་དཔར་སྣ་རིང་མ་ཉིན་སྲིབ་སྡོམ་པའི་ཤོག་ལྡེབ་བཅུ་བཞུགས་ཡོད། དེའི་ཤོག་ལྡེབ་གསུམ་པའི་ཉིན་ངོས་སུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་ངོ་བོ་འཕགས་པ་འཇིག་རྟེན་དབང་ཕྱུག་ངུར་སྨུག་འཛིན་པའི་གར་གྱིས་རྣམ་པར་རོལ་བ་ཡོངས་རྫོགས་བསྟན་པའི་མངའ་བདག་ཁམས་གསུམ་འགྲོ་བའི་མགོན་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་དཔལ་བཟང་པོའི་ཆོས་སྲིད་ཟུང་འབྲེལ་གྱི་འཕྲིན་ལས་རླབས་པོ་ཆེ་འཛམ་གླིང་ཡོངས་ལ་ཁྱབ་ཅེས་ཆོས་སྲིད་ཟུང་འབྲེལ་བྱ་བའི་ཐ་སྙད་ཀྱི་ལུང་ཁུངས་ཤིག་ཐོན་པ་དང་། གཞན་ཡང་དབལ་མང་དཀོན་མཆོག་རྒྱལ་མཚན༼༡༧༦༤ནས༡༨༥༣༽མཆོག་གིས་ཨ་མདོའི་རྒྱུ་མཚན་ཤེས་མཁན་དཀོན་པས་དེའི་གནས་ཚུལ་གསལ་བའི་ཆོས་འབྱུང་འདི་ལྟ་བུ་ཞིག་འབྲི་དགོས་ཞེས་བྲག་དགོན་ཞབས་དྲུང་དཀོན་མཆོག་བསྟན་པ་རབ་རྒྱས༼༡༧༦༤ནས༡༨༥༣༽མཆོག་ལ་བཀའ་བསྩལ་བ་ལྟར་ཁོང་གིས་རུས་མཛོད་སོགས་ཡིག་ཆ་ཁག་ལྔ་བརྒྱ་སུམ་ཅུར་བརྒལ་བ་ཙམ་ལ་ཁུངས་བཅོལ་ཏེ་ཕྱི་ལོ༡༨༦༥ལོར་བརྩམས་པའི་མདོ་སྨད་ཆོས་འབྱུང་ངམ་དེབ་ཐེར་རྒྱ་མཚོ་སྟེ་མཚན་བྱང་ཆ་ཚང་ལ་༼ཡུལ་མདོ་སྨད་ཀྱི་ལྗོངས་སུ་ཐུབ་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་གསལ་བར་བརྗོད་པ་དེབ་ཐེར་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ༽ཞེས་ཞུ་ལ་དེའི་དཔར་ཤིང་སྔོན་ཚེ་ཨ་མཆོག་དགའ་ལྡན་ཆོས་འཁོར་གླིང་ན་བཞུགས་མོད་གདོན་འདྲེ་མ་ཕུའུ་ཧྥང་གིས་རྩ་མེད་བྱས་ཀྱང་ཕྲན་ལ་ད་ལྟ་ཤིང་དཔར་མའི་གླེགས་བམ་ཞིག་ཐོབ་ཡོད། གཞུང་དེ་ཕྱི་ལོ༡༩༨༢ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ཟེར་བས་དཔར་དུ་འཁོད་ཡོད་ལ་ལྕགས་དཔར་མ་དེའི་ཤོག་ངོས་དྲུག་བརྒྱ་རེ་བདུན་ན་ཅང་ཏིས་རྒྱལ་པོ་ལོ་དྲུག་པ་ལྕགས་ལུག་ལ་ཐོའུ་ཇུའི་སར་བྱོན་ནས་གཙུག་ལག་ཁང་དང་མཆོག་གསུམ་གྱི་རྟེན་མང་པོ་བཞེངས་སོ།། ནང་གོང་འོག་གཉིས་ཡོད་ལ། ཟླ་མེད་ཤེས་རབ་བཟང་པོའི་སྐྱེ་བརྒྱུད་བློ་བཟང་དཔལ་ལྡན་སྙན་གྲགས་སྐུ་ཕྲེང་གིས་རེ་ཞིག་བར་ཁྲི་མཛད་ཀྱང་བར་སྐབས་ཤིག་ནས་དཔོན་སློབ་ཟུར་བསྐོས་ཀྱིས་ནང་སོ་ན་རིམ་དང་བཅས་པས་ཆོས་སྲིད་ཟུང་འབྲེལ་གྱིས་བསྐྱངས་སོ།། ཞེས་ཀྱང་ཆོས་སྲིད་ཟུང་འབྲེལ་བྱ་བའི་ཐ་སྙད་ཀྱི་ལུང་ཁུངས་ཤིག་ཐོན་ཡོད།

མདོར་ན་དམ་པ་འདི་གཉིས་ཀྱི་ལུང་ལས་བྱུང་བའི་ཆོས་སྲིད་ཟུང་འབྲེལ་བྱ་བའི་ཐ་སྙད་དེ་ནི་དུས་རབས་བཅུ་བདུན་ནས་བཅུ་དགུ་བའི་བར་ཏེ་གཞུང་ས་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱིས་སྲིད་སྐྱོང་བའི་དུས་རིམ་གྱི་ནང་དུ་ཐོན་པ་ཡིན་སྟབས་གཞན་སྡེ་འབའ་ཞིག་གི་ཐ་སྙད་ཙམ་ལ་བརྟེན་ནས་འགྱུར་བའི་སྐབས་བྱུང་མེད་ཅིང་འདི་ལ་བརྟེན་ནས་ཆོས་སྲིད་ཟུང་འབྲེལ་བྱ་བའི་ཐ་སྙད་དེ་ནི་བོད་ཀྱི་ཐ་སྙད་ཁུངས་མ་ཞིག་ཡིན་པ་ཡང་དག་པའི་སྒོ་ནས་སྒྲུབ་ཐུབ་བམ་སྙམ་པ་དང་། ཞོར་དུ་དེ་སྔ་ཕྲན་ནས་བཟོས་པའི་འཁྲུལ་གཞི་དེར་གཡའ་སེལ་དང་བཅས་འཛམ་གླིང་ཤར་ནུབ་ཏུ་བཞུགས་པའི་བོད་རིག་པའི་མཁས་ཅན་རྣམས་ཀྱི་སྤྱན་སྔར་བོད་ཀྱི་རིག་གཞུང་ཉམས་ཞིབ་པ་བན་ཤུལ་དཔལ་མཁར་རྒྱལ་གྱིས་ཕྱི་ལོ༢༠༡༣ལོའི་ཟླ༡ཚེས༡ཉིན་ཡུལ་དབུས་ལྷ་སར་དཔྱད་གཞིའི་ཚུལ་དུ་ཕུལ་བ་དགེའོ།།

 

དཔྱད་རྩོམ།

Post navigation

Previous Post: དམག་ཆེན་དང་པོ་དང་མི་རིགས་རིང་ལུགས་ཀྱི་རྒྱབ་ལྗོངས།
Next Post: བྱམས་བརྩེའི་རིན་ཐང་དང་འབྲེལ་བའི་བྱིས་སྒྲུང་ཚན་པ་གཉིས།

Comments (7) on “༼ཆོས་སྲིད་ཟུང་འབྲེལ༽ཞེས་པའི་ཐ་སྙད་ཀྱི་གཡའ་སེལ་སྐོར།”

  1. ལྷ་སྡེ་གནམ་ལོ་ཡག says:
    2013-12-03 at 1:43 am

    བན་ཤུལ་བས་བུ་རྟགས་བཞག་ནས་རྟག་བརྟན་ཐེར་ཟུག་ཚོགས་པའི་སྒོ་མོ་རིགས་པས་རྡུང་བར་དགའ་བསུ་ཡོད།

  2. ཁང་སྨིན་གྲོལ་རྒྱ་མཚོ། says:
    2013-12-03 at 4:17 am

    སྐྱོན་ལ་སྐྱོན་དུ་ངོས་ཟིན་པ་དམ་པའི་སྐྱེས་བུ་དག་གི་སྲོལ་ཡིན་པས་བསྔགས་བརྗོད་ཡོད་དོ།

  3. སྲིན་པོ་རྫ་རྒན། says:
    2013-12-03 at 4:30 am

    གཡའ་སེལ་གནང་སྟངས་དེ་སྙིང་རྗེ་བོ་ཞིག་ཏུ་མཐོང་སོང་། གཞན་ནི་ཐ་སྙད་འདིའི་སྐོར། ད་ལྟ་ཁུངས་སུ་བསྙད་པ་འདི་གཉིས་ཙམ་མ་ཡིན་པར། དེ་དང་དེའི་སྔ་རོལ་ཏུ་བྱོན་པའི་མཁས་པ་དག་གི་གསུང་རྩོམ་ན་འདི་བས་མང་བ་མཇལ་དུ་ཡོད་པ་ཞིག་ཡིན།

  4. ནམ་མཁའ says:
    2013-12-03 at 4:55 am

    བན་ཤུལ་དཔལ་མཁར་ལགས་ཀྱིས་ཆོས་སྲིད་ཟུང་འབྲེལ་ཞེས་བའི་ཐ་སྙད་ཀྱི་འབྱུར་ཁུངས་ལ་སྔར་སྨྲས་ཀྱི་ནོར་འཁྲུལ་དུ་ངོས་འཛིན་བྱས་ཏེ་གསལ་བཤད་གནང་བ་འདི་བློ་གཟུར་བོར་གནས་མཁས་བའི་རྟགས་རེད་སྙམ་པས་ཁོང་ལ་གུས་བརྩི་ཞུ།

  5. གནམ says:
    2013-12-03 at 5:04 am

    ཆོས།
    སྲིད།
    ཟུང།
    འབྲེལ།
    མིང་འདི་དག་གནའ་དང་གནས་ན་ཡོད་བསྡད་པ་ཞིག་ཡིན་དུས།
    སྔ་མོའི་ཆོས་རྒྱལ་ཡབ་ཡུམ་ཚོས་མཉམ་དུ་སྦྱོར་ཤེས་མི་འདུག་ཟེར་གི་ཡོད་པ་ཨེ་རེད།
    དེ་འདྲའི་ཁག་པ་ལ།

  6. ངས་པོ་རྒྱལ་མཚན། says:
    2013-12-03 at 7:00 am

    རྒྱལ་དབང་སྐུ་ཕྲེང་གཉིས་པའི་མཚན་ལ་དགེ་འདུན་རྒྱ་མཚོ་ཞུ་བ་ལས་ངག་དབང་རྒྱ་མཚོ་ཞུ་གི་ཡོད་མ་རེད།

  7. བསམ་ཤེས། says:
    2013-12-04 at 4:18 pm

    ཁྱེད་རྣམ་པས་ཆོས་སྲིད་གཉིས་ལྡན་གྱི་ཐ་སྙད་སྐོར་ལ་ཞིབ་འཇུག་ཞིབ་ཚགས་པོ་བྱས་མིན་འདུག

    ཆོས་སྲིད་གཉིས་ལྡན་ལས་ཆོས་དེ་ཆོས་ཡོན་སྦྱིན་བདག་གུ་ཥི་བསྟན་འཛིན་ཆོས་རྒྱལ་ལ་སྦྱར་བ་དང་སྲིད་དེ་སྡེ་སྲིད་ལ་སྦྱར་བ་ཡིན་པ་གོང་ས་ལྔ་པ་ཆེན་པོའི་རྣམ་ཐར་ནང་ལ་འདུག

    དཔེར་ན། ཁ་ས་ཆོས་སྲིད་གཉིས་ནས་དྭགས་ཀོང་ཁུལ་ལ་སྡེ་ཟར་འཇགས་དགོས་པའི་སྐོར་གླེང་ཟེར། དེའི་ནང་ལ་ཆོས་དེ་ཆོས་ཡོན་སྦྱིན་བདག་ལ་གོ་བ་དང་སྲིད་དེ་སྡེ་སྲིད་ལ་གོ་བ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme