Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼གཅན་གཟན་གྱི་སྒྲ་དོན་ལ་དཔྱད་པ༽

Posted on 2010-03-282010-03-28 By ཁ་བརྡ་ 20 Comments on ༼གཅན་གཟན་གྱི་སྒྲ་དོན་ལ་དཔྱད་པ༽

སྒོམ་སྡེ་ལྷ་རམས་པ།

གཅན་གཟན། མཆེ་བ་དང་སྡེར་མོ་ཡོད་པའི་དུད་འགྲོའི་རིགས། སྒྲ་བཤད་ནི། གཅན་ནི་གཅན་པ་སྟེ་མིག་ཧུར་རེར་བལྟས་ཏེ་སྲུང་བའི་དོན་ཡིན་ལ། གཟན་ནི་གཟན་པ་སྟེ་དུད་འགྲོའི་ཟས་སོ། །མདོར་ན་རང་གི་གསད་བྱ་(དབྱིན་སྐད་དུ་preyཟེར)རྣམས་གསོད་པའི་ཚེ་འཇབ་ཅིང་གསོད་ལ། བསད་པའི་ཤ་དེ་ཉིད་ཟས་སུ་བྱེད་པས་ན་གཟན་ནོ། །གཅན་པ་དང་ལག་གཅན་ཞེས་པ་རྣམས་དོན་འདྲ་བར་སེམས་ཏེ། འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་ལས། དགྲ་བོས་འོང་བར་དོགས་པ་ཉམ་ང་བའི་གནས་ལ་སྐྱེས་བུ་ངེས་པར་སྦྱར་བ་(འདིའི་སྦྱར་བ་ཞེས་པ་ནི་བཞག་པའི་དོན་ཡིན་པར་སྙམ)ནི་གཅན་པའོ། །ཞེས་གསུངས། ཡང་། ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། ཕ་རོལ་གྱི་དཔུང་གི་ཚོགས་འོང་བ་རིག་པར་བྱ་བའི་ཕྱིར་དང། ལམ་ཉམ་ང་བ་ཡོངས་སུ་བསྲུང་བའི་ཕྱིར་བཞག་པའི་སྐྱེས་བུ་ནི་ལག་གཅན་ནོ། །ཞེས་གསུངས་པ་ལྟར་རོ། །རང་གི་གསད་བྱ་ལ་མིག་(སྤྱན)ཅེར་རེ་ལྟ་བའི་ཆ་ནས་གཅན་ཞེས་བརྗོད་པས། གཅན་ནི་སྤྱན་གྱི་འབྲི་ཚུལ་གཞན་ཡིན་ནམ་སྙམ་ཡང་དཔྱད་དོ། །རི་དྭགས་དང་གཅན་གཟན་གྱི་ཁྱད་པར་ནི། མཆེ་སྡེར་ཅན་ལ་གཅན་གཟན་དང༌། རྨིག་པ་ཅན་ལ་རི་དྭགས་ཟེར་བ་དང༌། ཡང་ཆུ་ལྕེས་འདག་པ་ལ་གཅན་གཟན་དང༌། མཆུས་འཐུང་བ་ལ་རི་དྭགས་ཀྱི་ཐ་སྙད་བྱེད་ཅེས་མཁས་པ་འགའ་གསུང་ངོ༌། །

རྩོམ་རིག

Post navigation

Previous Post: ༼རྗེས་ཐམས་ཅད་ཀྱི་ནང་ནས་བ་ལང་གི་རྗེས་མཆོག་གོ༽
Next Post: རང་བཙན་མཐུན་ཚོགས་ཀྱི་དྲ་རྒྱ།

Comments (20) on “༼གཅན་གཟན་གྱི་སྒྲ་དོན་ལ་དཔྱད་པ༽”

  1. གཞོན་ནུ་ཟླ་མེད says:
    2010-03-28 at 6:37 pm

    འ་ཁ་ཁ། དབུ་མ་བཞི་བརྒྱ་བའི་འགྲེལ་བར་གང་ན་བཀྲ་ཤིས་པ་ཡོད་པ་དེར་སྣ་ནག་མ་ཡང་ལྷན་ཅིག་ཏུ་སླེབས་ཡོད་དོ་གསུངས་པ་འདི་དོན་ལ་གནས་ཀ

  2. ཁྲ་གླག་སྤྱང་གསུམ། says:
    2010-03-28 at 7:33 pm

    གཅན་ཟེར་ན་དགྲ་ཞེས་པའི་བརྡ་རྙིང་རེད། རྒྱུ་མཚན་ག་ལེར་བཤད་ཆོག

  3. ཀརྨ་རྡོ་རྗེ་ says:
    2010-03-29 at 3:02 pm

    Zoo ལ་སྤྱན་གཟིགས་ཁང་དང་། གཅན་གཟིག་ཁང་། འབྲི་སྲོལ་གཉིས་ལས་ཕྱི་མ་འདི་ཚིག་བཟང་སྙམ།

  4. སྒོམ་སྡེ་ལྷ་རམས་པ། says:
    2010-03-29 at 6:03 pm

    དྲ་གྲོགས་ཁྲག་གླག་སྤྱང་གསུམ་ལགས།
    བཀྲ་ཤིས་བདེ་ལེགས།
    ཁྱེད་ཀྱིས་༼གཅན་ཟེར་ན་དགྲ་ཞེས་པའི་བརྡ་རྙིང་རེད། རྒྱུ་མཚན་ག་ལེར་བཤད་ཆོག༽ཅེས་གསུངས་འདུག་ན།
    ངེད་ཅག་བསྒྲུགས་ནས་བསྡད་ཡོད་ལགས།
    གསུང་རོགས།

  5. སྒོམ་སྡེ་ལྷ་རམས་པ། says:
    2010-03-29 at 6:11 pm

    ཀརྨ་རྡོ་རྗེ་ལགས།
    ཁྱེད་ཀྱིས་༼Zoo ལ་སྤྱན་གཟིགས་ཁང་དང་། གཅན་གཟིག་ཁང་། འབྲི་སྲོལ་གཉིས་ལས་ཕྱི་མ་འདི་ཚིག་བཟང་སྙམ༽ཞེས་གསུངས་འདུག་མོད། དེ་ལ་སྤྱན་གཟིགས་ཁང་མ་གཏོགས། གཅན་གཟིག་ཁང་ངམ། གཅན་གཟན་ཁང་ཞེས་བྲིས་པ་ཨེ་ཡོད་ན། གཟིགས་མོའམ་ལྟད་མོའི་ཆེད་དུ་བཞག་པས་ན་སྤྱན་གཟིགས་ཁང་ཞེས་བརྗོད་ན་དག་པར་སེམས་སོ། །

  6. མགོ་རུལ། says:
    2010-03-29 at 6:18 pm

    དེ་ལས་སྲོག་ཆགས་ཀྱི་བཙོན་ཁང་ཞེས་བོས་ན་དོན་དངོས་དང་མཐུན་གི སྲོག་ཆགས་ཇི་སྙེད་ཅིག་གི་འགྲོ་འོང་འཕུར་ལྡིང་གི་རང་དབང་ཡོངས་སུ་འཕྲོགས་ཏེ་ལྕགས་དྲྭར་བཙུད་དེ་མི་ལ་ལྟད་མོ་ལྟ་རུ་འཇུག་པ་འདི་ནི་སྲོག་ཆགས་ཀྱི་ཁེ་དབང་སྲུང་སྐྱོབ་པ་ཚོའི་རྒོལ་རྡུང་གཏོང་ཡུལ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད། མི་བཙོན་ཁང་དུ་ཡོད་པ་ལ་ལྟད་མོ་ལྟ་བུ་ཅི་འདུག དེ་ལ་མེད་ན་སྲོག་ཆགས་ལ་ཡང་དེ་བཞིན་ནོ། སྤྱན་གཟིགས་རེ་རེའི་ཉེ་འཁྲིས་སུ་མི་བཙོན་ཁང་དུ་བཅུག་སྟེ་ལྟད་མོ་ལྟ་རུ་བཅུག་ན་གཞི་ནས་གདོན་འདྲེའི་སེམས་པ་ཅན་གྱི་མི་རྣམས་རྨོངས་གཉིད་ལས་སད་པར་ཕན་སྙམ་གྱི་འདུག མ་རེད་དམ།

  7. མགོ་རུལ། says:
    2010-03-29 at 6:20 pm

    སྲོག་ཁང་གླིང་ཁ་ཟེར་བའི་མིང་སྙན་པོའི་འོག་ནས་སྲོག་ཆགས་འདི་རིགས་བཙོན་ཁང་དུ་འཇུག་མཁན་དག་ནི་མི་ལུས་ཀླ་ཀློའི་སེམས་དང་ལྡན་པ་དག་ལོས་ཡིན། ཡིན་ན་ཡང་སྟོང་ལ་ཉེ་བའི་སྲོག་ཆགས་ཀྱི་རིགས་སྲུང་སྐྱོབ་ཀྱི་ཆེད་དུ་དེ་དག་གི་ཚེ་སྲོག་ལ་ཉེན་ཁ་མེད་པའི་ས་གནས་སུ་གསོ་སྐྱོང་བྱེད་པ་དག་ནི་དམིགས་བསལ་ཡིན་ནོ།།

  8. མགོ་རུལ། says:
    2010-03-29 at 6:21 pm

    སྲོག་ཆགས་གླིང་ག

  9. གཞོན་ནུ་ཟླ་མེད says:
    2010-03-29 at 7:14 pm

    གཅན་ཞེས་པའི་དོན་ལ་དཔྱད་རྒྱུ་ན་དང་པོ་ཡིག་རྙིང་རྣམས་སུ་གཅན་ཟེར་བ་དེ་གང་དག་ལ་བེད་སྤྱོད་བཏང་འདུག་པ་ཚུར་རུག་རུག་བཟོས། དེ་ནས་དཔྱད་པ་བཏང་ན་ཕྱིས་ཡོད་ནི་མ་རེད། ངེད་ཀྱི་མཐོང་བ་གཅན་ནི་འདི་འདྲ་རེད། ༡ རྩིས་རིག་སྐོར་ན་ཉི་སྒྲིབ་ཟླ་སྒྲིབ་ཀྱི་དུས་མེ་ལ་སྒྲ་གཅན་ཞེས་དང་། ༢ ནང་ཆོས་ནང་དུ་གསེར་འོད་དམ་པའི་མདོ་ན་༼ལ་གཅན་ཡིད་ལ་བྱེད་པ་དང་༽ཞེས་དང་། ༣ སྲས་སྒྲ་གཅན་འཛིན་ཞེས་དང་། ༤ ཡང་གཏུམ་པོ་གཅན་གཟན་ཞེས་སོགས་སོ་ཡོད་ཀི ད་དུང་རྗེ་རིན་པོ་ཆེའི་དྲང་ངེས་ན་སྒྲ་གཅན་གྱི་མགོ་དང་མཆིག་གུའི་ལུས་ཟེར་བ་ཞིག་ཀྱང་འདུག ད་དུང་གཞན་གང་དག་ལ་བེད་སྤྱོད་བཏང་འདུག་བཙལ་བའི་རྗེས་སུ་ད་བཟོད་གཅན་ཟེར་བ་སྤྱན་རེད་དམ། དགྲ་ཡི་དོན་རེད་དམ། ཡང་ན་གཞན་ཞིག་རེད།

  10. མགོ་རུལ། says:
    2010-03-29 at 7:21 pm

    ཟླ་མེད་ཀྱིས་རང་གི་ཕ་ཡུལ་གྱི་མིང་ལ་གཅན་ཚ་ཟེར་བ་དེ་བརྗེད་འདུག་ག ད་ལོ་ལོན་སོང་ནི་མིན་ནམ།

  11. ཀརྨ་རྡོ་རྗེ་ says:
    2010-03-30 at 9:46 am

    སྒོམ་སྡེ་ལགས།
    ལྟ་མཁན་གཙོ་བོར་བྱས་ཙང་ཡག་པོ་བྱུང་མི་འདུག་ལབ་པ་ཡིན། དེ་མིན་ན་ཁྱེད་རང་ལ་འགྲེམས་སྟོན་ཁང་ལྟ་ཀ་འགྲོ་བགྱི་ཡིན་ཟེར་བའི་ཚབ་ལ་སྤྱན་གཟིགས་ཁང་ལྟ་ཀར་འགྲོ་བགྱི་ཡིན་ཟེར་ན་འགྲིག་གམ། ཡུལ་སྐད་གཞན་ལ་དུད་འགྲོའི་ལྡུམ་ར་ཟེར་བ་ཡང་འདུག

  12. ཁྲ་གླག་སྤྱང་གསུམ། says:
    2010-03-30 at 3:08 pm

    འཇིག་རྟེན་འདི་ན་གཅན་བཞི་སྟེ༎ བྱ་ཡི་གཅན་ནི་ཁྲ་དང༌ནི། བྱི་སྦྲུལ་གཅན་ནི་སྲེ་མོ་དང༌༎ ཉ་ཡི་གཅན་ནི་སྲམ་དང་ནི༎ ཀླུ་ཡི་གཅན་ནི་ཁྱུང་ཡིན་ནི༎ ཞེས་འབྱུང་སྔོན་གྱི་ཡི་གེ་རྙིང་པ་རྣམས་སུ་འབྱུང་བས་དེ་ལྟར་བཤད་པ་ཡིན།

    དེང་སང་ཁྲ་གླག་སྤྱང་གསུམ་ཟེར་བ་རྫུན་མ་ཟེར་ན་རེད། གང་ལྟར་གཞན་ཞིག་སླེབས་འདུག་པས་ང་རང་སྐབས་ཤིག་ཕྱིར་འཐེན་བྱེད་བསམ་བསྡད་ཡོད། འོན་ཀྱང་དགེ་བཤེས་བཤེས་ལགས་སྒུག་ཡུན་རིང་བར་བསམས་ནས་ཟུར་ཙམ་བཤད་པ་ཡིན།

  13. ཀརྨ་རྡོ་རྗེ་ says:
    2010-03-30 at 5:14 pm

    གཅན་གཟན་ནི། རང་རིགས་མི་ཟ་ལ་ཤ་ཟ་མཆེ་སྡེར་ལྕེས་ཆུ་འདགས་མཁན་གྱི་རིགས་དང་། རི་དྭགས་ནི། རྩྭ་ཟ་ཆུ་འཐུང་རྨིག་པ་བར་སྟོང་ཡོད་མཁན་ཞིག་ལ་གོ་དགོས་སྙམ། སྔ་མའི་ཤ་ཟ་མི་རུང་ལ་ཕྱི་མའི་ཤ་ཟ་རུང་བ་འདྲ།

  14. ཟླ་བ་གཞོན་ནུ་ says:
    2010-03-31 at 3:19 am

    སྒོམ་སྡེ་ལགས། དག་ཡིག་ངག་སྒྲོན་དུ་ལ་གཅན་པ་ཟེར་བ་ཞིག་ཡོད་པ་དེ་འདིར་ལག་གཅན་ཞེས་པ་དེ་དང་གཅིག་རེད་དམ།
    ད་དུང་མཆེ་སྡེར་ཅན་ལ་གཅན་གཟན་དང་། རྨིག་པ་ཅན་ལ་རི་དྭགས་ཟེར་བ་དང་། ཆུ་ལྕེས་ལྡག་མཁན་ལ་གཅན་གཟན་དང་། ཆུ་མཆུས་འཐུང་བའི་རིགས་ལ་རི་དྭགས་ཟེར་བ་དེ་སྲིད་དོན་རྒྱལ་རབས་ནང་གསལ་བོར་འཁོད་ཡོད་པ་དྲན་ལ། དེ་གཉིས་ལས་རྗེས་མ་འདི་ཅུང་དཔྱད་བཟོད་པ་ཞིག་ཏུ་འདོད་དོ༎
    ད་དུང་སྤྱན་གཟིགས་ཁང་ཟེར་བ་ཞིག་ཡོད་ན་ནི་ཡུལ་སྐད་དམ་ལུང་སྐད་ཅིག་ཡིན་པར་འདོད། གཟིགས་མོའི་ཆེད་དུ་བཞག་ན་ནི། དེ་ལས་ཀྱང་

  15. ཟླ་བ་གཞོན་ནུ་ says:
    2010-03-31 at 3:22 am

    ད་དུང་ཆུ་ལྕེས་འདག་པ་ཞེས་འདག་པ་འབྲི་གནང་དོན་ཅི་ཡིན་ནམ།

  16. ཁྲ་གླག་སྤྱང་གསུམ། says:
    2010-03-31 at 7:27 am

    ལ་གཅན་པ་ཟེར་ན་ས་མཚམས་སུ་བསྡད་ནས་ཁྲལ་བསྡུ་མཁན་དང༌། གཞན་ཡང་ཟམ་པའི་འཁྲིས་སུ་བསྡད་ནས་ཟམ་ཁྲལ་ལེན་མཁན་སོགས་ལ་ཟེར།

    སྤྱན་གཟིགས་ཁང་ནི་སྲུང་མ་རྣམས་ཀྱི་ཐུགས་དམ་སྐོང་བའི་རྟེན་དུ་གོ་མཚོན་དང་། སེམས་ཅན་པགས་རིགས་སོགས་འཇོག་སའི་ཁང་པ་ལ་ཟེར།

  17. ཀརྨ་རྡོ་རྗེ་ says:
    2010-03-31 at 4:21 pm

    ཁྱི་དང་ཞི་མི་ལྟར་ཆུ་ལྕེས་འདགས་ནས་འཐུང་བགྱིད་ཡིན་ཙང་དེའི་ཁྱད་ཆོས་ཅིག་སྟོན་པ་རེད། རྨིག་པ་བར་སྟོང་དེས་རྐྱང་དེ་རི་དྭགས་མིན་པ་སྟོན་པ་རེད།

  18. སྒོམ་སྡེ་ལྷ་རམས་པ། says:
    2010-03-31 at 5:01 pm

    གོང་དུ་ངེད་ཀྱི་རྩོམ་ཡིག་ནང་༼གཅན་ནི་སྤྱན་གྱི་འབྲི་ཚུལ་གཞན་ཡིན་ནམ་སྙམ་ཡང་དཔྱད་དོ༽ཞེས་དོགས་སློང་གི་ཚུལ་དུ་བཤད་ཡོད་མོད། དེ་རིང་གཅན་ནི་སྤྱན་གྱི་འབྲི་ཚུལ་གཞན་ཡིན་པའི་སྒྲུབ་བྱེད་ཡང་དག་རྙེད་སོང་།
    དེ་ཡང་། དག་ཡིག་ལི་ཤིའི་གུར་ཁང་ལས། སྤྱན་པ་ནི་བྱ་ར་བ། ཞེས་ཤིན་ཏུ་གསལ་བར་གསུངས་པས་ཤེས་སོ། །

  19. སྒོམ་སྡེ་ལྷ་རམས་པ། says:
    2010-03-31 at 5:15 pm

    ཟླ་བ་གཞོན་ནུ་ལགས།
    ༡༽
    ཁྱེད་རྣམ་པ་ནི་ཡི་གེ་འབྲུ་རེར་ཡང་ཞིབ་ཚགས་ཆེན་པོ་གནང་མཁན་ཞིག་ཡིན་པར་སོང་རྟག་ཏུ་རྗེས་སུ་ཡི་རང་ཞུ་བཞིན་ཡོད། གོང་དུ་ངའི་རྩོམ་ཡིག་ནང་༼ལག་གཅན༽ཞེས་འཁོད་པ་དེ་ཡིག་ནོར་རེད། ཁྱེད་ནས་གསུངས་པ་ལྟར་༼ལ་གཅན༽རེད།
    ༢༽
    ཁྱེད་ཀྱི་དྲི་བ། ༼ད་དུང་ཆུ་ལྕེས་འདག་པ་ཞེས་འདག་པ་འབྲི་གནང་དོན་ཅི་ཡིན་ནམ༽
    ལན། ལྡག་དང་འདག་གཉིས་ནི་འདམ་ཀ་རེད། རྒྱུ་མཚན་ནི། སི་ཏུ་འགྲེལ་ཆེན་ལས། སྐྱོ་མ་འདག་པ་པོ། ཞེས་གསུངས་པས་སོ། །ཁྱེད་ཀྱི་འཁྲུལ་གཞི་ནི། བོད་རྒྱ་ཚིག་མཛོད་ཆེན་མོར། འདག་པའི་དོན། གཙང་བར་བྱེད་པར་ཁོ་ནར་སྦྱར་བའི་ནོངས་སོ། །

  20. སྒོམ་སྡེ་ལྷ་རམས་པ། says:
    2010-03-31 at 5:17 pm

    ནོར་བཅོས།
    སྦྱར་བས་ནོངས་སོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme