Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༸གོང་ས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།(ཆེད་སྒྲིག)

Posted on 2017-07-052017-07-07 By ཁ་བརྡ 7 Comments on ༸གོང་ས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།(ཆེད་སྒྲིག)
ཁ་བརྡ་དྲ་བས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཞུ།
ཁ་བརྡ་དྲ་བས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཞུ།

པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་༸སྤྱི་ནོར༸གོང་ས༸རྒྱལ་བ་རིན་པོ་མཆོག་དགུང་གྲངས་གྱ་གཉིས་ལ་ཕེབས་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

  • པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་འོས་སྦྱོར་བྱས།

འཁྲུངས་སྐར་སྲུང་བརྩིའི་སྙན་ངག་འབྲི་མཁན།

འདྲེ་མྱེ།  རིལ་དཀར།  ཁ་སྒང་ཤེས་རབ་རྒྱ་མཚོ།  སྙན་བཟང་།  གསོན་སྨྱུག  ཨ་རིག་དགེ་མཐོང་།  མེ་འོད།  རས་པ།  ལྷ་ཆབ་སྦྱིན་པ།  
ལི་ཐང་དབྱིག་གཉེན།  ཁ་གྱའི་ཁྱུང་སྔོན།  བསྟན་པ་རྒྱ་མཚོ།  ཁ་བའི་འབྲོག་མོ།  རྔ་བ་མེ་རོ།  དུར་བདག  དབྱངས་ཀྱི་རྫི་བོ།  
སྨན་ལྗོངས་ལྗོན་པ།  ཅང་མེད་བུ་ལོ།  སྨྱུག་གསར།  འགྲེང་བུ།  བྱང་སྐར་ཆེན།  དུག་འཇོམས།  འབའ་སྲས།  རྔ་བཟའ་བདེ་པོ་འཚོ།  
ཉི་མ་ཚེ་རིང་།  སྙིང་མིག  སྐལ་གསུམ་སྲིང་མོ།

ཐུགས་རྗེའི་གཏེར།

  • འདྲེ་མྱེ།

རིན་ཆེན་རིགས་པའི་ཟླ་སྣང་འཁྱིལ་མའི་ཁམས། །
ཡང་དག་ལམ་གྱི་སྟོབས་རྩལ་རྫོགས་པ་ཅན། །
ངེས་ལེགས་འབུམ་སྡེའི་རོལ་མོ་འཁྲོལ་བ་ཡིས། །
རྫོགས་ལྡན་བསྐལ་བ་སྟོང་གི་སྙིང་པོར་བབས། །

ཐུགས་བསྐྱེད་གསེར་ཞུན་དྭངས་གཙང་གཡང་གི་ཁྱིམ། །
ལུས་ཅན་རྒྱ་མཚོའི་དབྱངས་སྙན་བསྡུས་པའི་དཔྱིད། །
ངོ་མཚར་བསོད་ནམས་སྟོང་གི་འཇུག་ངོགས་ལ། །
བགྲང་ཡས་ཐུགས་རྗེའི་དཔལ་དུ་ཅི་དགར་བཞད། །

མཛེས་སྡུག་སྲི་ཞུའི་ལེགས་ཚོགས་འཛུམ་པའི་གར། །
སྐྱེས་སྦྱངས་རིག་པའི་གདེངས་ཀ་མཐོན་པོར་བཀྲ། །
ཆེ་རྒུའི་དཔུང་བ་འཇོམས་པའི་གཉེན་པོ་དེར། །
མཁྱེན་དཔྱོད་འོད་རིས་སྦྲེལ་མ་གཡུག་གིས་སྤྲོས། །

རྒུད་མུན་ཐབས་ཀྱི་ཟད་མཐའ་བདུད་ཀྱི་དཔུང་། །
ངོ་མཚར་རིག་པའི་གོ་ཆས་འཁོར་ལོ་ཡི། །
རྟེན་འབྲེལ་ལྟོས་གྲུབ་གསལ་བའི་རླུང་ཁམས་དེར། །
རྨད་བྱུང་ཤེས་རབ་རྩལ་གྱིས་དབྱིངས་རིམ་གྲོལ། །

གནའ་དེང་རིག་པའི་དཀྱེལ་ཡངས་ཕྱེས་པ་ཡིས། །
ཐེག་གསུམ་རིན་ཆེན་གཏེར་བརྒྱ་རྨང་ནས་དབྱུང་། །
གང་ལ་དེ་བསྟུན་ཞི་བའི་འཛུམ་དཀར་གྱིས། །
དམིགས་མེད་བརྩེ་ཆེན་སྣང་བ་སྲིད་མཐར་སྤེལ། །

དཔག་མེད་རིན་ཆེན་ནོར་བུའི་ཕྲེང་བ་འབུམ། །
རྗེས་བརྩེའི་དབྱིངས་ཀྱི་གནས་ལ་ལྷོད་མེད་ཀྱིས། །
བཏེགས་པའི་ལམ་བཟང་རྒྱལ་ཐབས་བཙན་པོའི་མཁར། །
ངོ་མཚར་བརྩེ་ཆེན་ཉི་ཟླའི་མཆེད་པོར་འཕགས། །

སྔོན་སྨོན་ལེགས་བྱས་ཟླ་བའི་ཕྱག་མཚན་འབུམ། །
རྨོངས་མུན་དྲུངས་ནས་འབྱིན་པའི་མཚོན་རིས་ཀྱིས། །
མི་ནུབ་བསྐལ་པའི་ཡང་བསྐལ་བརྗིད་པོ་ལ། །
ལས་བཞིའི་གཡར་དམ་བསྟན་འགྲོའི་དཔལ་དུ་བརྟན། །

 

འོད་འཕྱུར་བའི་རི།

  • རིལ་དཀར།

ཉི་མ་གོས་སུ་མནབས་པའི་རི་བོ་ཞིག།
མུན་པ་འོད་ཀྱིས་གཤགས་པའི་ཀློང་ན་འགྱིངས།།
དད་པས་བརྐོས་པའི་དམ་ཚིག་རི་མོའི་མདངས།།
དྭངས་མའི་ཚལ་ན་འཕྱོ་བ་ཡི་གར་འོང་།།

སྙིང་རྗེ་རྒྱ་མཚོའི་རླབས་ཕྲེང་དཀར་པོའི་ཁམས།།
ཚེ་རབས་གཏན་གྱི་སྐྱབས་སུ་ལེགས་འཁྱིལ་བ།།
ལྷ་མིའི་མཆོད་སྡོང་བླ་མ་སྤྱན་རས་གཟིགས།།
སྙིང་གི་གནམ་ས་སྙིམ་པའི་པདྨོས་འདེགས།།

སྣོད་བཅུད་ཀུན་དགེ་སྣང་བ་དམ་པའི་བྱིན།།
འཛིན་མའི་སྙིང་ལ་བརྐོས་པའི་ལམ་པོ་ཆེར།།
ཞི་བདེའི་བགྲོད་པ་བཞུར་བའི་ཞབས་རྡུལ་གྱིས།།
མི་དབང་སྟོང་གི་ཁེངས་པ་གདན་དུ་བྱས།།

སྟག་འདྲ་གཟིག་འདྲའི་དཔོན་རིགས་ཚེར་མའི་ནགས།།
ཡར་ཐོན་ལམ་ན་གཟེངས་པའི་གསེང་གཤགས་ནས།།
སྔར་མེད་དམངས་གཙོ་དམ་པའི་ལམ་དཀར་པོ།།
གངས་རིའི་སྙིང་ལ་གཏགས་པ་བཀའ་དྲིན་ལྕི།།

ཐུགས་སྤོབས་མཁྱེན་རབ་ཉི་མ་བརྒྱ་བའི་ཟེར།།
ཆོས་དང་ཆོས་མིན་འདྲེས་པའི་མཚམས་སུ་སྤྲོས།།
དག་ཐེར་གསེར་གྱི་རི་མོ་གཡས་འཁྱིལ་བ།།
བསྟན་པའི་ཟུངས་སུ་བསྐྱིལ་བའི་མཛད་པ་རྨད།།

 

མི་ཕྱེད་དབྱངས་ཀྱི་མཆོད་པ།

  • ཁ་སྒང་ཤེས་རབ་རྒྱ་མཚོ།

ཐུབ་བསྟན་སྦྲང་རྩིའི་བཅུད་ཆགས་བློ་བཟང་དོན་གྱི་རླུང་བུའི་འཁྲིལ་བག་ཆེས་ཆེར་རྩེན་པ་ནགས་མོའི་ཚལ།།
གང་སྐུ་ཤེལ་དཀར་ལྕུག་ཕྲན་གཞོན་ནུ་རྒྱས་པའི་མ་མར་བསམ་བཞིན་སྤྲུལ་བའི་ཕུན་ཚོགས་ཆོ་ག་ལྷུར་བླངས་པས།།
ལྟག་མཚེར་སྲིད་པའི་བ་དན་དཀར་པོ་ཙོང་ཁའི་ས་འཛིན་ངོས་དག་བརྒལ་ཏེ་དྲེགས་ལྡན་ཆེན་པོའི་ཆེན་པོ་རྣམས།།
མངོན་བསྟོད་དྲི་ཟའི་རྒྱུད་མངས་རྡུང་ལ་ངལ་བའི་སྣང་བ་རྒྱང་དུ་བོར་ཞེས་བོད་ཀྱི་རི་ངོགས་སྒྲུང་གིས་ཟོས།།

མ་སྨད་བསོད་ནམས་བེེཌཱུར་ཞུན་མས་ཡོངས་འཁྱུད་བློ་གྲོས་སྨན་གྱི་ལྗོན་པས་སྣ་ཚོགས་ཤེས་བྱའི་ཡལ་འདབ་ཀྱི།།
ལེགས་བཤད་གཏམ་གྱི་འབྲས་བཟང་སྙེ་མ་ཕྱོགས་སུ་གཡོ་བའི་རྩེ་དགའ་མ་ལྷོད་མཁས་རྣམས་དགའ་བའི་དབུ་སྐྱེས་དག།
བསིལ་བའི་ཉམས་བཅས་སྙིམ་པའི་ཚལ་དུ་བླངས་དང་ལེན་ལ་བྲེལ་བའི་ཚུལ་ནི་སྟོན་སྤྲིན་རྒྱུ་བ་དམན་བྱེད་པས།།
ཚངས་ཆེན་ལ་སོགས་རོགས་ཀྱི་འདུན་མའི་སྲོག་དབུགས་མཐུད་ལ་ཁྱེད་ཉིད་དགེ་ཞེས་ཉི་ཟླའི་ལམ་ཡང་དོག་པོར་བྱས།།

 

སྐུའི་གྱ་སྟོན་ལ་ཕུལ་བའི་སྙན་ངག

  • སྙན་བཟང་།

སྟོང་གསུམ་འཇིག་རྟེན་ཁམས་ཀྱི་རྒྱལ་བ་རྒྱ་མཚོའི་ཐུགས་བསྐྱེད་ལེགས་པར་བསྲུབས་པའི་རོལ་བ་འབུམ་ལས་སྤྱན་རས་གཟིགས་དབང་ཕྱག་སྟོང་སྤྱན་སྟོང་མདོ་སྨད་ཙོང་ཁའི་ཞིང་དུ་འཁྲུངས་པས་གངས་རིའི་ལྗོངས་སུ་དགེ་ལེགས་ཟེགས་མ་ཕྱོགས་སུ་འཐོར་བའི་སྣང་བ་དཀར་པོ་གདོང་དམར་སྐྱོང་བའི་གཉེན་དུ་བབས། ། སྐུ་ཡི་ན་ཚོད་ཆུང་ངུའི་དུས་ནས་རླབས་ཆེན་བསྟན་སྲིད་ཉི་ཟླའི་རྣ་ཆ་བདག་གིར་མཛད་པས་བསིལ་ལྡན་ལྗོངས་ཀྱི་ལུས་ཅན་རྒྱ་མཚོའི་གདུང་བའི་མྱ་ངན་ཡོངས་སུ་བཀྲུས་པའི་རྨད་བྱུང་མཛད་བཟང་ལྷ་དང་ལྷ་མོ་དྲང་སྲོང་ཚོགས་ཀྱིས་མྱ་ངན་མེད་པར་གངས་རིའི་ཀློང་ལ་ཤུགས་ཀྱིས་བརྡུངས། ། དམར་ནག་སྲིན་པོས་ཆོལ་གསུམ་ཞིང་དུ་ཁྲག་གི་རྒྱ་མཚོ་བསྐྱིལ་བའི་ཚེ་ན་གངས་ཀྱི་རི་བོ་བཙན་གྱིས་བཞག་ནས་ཞབས་ཟུང་འཁོར་ལོ་བས་མཐར་བསྒྱུར་ཏེ་གངས་རི་རྭ་བའི་ཁུར་ཆེན་ཕ་བོང་ཕྲག་ཏུ་བཞེས་པའི་མཛད་རྗེས་ལེགས་ཚོགས་གོ་ལའི་ཁམས་འདིའི་ཆེ་དགུ་ཡོངས་ཀྱི་གཙུག་ན་འབར། ། འགྲོ་དྲུག་ཀུན་མཁྱེན་ས་ལམ་མ་བཀོད་དེ་སྲིད་སྲིད་པ་མི་གཏོང་ཕྱིར་དུ་ཤིན་ཏུ་འཇིགས་རུང་སྲིད་པའི་ཁམས་འདིར་རྒྱལ་སྲས་ཆེན་པོའི་ངང་ཚུལ་འཆང་བཞིན་བརྩེ་བ་ཆེན་པོས་རྟེན་འབྱུང་སྟོང་ཉིད་འཚེ་མེད་ཞི་བའི་བྱམས་བརྩེའི་སྙིང་པོ་ལེགས་པར་སྩོལ་བཞིན་ད་ནི་དགུང་གྲངས་བརྒྱད་ཅུར་ཕེབས། ། ད་དུང་ཆེས་སྙིགས་དུས་འདིར་དགོངས་བཞིན་འགྲོ་བའི་ཁམས་དང་གངས་ཅན་པ་རྣམས་བསྐལ་པའི་བར་དུ་རྗེས་སུ་འཛིན་པའི་སྨོན་ལམ་དང་བཅས་མགོན་པོ་གང་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པའི་ཤིས་ཚིག་སྙན་ངག་དགའ་བ་ཆེན་པོས་ནུབ་ནས་བྲིས་ཏེ་བྱང་ཕྱོགས་ཡུལ་ལ་ཆེད་དུ་བསྲིངས། །

 

དུས་རབས་ཀྱི་སྐར་མ་འོད་ཆེན།

  • གསོན་སྨྱུག

ཁ་བ་ཅན་ལ་ཁྱེད་ལས་ལྷག་མེད་ཁྱེད་ནི་སངྒེ་མཐུར་མེད་ཡིན།།
ས་སྒང་འདི་ན་ཁྱེད་ལས་ཕྱུག་མེད་ཁྱོད་ནི་བྱམས་བརྩེའི་བདག་པོ་ཡིན།།
བདག་ལ་ཡང་ནི་ཁྱེད་ལས་སྐྱབས་མེད་ཁྱེད་ནི་སེམས་ཀྱི་དཔལ་འབར་ཏེ།།
བདག་བློའི་རྨོངས་པ་ཐལ་བར་སྲེག་པའི་རིག་པའི་སྒྲོན་མེ་ཁྱེད་ལ་བསྟོད།།

མུན་ནག་གདོན་གྱིས་མཆེ་བ་གཙིགས་ཏེ་བོད་ཡུལ་བཙན་གྱིས་བཟུང་བའི་དུས།།
སྐྱབས་དཔུང་མེད་པར་ཁེར་རྐྱང་ངང་དུ་ས་མཐའི་གནས་སུ་ཁྱེད་འགྲིམ་སྟེ།།
དཀའ་སྡུག་རི་བོ་གདོང་གིས་བསུས་ཏེ་འཚོ་བའི་གནས་མལ་བསྐྲུན་བྱས་ནས།།
འཆི་ལ་ཉེ་བའི་མི་རིགས་ཤིག་གི་བདེ་སྡུག་གཏམ་རྒྱུད་གླིང་བཞིར་སྨྲས།།

ས་མཐའི་འཚོ་བར་དཀའ་སྡུག་ཆེ་རུང་སྡུག་སྨྲའི་ངུ་ངག་འདོན་མ་མྱོང༌།།
རྒྱུ་དང་འབྱོར་བས་ལག་ཟུང་སྟོང་ཡང་བདེན་པའི་རང་ཚུགས་ཤོར་མ་མྱོང༌།།
དྲང་བདེན་འཚོལ་བའི་ལམ་བུར་ཞུགས་ནས་འཛམ་གླིང་ཧྲིལ་གྱིས་བསྐོར་བྱས་ཏེ།།
ཉམ་ཐག་མི་རིགས་སྡུག་ལས་བསྐྱབ་ཕྱིར་སྐུ་ངལ་དཀའ་ཚེགས་ཆད་མྱོང་མེད།།

རང་དོན་ཟེར་བའི་ཞེན་པ་མེད་ལ་སྤུན་དང་འཁོར་ཞེས་དམིགས་སུ་མེད།།
ས་ཡ་དྲུག་གི་བདེན་པའི་ཆེད་དུ་གཉེན་ཉེ་ཁྱིམ་རྒྱུད་བློ་ཡིས་བོར།།
སྐུ་ཚེ་ཧྲིལ་བོ་འགྲོ་བའི་དོན་དུ་དཀའ་བ་ཆེན་པོའི་བརྩོན་པ་ཅན།།
གཡོ་འཁྱོག་མི་མངའ་དྲང་བོར་འགྲེང་བའི་བླ་མེད་མཛད་པ་ཁྱེད་ལ་རིང༌།།

ཡུལ་ནག་ས་མཐའི་རྔམ་ཁ་མཐུག་པའི་མི་ལོ་ལྔ་བཅུའི་དུས་ཡུན་ལ།།
སུ་ཡིས་མི་འགྲུབ་སུས་ཀྱང་མི་འཇོན་དཀའ་བའི་བགྱི་བ་ཐམས་ཅད་ཀུན།།
དཀའ་བ་བརྒྱ་དང་འབད་པ་སྟོང་གིས་ལྷག་མེད་བསྒྲུབས་པའི་ལོ་རྒྱུས་དེ།།
དུས་ཀྱི་འཁོར་སྐྱོད་ཡུན་གྱིས་སོང་ཡང་ཕྱི་རབས་པ་ཡིས་བརྗེད་མི་སྲིད།།

གཞོན་གཞོན་དགུང་ལོ་བཅོ་ལྔ་ཙམ་ནས་མི་རིགས་བདེ་སྡུག་ཕྲག་ཏུ་ཁུར།།
འཁྲལ་འཁྲུལ་གཡོ་སྒྱུའི་སྦྱོར་བ་སྟོང་ལ་བྱིས་བློ་དྭངས་མོས་ལན་ཞིག་བཏབ།།
ཆུང་ཆུང་བྱིས་པའི་རྩེད་རའི་དུས་ནས་དཀའ་བའི་ལས་ལ་གདོང་གཏད་དེ།།
རབ་རིབ་ཀློང་གི་ལོ་རྒྱུས་ཤིག་ལ་ཁྱེད་ཀྱི་ལས་སྐལ་མདུད་པ་ཐེབས།།

གཞི་བྱེས་གཉིས་ཀྱི་རེ་བའི་མིག་དང་ཁོག་པའི་སྙིང་ནི་ཁྱེད་ཉིད་ཡིན།།
གཞི་བྱེས་བོད་མིའི་སེམས་ཀྱི་དྲོད་ཐིག་ཁྱེད་དང་ཁྱེད་ཀྱི་མཛད་པ་ཡིན།།
ཤི་གསོན་གང་གི་མཐའ་ལ་གཏུགས་ཀྱང་ཁྱེད་ཀྱི་གསེར་ཞལ་མཇལ་གྱུར་ན།།
བོད་མིའི་ཞེ་བློ་དེ་ཡིས་ཚིམ་ཡོང་དཀའ་རྙོག་མདུད་པ་དེ་ཡིས་འགྲོལ།།

ཞི་བདེའི་དར་ཆ་ཕྱོགས་སུ་བསྒྲེངས་ཤིང་འགྲོ་རྣམས་བྱམས་པའི་སེམས་ཀྱིས་བསྐྱངས།།
ཐུགས་རྒྱུད་སྙིང་རྗེའི་མཛོད་ཀྱིས་གཏམས་པས་མ་རུང་གཤིས་ཀྱི་རྩ་བ་བཅད།།
གང་ལ་ཐུག་ཀྱང་འཛུམ་ཞལ་གྲོལ་བའི་མཚོ་སྐྱེས་འདབ་སྟོང་དགོད་པ་ཅན།།
འགྲོ་ཚོགས་མ་ལུས་ཁྱེད་ཀྱི་འཁོར་དུ་བྲེལ་བའི་རྐང་དྲུག་བུང་བ་ཉིད།།

མ་རུང་སྙིགས་དུས་འགྲོ་བ་སུ་ཞིག་མི་ཤེས་རྨོངས་པའི་དབང་གྱུར་ཏེ།།
མི་སྙན་སྨྲ་ངན་སྣ་ཚོགས་སྤྲོས་ཏེ་རྒོལ་བའི་གཡུལ་འཐབ་ལ་ཞུགས་ཀྱང༌།།
ཁྱེད་ཐུགས་བརྟན་པ་ཅུང་ཙམ་མ་གཡོས་བཟོད་པའི་གོ་ཆ་གཏན་བགོས་པས།།
རིས་མེད་འགྲོ་བའི་སྙིང་གི་དབུས་ན་ཁྱེད་ནི་གོ་ལའི་རྒྱན་དུ་བརྗིད།།

དཀའ་བ་བརྒྱ་ཕྲག་ཐོད་དུ་ལེན་ལ་སེམས་ཀྱི་གོ་ཆ་ཡ་མེད་ཅན།།
གནོད་ལན་ཕན་པའི་བསམ་པ་མངའ་བ་འཚེ་མེད་ཞི་བའི་ལྟ་གྲུབ་ཅན།།
མཐོ་དམན་སུ་ལ་ཁ་གསག་མེད་པར་དྲང་གཏམ་བརྗོད་པའི་སྨྲ་ལྕེ་ཅན།།
རྟ་བདུན་དབང་པོའི་འོད་རླབས་ཡིན་ནམ་ཁྱེད་ཀྱི་མཚན་སྙན་ཕྱོགས་ཀུན་ཁྱབ།།

ཕྱི་ཡི་ནོར་ལ་ཞེན་ཆགས་མི་ཤེས་སྐྱེ་བོ་ཉམ་ཐག་གནས་ལས་དྲངས།།
ནང་གི་འབྱོར་བ་ཐུགས་ཀྱིས་མི་དོར་ཞི་ཞིང་དུལ་བའི་ངང་ཚུལ་ལྡན།།
སུ་ཡིས་མཐོང་ཚེ་རང་དབང་མེད་པར་ཡིད་ཀྱི་བརྟན་པ་འགུགས་བྱེད་པའི།།
མགོན་པོ་ཁྱེད་ནི་རྟག་བརྟན་མི་འགྱུར་དུས་རབས་འདི་ཡི་རྡོ་རིང་ཡིན།།

ཡིན་ནོ་ཁྱེད་ཀྱི་ཅི་མཛད་ཡོད་ཚད་གངས་ཅན་བོད་ཀྱི་སྦྱི་དོན་ཡིན།།
སྨག་རུམ་འཇིག་རྟེན་གསལ་བར་བྱེད་ལ་སྐར་ཚོགས་ཁྲོད་ཀྱི་དུང་ཟླ་ཡིན།།
བདེན་རྫུན་བླང་དོར་གནས་ལ་མཁས་ཤིང་བྱམས་དང་སྙིང་རྗེའི་བདག་ཉིད་ཡིན།།
བརྩེ་སེམས་དྲོད་མོའི་སྙིང་གཏམ་ཡོད་ཚད་མ་འོངས་བོད་ཀྱི་ཞི་བདེ་ཡིན།།

དབུལ་ཕྱུག་རྣམ་དབྱེ་ཁྱེད་ལ་མེད་དེ་ཐམས་ཅད་རང་གི་གཉེན་ལྟར་བརྩེ།།
ཐོབ་དང་གོ་སའི་ངོ་སོ་མེད་དེ་ཀུན་ལ་འཛུམ་གྱི་སོ་ཕྲེང་སྟོན།།
འདོད་སྲེད་རླུང་གིས་ལྷབ་ལྷུབ་གཡོ་བའི་དུས་རབས་འདི་ཡི་ཁུག་སོ་ན།།
ཞི་བསིལ་དམ་ཆོས་སྙིང་ལ་སིམ་པའི་གསོན་དཔེ་ཁྱེད་ཉིད་ཁོ་ན་འོ།།

 

སྟོན་པ་བསྟན་འཛིན་རྒྱ་མཚོ།

  • ཨ་རིག་དགེ་མཐོང་།

ཙོང་ཁའི་ཡུལ་དུ་སྐུ་ཡི་མཚན་དཔེ་བཞད།།
ལྷ་ལྡན་ཞིང་དུ་གསེར་གྱི་ཁྲི་ལ་བཞུགས།།
བཀའ་པོད་ལྔ་བོ་ཐུགས་ཀྱི་དཀྱིལ་དུ་ཐིམ།།
སྟོང་དང་བདག་མེད་ལྟ་བའི་གནད་ཀ་གཟིགས།།

མདོ་ཁམས་སྨད་དུ་དགྲ་བོས་བཙན་འཛིན་བྱས།།
ཉི་མ་ལྷ་ས་ཉིན་རེར་ཛ་དྲག་གྱུར།།
སྐུ་དྲག་ཕལ་ཆེེར་འུ་ཐུག་ཐབས་ཟད་དེ།།
བོད་ཀྱི་བསྟན་སྲིད་གང་དུ་གཡུགས་དགོས་སྙམ།།

གངས་ལྗོངས་སྣོད་བཅུད་ཡོངས་ནས་རྒུད་པ་ན།།
སྐུ་ན་ཕྲ་ཡང་ལུགས་གཉིས་ཐུགས་འགན་བཞེས།།
འཕྲལ་རྐྱེན་དུ་མས་ཁ་བའི་ལྗོངས་དང་གྱེས།།
ལྷ་མིའི་སྟོབས་ཀྱིས་འཕགས་པའི་ཡུལ་དུ་བྱོན།།

སྦག་ས་ཆོས་སྒར་ཆོས་སྒོ་གསར་དུ་ཕྱེས།།
སློབ་གྲྭ་སྣ་མང་གཞིས་ཆགས་འདྲ་མིན་བཙུགས།།
ག་ལེར་གངས་ཅན་སྐྱིད་པའི་གཤོངས་པ་རུ།།
མང་གཙོའི་གཞི་མ་བཙན་བྱོལ་གཞུང་འདི་ཆགས།།

འཛམ་གླིང་ཤར་ནུབ་བྱམས་བརྩེའི་ཞབས་ཀྱིས་བཅག།
སྐུ་གཟུགས་མཐོང་བ་དོན་ལྡན་ཁྱད་དུ་འཕགས།།
གསུང་དབྱངས་སྙན་མོས་ལུས་ཅན་ཀུན་པོ་བཀུག །
བརྩེ་བའི་ཐུགས་ཀྱིས་ཐམས་ཅད་རྗེས་སུ་བཟུང་།།

ཆོས་ལུགས་རིས་མེད་མཛད་པའི་རིན་པོ་ཆེ།།
ལྟ་སྤྱོད་རྣམ་དག་མཆིས་པའི་ནང་པ་མཆོག།
ཞི་བདེའི་རྟགས་མ་བཞེས་པའི་དེད་དཔོན་དེ།།
སྟོན་པ་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་བརྟན།།

 

༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་བསུ།

  • མེ་འོད།

ངོས་ཀྱི་ཡུལ་དང་ངོས་ཀྱི་མི་དང་བཙན་བྱོལ་ནང་གི་རང་དབང་ལས།།
སྐྱེས་ཆེན་ཁྱེད་ཀྱི་ཞབས་རྗེས་དཀར་པོའི་འོད་ཀྱི་ཟེར་མ་རེ་རེ་རྙེད།།
གསེར་གྱི་གླེགས་བམ་རྡུལ་རྙེད་འཇིག་རྟེན་སྟོང་ལོ་གསར་བའི་ཀུན་སྤྱོད་དང་།།
རིན་ཆེན་སྟོང་གི་ཞུན་མས་བྲིས་པའི་བདེ་སྐྱིད་བསྟན་བཅོས་དགའ་ཚལ་ལས།།
ཁྱེད་ཀྱི་གསང་གསུམ་མཛད་འཕྲིན་པད་མའི་དྲི་བསུང་སྣུམ་པོ་བཅུད་དུ་ཐོབ།།

མང་གཙོའི་ལམ་བུ་ཀུན་གསལ་ངོས་སུ་རང་དབང་དངུལ་གྱི་ཟླ་བ་རྙེད།།
ཆོས་ཚན་ཟུང་འཇུག་རིན་ཆེན་གླིང་ན་བདེ་སྐྱིད་ནོར་གྱི་གཏེར་ཁ་རྙེད།།
ཐོས་བསམ་སྒོམ་པའི་དཀྱིལ་འཁོར་དབྱིངས་ན་ངེས་དོན་ཆོས་ཀྱི་གནས་ལུགས་རྙེད།།
འཆད་རྩོད་རྩོམ་པའི་གློག་ཞགས་རྩེ་ན་ལོག་སྨྲའི་དཔུང་ཚོགས་ལྐུག་པར་གྱུར།།
བསླབ་གསུམ་ལྷ་ཡི་ལྗོན་པའི་གྲིབ་བསིལ་སྐྱེ་དགུའི་ཡིད་ཀྱི་བདུད་རྩིར་གྱུར།།
མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་རྫོགས་པའི་ཞི་བདེའི་དེད་དཔོན་འཁྲུངས་སྐར་བསུ།།

རྟེན་འབྲེལ་ཟབ་མོའི་གདམས་ངག་དབྱངས་ཀྱིས་འགྲོ་ཀུན་རྨོངས་པའི་གཉིད་ལས་དཀྲོགས།།
བྱམས་བརྩེའི་གངས་ཀྱི་ཆུ་རྒྱུན་དྭངས་མས་སྣོད་བཅུད་སྐོམ་པའི་གདུང་བ་སེལ།།
བཏང་སྙོམས་ཚད་མེད་འོད་སྣང་ཆེན་པོས་ཉེ་རིང་བར་གྱི་མུན་པ་གཏོར།།

འཛུམ་པའི་ཞལ་གྱི་རྣམ་འགྱུར་རེ་རེས་གདུང་པའི་གཉེར་མ་མཐའ་ལ་དེད།།
བཞད་པའི་དཔལ་གྱི་འགྱུར་ཁུགས་རེས་ཀྱང་འགྲོ་རྣམས་སྤྲོ་དགའི་གར་ལ་རྩེན།།
སྟོན་པའི་སྟོན་པ་དམ་པ་ཁྱེད་མིན་ས་ཆེན་འདི་ན་སུ་ཡང་མེད།།
བསྟན་འགྲོའི་མགོན་དུ་ཞབས་པད་བརྟན་ཅིང་ཐུགས་བཞེད་འགེགས་མེད་འགྲུབ་གྱུར་ཅིག །

 

མཇལ་ཚོར།

  • རས་པ།

གངས་ཀྱི་རི་ལ་ཞབས་རྗེས་གནང་ཡོད།།
ཞབས་རྗེས་ཞི་བདེའི་འགྲུལ་བཞུད་དཀར་པོ།།
གངས་དཀར་ཉི་ཟླའི་འོད་ཟེར་གྱིས་བཏེགས།།
ཐུགས་ཀྱི་ཞུན་མ་འགྲོ་བར་གནང་བ།།
ཐུགས་བཞེད་མཚན་ལ་ཀུན་ཁྱབ་སེམས་འཁུར།།
བཀའ་བསྟན་བསྲུབས་པའི་གསེར་གྱི་དབྱུག་པ།།
རྒྱ་མཚོའི་དཀྱིལ་སྙིང་དེ་དང་འདྲ་བ།།

རིགས་ལམ་གསེར་སྐུད་གྲིམ་ལྷོད་རན་པ།།
གསུང་དབྱངས་ཆུ་མོའི་སྙན་ཆ་མཛེས་པ།།
ལེགས་བཤད་བདུད་རྩིའི་དངོས་གྲུབ་འདི་ཀོ།
སྨན་ཤར་བུ་མོའི་འཛུམ་མདངས་བསུ་བ།།
སྟག་ཤར་གཞོན་ནུའི་བློ་སྟོབས་སྲུང་བ།།
བཞད་འཛུམ་འདི་ཀོ་བསིལ་རླུང་ཁམས་གཙང་།།
སྐྱེས་ཡག་གཞོན་གསར་དགའ་སྤྲོ་སྤེལ་བ།།

འགྱུར་མེད་སྐུ་ལུས་གངས་དཀར་རི་བོ།།
དྭངས་གཙང་ཁ་བའི་རྡུལ་མང་བརྩེགས་པ།།
ཞི་བདེ་སྣང་བའི་མཚན་མ་འདི་ཀོ།
སྤང་ཁའི་དཀྱིལ་གྱི་གངས་ལྷ་མེ་ཏོག།
ངོམས་མེད་མཇལ་འདོད་གུས་པོ་རས་པ།།
སྤང་ཐང་ཆེན་པོའི་མཐའ་ནས་འགྲེང་འདྲ།།
རབ་མེད་རྒྱ་མཚོའི་ཕ་རོལ་ཕྱིན་འདྲ།།

 

སྐུའི་འཁྲུངས་སྐར་གྱ་གཉིས་པ་བསུ།

  • ལྷ་ཆབ་སྦྱིན་པ།

ཁྱེད་ནི་བྱམས་དང་བརྩེ་བའི་བདག་ཉིད་དེ།།
འཛམ་གླིང་མཛེས་པར་བྱེད་པའི་རྒྱན་གཅིག་ཉིད།།
ཤིན་ཏུ་ཞི་བའི་འཛུམ་དང་དགོད་སྒྲ་དེས།།
སྐྱེ་རྒུའི་སྙིང་ལ་བདེ་བའི་ངལ་གསོ་སྟེར།།
ཐུ་བྷོད་ལོ་རྒྱུས་འཇིག་ཉེར་ཐུག་པའི་དུས།།
རྨད་བྱུང་ཐུགས་སྟོབས་ཆེན་པོས་མེ་རོ་གསོས།།
མཚོན་དང་དཔུང་ཆེན་མ་ངོམ་ཟིལ་ཤུགས་ཀྱིས།།
གོ་ལ་ཡོམ་ཡོམ་སྒུལ་བའི་རྣམ་ཐར་མཛེས།།
དགུང་གྲངས་གྱ་གཉིས་བཞེས་པའི་མཛད་པ་ནི།།
མི་འགྱུར་གླེགས་བམ་བརྩིགས་པའི་དེབ་ཐེར་ཉིད།།
ཁྱེད་ཀྱི་དགོངས་པས་རྒྱལ་ཁམས་ཐམས་ཅད་དང་།།
མ་འོངས་གངས་ལྗོངས་བདེ་སྐྱིད་ལྡན་པར་ཤོག།

 

རིགས་ཀུན་གྱི་རྗེ་བོ།

  • ཁ་གྱའི་ཁྱུང་སྔོན། བོད། མདོ་ལྷོ།

སྲིད་པའི་རྩེ་མོར་བྱམས་བརྩེའི་དར་གྱིས་སྤྲས།།
འཛམ་གླིང་ས་ཡི་ཁྱོན་ན་ཁྱོད་ཀྱི་མཚན།།
སྟོང་གསུམ་ཅིག་ཅར་སྒུལ་བྱེད་དབྱར་རྔའི་སྒྲ།།
སྐྱེ་དགུའི་སེམས་ཅན་གང་གི་ཡིད་དུ་སྨན།།

གངས་ཀྱི་ཡུལ་ནས་བྱིས་པའི་གཟུགས་སུ་བལྟམས།།
འཛམ་གླིང་ཡང་རྩེར་རྗེ་བོའི་ཚུལ་དུ་བྱོན།།
རླབས་ཆེན་སྐྱེས་མཆོག་འཛམ་གླིང་ཉི་མ་ཆེའི།།
འཁྲུངས་པའི་སྐར་བཟང་རབ་བྱེད་ཚིག་གིས་བསུ།།

བརྩེ་ཆེན་ཐུགས་བསྐྱེད་སྔོ་བསང་ནམ་མཁའི་ཁྱོན།།
གསུང་དབྱངས་བྱིན་རླབས་དབྱངས་ཅན་འཕང་འགྲོའི་སྒྲ།།
མཚན་དཔེ་གསལ་རྫོགས་རྨད་བྱུང་གཞོན་ནུའི་སྐུ།།
ཟླ་སྟོང་དུས་སུ་འཆར་བའི་འོད་སྣང་འབུམ།།

ཞི་བདེའི་ཁ་གཡང་དུང་གི་ཁོག་པ་ལས།།
གྲགས་པའི་སྒྲ་དབྱངས་གླིང་བཞིའི་ཁམས་སུ་མཆེད།།
རིགས་ཀུན་མཚར་བའི་དང་བ་འདྲེན་བྱེད་མཆོག།
མཆོག་གི་འཁྲུངས་སྐར་བཀྲ་ཤིས་ཉིན་མོ་བསུ།།

བཀྲ་ཤིས་རྟེན་འབྲེལ་ཉིན་བཟང་དུས་བཟང་ལ།།
བཀྲ་ཤིས་ཚིགས་སུ་བཅད་པའི་ཕྲེང་བ་འདིས།།
བཀྲ་ཤིས་འཁྲུངས་སྐར་བརྒྱད་ཅུ་གྱ་གཉིས་པ།།
བཀྲ་ཤིས་དར་དཀར་སྲིད་དུ་རིང་པས་བསུ།།

 

འཛམ་གླིང་གི་ནོར་བུ།

  • བསྟན་པ་རྒྱ་མཚོ།

ས་སྟེང་ཆེ་རྒུའི་གཙུག་གི་རྒྱན་གྱུར་བ།།
སྲིད་ཞིའི་རྒུད་པ་རྨང་ནས་བཤིག་མཛད་པའི།།
ཞི་བདེའི་དེད་དཔོན་བསྟན་འཛིན་རྒྱ་མཚོ་ཡི།།
མཚན་དཔེའི་མེ་ཏོག་བཞད་པའི་འཁྲུངས་སྐར་བསུ།།

ཕན་བདེའི་ལེགས་བཤད་ཟླ་བའི་བསིལ་ཟེར་གྱིས།།
ཆགས་སྡང་མུན་པའི་ཚ་རླབས་འཕྱུར་བའི་དབུས།།
ཉོན་མོངས་ནད་ཀྱིས་མནར་བའི་སྐྱེ་འགྲོའི་རྒྱུད།།
གཞན་ཕན་སྙིང་རྗེའི་བརླན་གྱིས་བསིལ་བར་བྱས།།

ཁྱེད་སྐུའི་མཁྱེན་རབ་རྟ་ལྗང་གཞོན་ནུའི་འཛུམ།།
ཡངས་པའི་ནོར་འཛིན་ཁྱོན་ལ་ཁྱབ་པའི་མཐུས།།
འཕགས་བོད་རིག་གཞུང་ནོར་བུའི་ཟ་མ་ཏོག།
རིན་བྲལ་གཟི་བྱིན་བསྩལ་བ་འདི་ཀོ་རྨད།།

འདྲེན་པ་མཆོག་གི་ཞབས་རྡུལ་མཆོད་པ་ཡི།།
ཚན་རྩལ་རིག་པར་མཁས་པའི་སློབ་དཔོན་རྣམས།།
རྟེན་འབྱུང་ཟབ་མོའི་དེ་ཉིད་ལ་རྨོངས་ཀྱང་།།
ཤེས་རབ་འོད་ཀྱིས་བདེན་པའི་ལམ་བུར་བཀོད།།

རིགས་མི་མཐུན་དང་ལྟ་བས་དབྱེ་འབྱེད་པའི།།
སྣ་ཚོགས་ཆོས་བརྒྱུད་འཛིན་པ་དག་གིས་ནི།།
གནའ་དེང་གཡུལ་འགྱེད་བྱམས་བརྩེ་ཡལ་བོར་བ།།
ཐབས་མཁས་ཐུགས་རྗེས་ཞི་བར་ཉིད་ཀྱིས་མཛད།།

ཆེར་རློམ་ཁེངས་པ་མཐོ་བའི་ས་སྐྱོང་དག།
གཞན་ཕན་སྙིང་རྗེའི་བློ་མིག་ལྡིང་གྱུར་ཅིང་།།
ཁྱེད་སྐུའི་ཞལ་དཀྱིལ་མཇལ་བ་ཙམ་གྱིས་ཀྱང་།།
ཕན་བདེའི་ས་བོན་སྙིང་གི་འདབ་མར་བཀོད།།

རླབས་ཆེན་མཛད་པའི་འོད་ཟེར་བྱེ་བ་ཉིད།།
མཁས་པ་དག་གིས་སྨྲ་བར་ནུས་མིན་ན།།
བློ་ཆུང་བདག་འདྲས་ནུས་པར་མི་སྲིད་ཀྱང་།།
འདི་ཕྱིའི་ལེགས་ཚོགས་འཕེལ་ཕྱིར་ཅུང་ཟད་སྨྲས།།

བདག་ཅག་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་སུ།།
སྐུ་ཚེ་མི་བཤིག་བསྐལ་བརྒྱར་བརྟན་པ་དང་།།
གངས་ལྗོངས་གཞིས་བྱེས་མྱུར་བུར་ལྷན་འཛོམས་ཏེ།།
བདེ་སྐྱིད་ཉི་མའི་འོད་ཀྱིས་ཁྱབ་པར་སྨོན།།

 

སྐུའི་འཁྲུངས་སྐར་ལ།

  • ཁ་བའི་འབྲོག་མོ།

བགྲང་བྱ་གྱ་གཉིས་ཀྱི་ཐེམ་པ་རེ་རེ།།
དཀའ་སྡུག་གྲངས་མེད་ཀྱི་དངུལ་ཐིགས་རེ་རེ།།
མགོན་པོ་ཁྱེད་ཉིད་ཀྱི་ཐུགས་དགོངས་ཟབ་མོ།།
བོད་འབངས་མཐའ་དག་གི་བདེ་སྐྱིད་ཉག་ཅིག།

མུན་པ་དྲག་པོ་ཡིས་སྒྲིབ་པའི་འཇིག་རྟེན།།
གསལ་བར་མཛད་མཁན་གྱི་འོད་སྟོང་ཁྱོད་ཡིན།།
ཁྱེད་ནི་སྐྱེ་རྒུ་ལ་ལམ་སྟོན་མཛད་པའི།།
སྐྱབས་གནས་དཀོན་མཆོག་གི་ངོ་བོ་ཉག་ཅིག།

འཇིག་རྟེན་ཆེན་པོ་ཡི་བདེ་སྐྱིད་ཆེད་དུ།།
ཞབས་རྗེས་རེ་རེ་ལ་དཀའ་ཐུབ་རེ་རེ།།
ཁྱེད་ནི་སྐྱེ་རྒུ་ཡི་དྲིན་ཅན་ཕ་མ།།
བྱམས་བརྩེའི་བདུད་རྩི་ཡི་འབྱུང་གནས་ཉག་ཅིག།

མ་འོངས་ཞི་བདེ་ཡི་ཐུགས་རྗེ་བཀའ་དྲིན།།
གོ་ལའི་དཀྱིལ་འཁོར་ལ་ཧ་ཅང་ལྕི་འོ།།
སྐུ་ཚེ་བསྐལ་བརྒྱའི་བར་བརྟན་པའི་སྨོན་ལམ།།
ཉམ་ཆུང་འབྲོག་མོ་ངས་སྙིང་ནས་འདེབས་སོ།།

 

འཕགས་མི།

  • དུར་བདག

སྐུ་ཡི་མཛད་པས་འཛམ་གླིང་གོ་ལ་སྐོར།།
གསུང་གི་གདམས་པས་སོ་སྐྱེ་ཆོས་ལ་བཀུག །
ཐུགས་ཀྱི་བཀོད་པས་སྲིད་གསུམ་དབང་བསྡུ་བ།།
རྟེན་དང་བརྟེན་པའི་ཡིད་བཞིན་ནོར་བུ་རྨད།།

 

༸ སྟོན་པ་ ༸ ཏཱ་ལའི་བླ་མའི་འཁྲུངས་སྐར་བྲིས་པ།

  • སྙིང་མིག

དྲི་ཟའི་རོལ་མོ་འདར་བ་ན།།
ནགས་ཀྱི་ཁུ་བྱུག་དག་ཀྱང་འཕུར།།
ཞི་བའི་ཆོས་དབྱངས་སིལ་མ་ཡིས།།
སྤྲིན་གྱི་མེ་ཏོག་ཕྱོགས་སུ་ཡན།།

དབང་གཞུ་མཛེས་པའི་འོད་རླབས་རེས།།
མུན་པའི་བླ་རེ་དགུང་དུ་བསྙིལ།།
ལྗོངས་རྒྱུའི་ཟླ་བ་འོ་མའི་མཚོ།།
ཁ་བའི་སུལ་ན་མཛེས་པ་འཕྱོ།།

གང་གི་བྱིན་རླབས་ནོར་བུའི་ཕྲེང་།།
དད་པའི་མགུལ་ལ་བརྒྱན་པ་ན།།
སྲིད་པའི་ཆུ་ཀླུང་རིང་མོ་ཡང་།།
ཡོལ་གོ་སེམས་སུ་ཞི་བར་འཁྱིལ།།

སྐྲ་ལོ་ནག་དང་སེར་པོ་ཁྱུ།།
སོར་མོའི་ཨུཏྤལ་སྙིང་དུ་བཞད།།
ཐུགས་རྗེ་སྦྲང་ཆར་བསིལ་མའི་ཁམས།།
ཀུན་དགའི་ཡིད་ལ་བདུད་རྩིའི་རོ།།

རྟེན་འབྱུང་དབྱངས་རྟ་སྦྲེང་བ་ན།།
ཐོས་འཛིན་དཔལ་ལ་བུ་རམ་སྟེ།།
ས་ཆེན་བརྒལ་བའི་སེམས་དཔའ་ཆེ།།
འགྲོ་བའི་བླ་དང་གསོས་སུ་སྨིན།།

ཞབས་ཟུང་གུར་གུམ་བསུང་བའི་རྫིས།།
ལྗོན་པའི་བྱེ་འུ་དག་ཀྱང་རིངས།།
རྨི་ལམ་སྦྲུམ་པའི་ཉ་མ་དག།
གངས་ཀྱི་ཁྲོད་ནས་ཕྱི་མིག་གཡོ།།

ལྷ་བཅས་པྲོག་ཞུ་མཛེས་པའི་དཔལ།།
ངུར་སྨྲིག་རླུང་བུས་སྒུལ་བ་ན།།
ཚུལ་ཁྲིམས་དྲི་ངད་གཡོ་དང་ལྡན།།
ཤེས་རབ་འདབ་མ་ཆལ་ཆིལ་གྲོལ།།

ཞབས་པད་མི་ཤིགས་ན་དཱའི་ཁམས།།
རང་བྱུང་ཆོས་དབྱིངས་ལྷན་དུ་བསྲེས།།
མཚན་དཔེ་ཉི་མའི་འོད་ཀྱི་མདངས།།
གདུལ་བྱའི་ཚལ་ལ་ཀུན་ཏུ་འགྱེད།།

༸ གོང་ས་༸ རྒྱལ་བ་རིན་པོ་ཆེ་མཆོག་ནི། བདག་ཅག་མགོ་ནག་བོད་མི་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན་སྟབས། ༸ རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་འཁྲུངས་སྐར་ནི་བདག་ཅག་བོད་མི་ཡོངས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་སྲུང་བརྩི་བྱེད་རྒྱུ་འདི། ཧ་ཅང་སྐལ་བཟང་དུས་བཟང་གི་ཉི་མ་ཞིག་ལ་ངོས་འཛིན་བྱ་དགོས་ངེས་ཡིན།

 

ཉིན་བཟང་འདིར་མཛད་ཁུར་གསུམ་ལ་འདང་བརྒྱབས་ན།

  • ཤེད་བུ།

མི་རྣམས་ཀྱི་གཉུག་གཤིས་ནི་བྱམས་བརྩེ་སྙིང་བོ་ཅན་དང་། །
མི་རྣམས་ཀྱི་མངོན་འདོད་ཀྱང་བདེ་བ་འབའ་ཞིག་ལ་སྐད། །
བྱམས་བརྩེ་ཁོ་ན་མི་རྣམས་ཀྱི་གཞི་རྩའི་རིན་ཐང་དང་། །
ཁྱེད་ཀྱིས་ཕྱི་ནང་སྔོག་ཅིང་ཕྱག་གིས་སྐྱོར་བ་དེ་འོ། །

ཆོས་དང་ཚན་རིག་གི་མཉམ་ལས་རིང་མོ་ཞིག་བརྒྱུད་ནས། །
ཆོས་ལུགས་ཕན་ཚུན་དབར་གྱི་མཐུན་སྣང་གི་བསླབ་བྱ་དང་། །
ཐུན་མོང་གི་འཚོལ་སྙེག་གསལ་བའི་གསེར་གྱི་ལྡེ་མིག་ཅིག །
ལུང་དང་རིགས་པ་ཐབས་དང་ཤེས་རབ་ཀྱི་རྩལ་གྱིས་བརྡུངས། །

སྨོན་ལམ་གངས་ལ་ཕོགས་ཤིང་སྐུ་ཡང་གངས་ལས་འཚར་སྐད། །
གངས་དཀར་པོའི་ཕྱི་ནང་གི་ཉམ་ཐག་པའི་འབུ་སྲིན་དང་། །
མཐའ་ཡས་པའི་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་བསྐྲུན་པར། །
ཁྱེད་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་མཛད་འཕྲིན་ཞིག་བསྐྱངས་ཡོད། །

 

སྐུའི་འཁྲུངས་སྐར་བསུ།

  • རྔ་བ་མེ་རོ།

ཤར་ནས་རྒྱ་དམག་བསླེབས་པའི་གཡུལ་ངོ་དང་།།
ལྷོ་ནས་དབྱིན་དམག་འབྱོར་བའི་གཡོ་འཕྲུལ་གྱིས།།
བོད་ཡུལ་བོད་མིས་གཏོར་དུ་བཅུཊ་སྐབས་སུ།།
ཁྱེད་ཉིད་ཆེད་དུ་འཁྲུངས་པའི་བསྐལ་བ་བཟང་།།

ཁ་ཟས་མེད་པའི་དམངས་ལ་བཤུ་བཞོག་དང་།།
མཚོན་ཆ་མེད་པའི་འབངས་ལ་གཉའ་གནོན་གྱིས།།
བོད་ཁམས་བོད་མིས་བརླག་པའི་དུས་སྐབས་སུ།།
མང་གཙོའི་མགོན་པོ་བྱོན་པར་བསྐལ་བ་བཟང་།།

ཕྱི་དགྲ་གྲོཊ་སུ་བཟུང་བའི་ལག་སྦྲེལ་དང་།།
ནང་གི་སྤུན་ཟླ་གསོད་པའི་དཔུང་རྡང་གིས།།
བོད་ཀྱི་དམེ་ཁྲག་བཞུར་བའི་དུས་སྐབས་སུ།།
ཞི་བདེའི་དེད་དཔོན་བྱོན་པར་བསྐལ་བ་བཟང་།།

དགྲ་ལ་སྲིད་བྱོས་མང་བའི་ནུས་པ་དང་།།
འཛམ་གླིང་འགྱུར་ལྡོག་ཆེ་བའི་ངན་ཤུཊ་ཀྱིས།།
བོད་མིས་ཁ་ཕྱོགས་བོར་བའི་དུས་སྐབས་སུ།།
དབུ་མའི་སློབ་དཔོན་བྱོན་པར་བསྐར་བ་བཟང་།།

བྱེས་ཀྱི་སྲིད་གཞུང་བྱིས་པ་སྐྱོང་ཚུལ་དང་།།
གཞིས་ལུས་མང་ཚོཊ་དགྲ་ལས་སྐྱོབ་ཐབས་སུ།།
ས་ཆེན་ཕྱོགས་སུ་བསྐོར་བའི་སྐུ་དྲིན་ལ།།
ས་སྟེང་གསེར་གྱིས་གང་ཡང་རིན་ཐང་ཆུང་།།

 

སྙིང་དུ་འཚེར་བའི་དུང་ཟླ་ཞིག

  • དབྱངས་ཀྱི་རྫི་བོ།

མཁས་པའི་མཚན་ཅན་ས་ཡི་རྡུལ་ལྟར་མོད།།
དྲང་བདེན་མེ་ལྕེས་ཞི་བདེའི་ལམ་བུ་བསྐྲུན།།
འཛམ་གླིང་ཞི་བདེའི་རྒྱལ་སར་བགྲོད་མཁས་ཏེ།།
ནང་ཚན་ཆུ་གཏེར་འཐུང་བའི་པཎ་ཌི་ཏ།།
ང་ཡི་སྟོན་པའི་སྐུ་ཚེ་རྟག་བརྟན་ཤོག །

མི་རིགས་མི་འདྲ་བརྒྱ་སྟོང་ཁྲི་འབུམ་དང་།།
ཆོས་ལུགས་མི་མཐུན་ལྟ་བའི་སྒྲོམ་གཞི་མང་།།
ཀུན་ལ་མཐུན་པའི་སྤྱོད་པ་གཙང་མ་རེས།།
རང་རིགས་དགའ་ཞིང་གཞན་སེམས་འགུགས་ཆེ་བའི།།
ང་ཡི་སྟོན་པའི་སྐུ་ཚེ་རྟག་བརྟན་ཤོག །

མི་རིགས་བར་གྱི་མཛའ་བརྩེ་རྡོག་ཐོས་བསྣུན།།
དམངས་ཀྱི་ལས་དོན་རྫུན་ཀྱི་ཁ་རུ་བསྐོར།།
ངག་ཀྱལ་ཁོ་ནས་བསླུས་པའི་སྙིགས་མའི་དུས།།
མཚན་མོའི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་སྟེ།།
ང་ཡི་སྟོན་པའི་སྐུ་ཚེ་རྟག་བརྟན་ཤོག །

བྱིས་པའི་གཟུགས་ཀྱིས་ལྟེ་ཁྲག་འཕོ་ས་སྟེ།།
ཡུལ་མིང་དབུ་ལ་ཨ་ཡིག་མཚན་མ་ཅན།།
ཁྱད་འཕགས་གནས་འདིར་འཁྲུངས་པར་ཨེ་མ་རྨད།།
གསུང་གི་མཛད་འཕྲིན་འཛམ་གླིང་ཡུལ་ཀུན་ཁྱབ།།
ང་ཡི་སྟོན་པའི་སྐུ་ཚེ་རྟག་བརྟན་ཤོག །

 

སྒང་པ་བོད་ཀྱི་མྱི་ཆེན་དང་སྤྲོ་མགུར་ཐེངས་གཅིག

  • སྨན་ལྗོངས་ལྗོན་པ།

སྔོན་སྨོན་ལམ་གྱི་འདབ་མ་ཁུར་དུ་ལྕི།།
ལས་བསོད་ནམས་ཀྱི་འབྲས་བུ་ཟད་དུ་མེད།།
སྤྱིར་རིན་ཆེན་གྱི་མི་ལུས་ལན་ཅིག་ཐོབ།།
སྒོས་ཁྱེད་ཉིད་ཀྱི་འབངས་སུ་ད་རེས་གྱུར།།

ཕ་རུས་དཀར་གྱི་ཐུགས་སྲོག་སྐད་དང་ཡིག །
མ་སེམས་དཀར་གྱི་དབུ་ཐོད་ལུགས་གཉིས་སྲོལ།།
དུས་རྨང་འགྱུར་གྱི་རྔམ་དུ་ཤོར་ན་ཡང་།།
སྙིང་འཕར་ལྡིང་གི་ཐག་སྒྲ་འཇགས་སུ་མེད།།

ཤ་པགས་མདོག་གིས་རིས་སུ་མ་ཆད་པར།།
མཚན་གྲགས་པ་ཡི་སྒྲ་དབྱངས་ཀུན་ལ་སྙན།།
ཤར་ཀྲུང་ཧྭ་ཡི་དུང་ཕྱུར་བཅུ་གཉིས་ནང་།།
གསེར་ཞི་རྟགས་ཀྱི་དབྱིབས་གཟིགས་ཁྱོད་ཀྱིས་མཐོང་།།

ཞལ་འཛུམ་འཛུམ་དེ་བརྩེ་བའི་བརྡ་ཐབས་རེད།།
ཕྱག་གཡུག་གཡུག་དེ་བྱམས་པའི་དྲོད་ཁོལ་རེད།།
རྒས་བརྒྱད་ཅུ་ཡི་ཁུར་བོའི་མནན་གྱུར་ཀྱང་།།
རྐང་བྱིས་པ་ཡི་སྟངས་ཀ་བསྒྱུར་བ་མཚར།།

ཆོས་གཞི་བྲལ་གྱི་དགོངས་པའི་འདབས་བཟང་རིགས།།
ལམ་ཐབས་ཤེས་ཀྱི་སྤར་མོས་བདག་ཏུ་བཟུང་།།
རྟེན་འབྲེལ་འབྱུང་གི་མཐའ་མེད་གཞི་རྒྱ་ཆེ།།
ཐུགས་གཤོག་སྒྲ་ཡིས་འཇལ་ལ་སྟོབས་མི་བྲི།།

སྤྱིར་ཤར་ནུབ་ལ་རིས་སུ་མ་ཆད་པར།།
ཐུགས་ཀུན་གསལ་གྱི་ཁྱོན་གྱིས་གཅིག་ཏུ་བཀབ།།
སྒོས་ཐུ་བྷོཊ་པའི་མགོ་ནག་སྤྲེ་འུའི་ཁྱུ།།
སྙིང་རློན་པ་ཡིས་དགོངས་པའི་མཐིལ་དུ་བླངས།།

མཚན་ཐོས་ཙམ་གྱིས་དད་པའི་བ་སྤུ་འཛིན།།
སྐུ་མཇལ་ཙམ་གྱིས་དགའ་བའི་མཆི་མ་འཁྲུགས།།
ཨ་ལ་ལ་ཧོ་བདག་ཅག་བསྐལ་བ་ལྡན།།
ཁྱེད་སྤྱི་ནོར་ཡོད་པས་བསོད་ནམས་ཆེ།།

 

སྐྱེས་ཆེན་ཞིག་གི་འཁྲུངས་སྐར།

  • ཅང་མེད་བུ་ལོ། (གཞིས།)

ཁྱེད་ནི་ཙོང་ལ་རིང་མོའི་ཉེ་འདབས་སུ།།
ཉི་མ་གཞོན་ནུའི་ཟོལ་གྱིས་འཛུམ་བཞིན་སླེབས།།
ད་ལྟ་མཛད་འཕྲིན་འོད་སྣང་བྱེ་བ་བརྒྱ།།
འཛམ་གླིང་ཤར་ནུབ་ཀུན་ལ་ཡོངས་སུ་ཁྱབ།།

རླབས་ཆེན་ཁྱེད་འདྲ་བོད་དུ་བྱོན་པ་ནི།།
ས་ཡ་དྲུག་གིས་བསྐལ་བར་བསགས་པ་ཡི།།
བསོད་ནམས་འབྲས་བཟང་དུས་གཅིག་སྨིན་པ་ལས།།
གང་སྐུའི་བ་སྤུར་མཇལ་བ་རྨི་ལམ་ཉིད།།

མི་རིགས་ཆུང་ཆུང་ཞིག་གི་མིང་ཡིག་འདི།།
ས་ཆེན་གོ་ལའི་སྒང་ལ་བྲིས་པ་ཡིས།།
གང་དུ་ང་ནི་བོད་ཅེས་བརྗོད་ན་ཡང་།།
ཆེ་མཐོང་གཟི་བརྗིད་ཡོད་པ་ཁྱེད་ཀྱི་དྲིན།།

བཅུ་དྲུག་ལང་ཚོ་དར་བའི་གཞོན་དུས་ནས།།
ད་ཆ་བརྒྱད་ཅུའི་བང་རིམ་བརྒལ་ན་ཡང་།།
ད་དུང་རིགས་ཀྱི་བདེ་སྡུག་འདེགས་པ་ཡི།
ཁྱེད་ཀྱི་འོ་བརྒྱལ་འདི་འདྲ་སུ་ཡིས་བཟོད།།

ཁྱེད་ཉིད་འཁྲུངས་པས་ང་ཚོར་འཛུམ་མདངས་རྒྱས།།
ཁྱེད་ཉིད་བཞུགས་པས་ང་ཚོར་དྲོད་ཁོལ་ལྡན།།
ཁྱེད་ཉིད་འཛུམ་པས་ང་ཚོར་སེམས་ཤུགས་ཆེ།།
ཁྱེད་ཉིད་རྟག་བརྟན་གཡོ་མེད་བཞུགས་པར་སྨོན།།

 

ཞི་བའི་ཁ་དོག་སེར་བོ།

  • སྨྱུག་གསར།

ས་སྒང་རི་མོ་ཐུགས་ཀྱི་དབུས་ན་མཚར།།
ཁ་དོག་མེད་པར་རིགས་ཀྱི་རྩེ་ན་མཚར།།
ཞལ་རས་འཛུམ་པ་སྙིང་རྗེ་འོད་ན་མཚར།།
སྐྱིད་ཀྱི་ཉིན་མོ་ཞི་བའི་ལམ་ན་མཚར།།

མུ་མཐའ་བརྒལ་བས་ཕྱོགས་བཞིར་འོད་ཀྱིས་བཀབ།།
རིགས་མཐུན་ཉིན་མོ་བརྩེ་བའི་ལམ་ན་བཞུར།།
བྱང་སེམས་ལྟ་བ་སྟོན་པ་གངས་ཀྱི་མགོན།།
འཛམ་གླིང་དབུས་ན་དུས་དང་དུས་སུ་འབར།།

ཕྱོགས་ལྷུང་ལྟ་བའི་རྨོངས་པ་ཐུགས་ན་དབེན།།
རུས་མེད་ཆོས་ལ་གུས་པ་བདེན་པའི་ལུགས།།
གླིང་བཞིར་མཐུན་གྱིས་སྦྲེལ་ཏེ་ཞི་བའི་ལམ།།
བླ་མ་ཁྱེད་དང་ཁྱེད་ཉིད་དཀའ་དྲིན་ནོ།།

སྟོང་ཉིད་སྙིང་རྗེ་ལམ་གྱི་བདེན་པའི་གསུངས།།
སྙིགས་དུས་འགྲོ་བའི་སྙིང་ལ་ཆར་དུ་ཕབས།།
སྐྱིད་ཀྱི་ཉིན་འོད་འཛམ་གླིང་རིག་པའི་སྡེ།།
གནས་ལུགས་ལྟ་བ་ཕྱོགས་དང་ཕྱོགས་སུ་བཞུར།།

ཆོས་ཀྱི་བདེན་པ་རྟེན་འབྲེལ་སྟོང་བ་ཉིད།།
མི་རྟག་རང་བཞིན་སྒྱུ་མའི་འཇིག་རྟེན་འདིར།།
གསུང་གི་བདུད་རྩི་མི་ཡི་ཁམས་དང་བསྟུན།།
ས་སྒང་ཆོས་ཀྱིས་སྒུལ་བ་ཨེ་མ་རྨད།།

སྙིང་རྗེ་རང་གཟིགས་གངས་ཀྱི་མགོན་པོ་མཆོག །
འགྲོ་ཀུན་སྡུག་བསྔལ་ཐུགས་སུ་འཛུམ་དང་རྒྱས།།
ཞི་བདེ་འོད་གོར་འཛིན་པའི་བླ་མ་རྗེ།།
དད་པའི་ཐལ་མོ་སྙིང་གི་དབུས་སུ་འབུལ།།

དྲན་པའི་གདུང་བ་མིག་ཆའི་ཕྲེང་ལ་འཇུས།།
སྡུག་གི་མུན་པ་ཉིན་དང་མཚན་ལ་ཤོར།།
རེ་བའི་གངས་ལ་ཞབས་རྗེས་འཛུམ་པ་དེ།།
སྨོན་ལམ་གཅིག་ཏུ་འབོད་པའི་ཁ་བ་ཉིད།།

 

རུས་རྐང་གི་གསོལ་འདེབས་བདེན་གྲུབ་མ།

  •  འགྲེང་བུ།(གཞིས)

དེང་འདིར་མཁྱེན་པའི་དཀྱིལ་འཁོར་རབ་ཡངས་བ།།
ཉམས་ལེན་རྡུལ་ཚོན་བཀྲ་བའི་མཐུ་སྟོབས་ཆེ།།
ཟླ་མེད་བླ་མའི་ཐུགས་རྗེའི་ཆར་ཟིམ་ལས།།
གྲུ་འཛིན་བདག་པོ་སྤྲུལ་བའི་ཟློས་གར་གྱི།།
གཟུགས་སྐུ་དབང་གཞུ་ཚུར་སྣང་འདྲེན་བྱེད་ལ།།
གསལ་བ་འདི་ཀོ་ཨེ་མ་བསྐལ་བ་བཟང་།།

གངས་ལ་བབས་པའི་ཁྲག་རྗེས་རལ་བས་ཕྱིས།།
རང་ཁྱིམ་སྨག་ནག་ཤ་ཁྲག་སྒྲོན་དེ་སེལ།།
འཚེར་མའི་གྲོང་ལ་རུས་པས་སྐྱ་ལམ་འཐེན།།
འཇམ་མཉེན་མེ་ཏོག་བརྩེ་བའི་སྲོག་དང་བསྡོས།།
བདེན་པའི་ཆུ་ཐིགས་རེ་བའི་ལྗང་མྱུག་ལ།།
ཕྱག་ན་པདྨོའི་ཐུགས་ཆར་འཇོ་བར་ཤོག།

ངམ་གནག་དུཿཁ་ལྕི་བ་གང་གི་ངོར།།
རིང་ནས་བརྩེ་བ་ཁྱེད་སྐུ་ལེགས་མཛེས་ཡི།།
ཞབས་རྡུལ་རབ་ཡངས་གངས་ཀྱི་པདྨོ་རུ།།
བཀོད་ལ་རེ་བའི་རིགས་མཐུན་མཐོ་དམན་ཀྱི།།
སྙིང་ལ་དགའ་བའི་བདེ་བའི་དཔལ་སྦྱིན་ཏེ།།
གྲུ་འཛིན་རི་བོའི་རྒྱན་དུ་བཞུགས་ཤིག་ཀྱེ།།

 

བསམ་འཕེལ་དབང་གི་རྒྱལ་བོ།

  • བྱང་སྐར་ཆེན།

འབྱོར་ལྡན་འཇོགས་པོའི་གཙུག་ཏུ་མ་བཅིངས་ཤིང་།།
ངོ་མཚར་རིན་ཆེན་གླིང་ནས་རྙེད་མིན་པའི།།
དགོས་འདོད་ཀུན་འབྱུང་བསམ་འཕེལ་དབང་གི་རྒྱལ།།
དྲི་བྲལ་ཁ་བ་དཀར་པོའི་ཡུལ་ནས་འཁྲུངས།།

དགྲ་གཅན་དུག་བརླངས་འཚུབ་མས་མ་ཁོག་པར།།
འཇིག་རྟེན་ཡངས་པའི་མཁའ་རུ་འཕགས་པ་དང་།།
འཚེ་མེད་ཞི་བདེའི་འོད་དཀར་ཕྲེང་བ་ཡིས།།
བྱེ་བ་ཕྲག་བརྒྱའི་འཛམ་གླིང་མ་ལུས་ཁྱབ།།

ཚད་མེད་ཐུགས་རྗེའི་ཞགས་པ་རིང་བོ་ཡིས།།
མཐའ་དག་འགྲོ་ཀུན་དམ་དུ་བཅིངས་པ་ནི།།
སྐད་ཅིག་ཙམ་ཡང་ལྷོད་པར་མི་འགྱུར་བར།།
བསྐལ་བ་རྒྱ་མཚོའི་བར་དུ་བཞུགས་པར་སྨོན།།

 

ང་ཡི་བྱ་ཕོ་དཀར་པོ།

  • ལི་ཐང་དབྱིག་གཉེན།

ཁྱེད་ནི་ང་ཡི་བྱ་ཕོ་དཀར་པོ་སྟེ།།
གངས་རི་ཕྱེད་ཀ་ཁྱེར་ནས་འཕུར་བ་ཡིས།།
སྲིད་པའི་ལྷ་དང་ཀླུ་ཡི་ཚོགས་དག་ལ།།
སེམས་སུ་ལོ་མའི་ཁ་དོག་ཅི་ཙམ་སྟོན།།

ང་ཡིས་ཨི་ཁུང་བཙལ་བའི་ལོ་ཟླ་ལ།།
སྐུ་ཉིད་དཔྲལ་བའི་གཉེར་མ་ག་ཙམ་དོད།།
ཡིན་ཡང་དེ་ལྟར་ཆུ་ཚོད་བྱོ་བའི་ནང་།།
མཉམ་དུ་གཤིབས་ཏེ་ང་ལ་སེམས་ཁམས་སྟོན།།

གང་ཉིད་དུབ་པ་མེད་པའི་རང་དབང་གང་།།
ཀུན་གྱི་ངོ་རུ་ས་ལེ་གསལ་བ་ཡིས།།
ཐ་ན་དེ་རིང་ཉི་མའི་འོད་དེ་ཡིས།།
རྫུན་པ་རེད་ཅེས་སྙོན་ཐབས་མེད་པར་གསུང་།།

བདག་ཉིད་ངལ་དུབ་མེད་པར་ཁྱེད་ལས་བརྒལ།།
ཁྱེད་ནི་གཡོ་མེད་གཙང་པོ་ཞིག་སྟེ་ངའི།།
བདེ་སྡུག་གྲུ་ནི་ཁྱེད་ཀྱི་ཆུ་ཁར་གཡེང་།།
གྲུ་མགོའི་ཀོ་ཐུམ་ད་ལྟ་ད་དུང་གནས།།

ང་ནི་སྤྲོ་བ་དང་བཅས་ཉིད་ལས་བརྒལ།།
གང་ཉིད་ལྷུང་མེད་གཤོག་པ་གཅིག་སྟེ་ངའི།།
ཚིག་འདི་ད་དུང་གཤོག་པའི་ནང་དུ་འཕྱན།།
སེམས་འདི་མ་ཞིག་ད་ལྟ་ད་དུང་ལུས།།

 

འགྲོ་དྲུག་འདྲེན་པའི་བླ་མ།

  • དུག་འཇོམས།

སྲིད་གསུམ་དབང་བསྒྱུར་འགྲོ་བའི་གཉེན་དུ་བྱོན།།
ཡང་སྒོས་རང་ཅག་ལྷ་སྐལ་ཉག་གཅིག་པུ།།
མཚུངས་མེད་དྲིན་ཆེན་རྗེ་དང་མི་འབྲལ་ཞིང་།།
རྟག་ཏུ་ཁོང་གིས་བྱིན་རླབས་བདག་ལ་སྩོལ།།

དོན་དམ་ཡེ་དག་རྫོགས་པའི་སར་བརྙེས་ཀྱང་།།
བསམ་བཞིན་གདོང་དམར་མགོན་དུ་སྤྲུལ་བསྒྱུར་ནས།།
ཆོས་སྲིད་གཉིས་ཀྱི་བསྟན་པ་ཉིན་བྱེད་དབང་།།
འཛམ་བུའི་གླིང་འདིར་མི་ནུབ་ཕྱོགས་བཅུར་འཕྲོས།།

མ་རུང་གདོན་ཚོགས་ཞི་བའི་ཐབས་མཆོག་གིས།།
མཁའ་དབྱིངས་གནས་སུ་སྤྲིན་དཀར་འདུ་བ་བཞིན།།
སེམས་རྒྱུད་མ་དག་གང་ལ་གང་བསྩལ་ནས།།
ལམ་མཆོག་དཀར་པོའི་ཕྱོགས་སུ་ངང་གིས་བགྲོད།།

ཁམས་གསུམ་སེམས་ཅན་ཉེ་རང་མ་ཡིན་པར།།
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་མཐུས།།
འཚེ་མེད་ལྟ་བ་ས་སྒང་ཧྲིལ་བོ་ལས།།
བརྒལ་ནས་འགྲོ་དྲུག་སྐྱོབ་པའི་དེ་དཔོན་གྱུར།།

སྐྱབས་གཅིག་བླ་མ་ཁོང་གིས་གདུལ་ཞིང་ལས།།
བསྐལ་བ་ཅི་སྲིད་བར་དུ་མཉམ་གནས་ཤིང་།།
ཞལ་མཇལ་གསུང་ཐོས་རྒྱུན་མི་ཆད་པར་དུ།།
འདི་དང་ཕྱི་མ་གཉིས་ཀྱི་ལམ་སྟོན་མཛོད།།

སྐུ་ཚེ་མི་ཤིག་རྡོ་རྗེའི་ཁྲི་ལ་བཞུགས།།
གསུང་དབྱངས་འགག་མེད་ནམ་མཁའི་མཐའ་རུ་སྒྲོགས།།
ཐུགས་ཀྱི་དགོངས་པས་ཉམམ་ཐག་འགྲོ་ལ་གཟིགས།།
འཁོར་བ་མ་སྟོང་བར་དུ་བཞུགས་གསོལ་འདེབས།།

 

དུས་རབས་ཉེར་གཅིག་པའི་སྟོན་པ།

  • འབའ་སྲས།

ཞལ་རས་ཟླ་བར་ཉི་མའི་འོད་ཀྱིས་འཁྱུད།།
ཐུགས་ཀྱི་མཚོ་ལ་བྱམས་བརྩེ་རླབས་ཀྱིས་སྒེག །
གོ་ལའི་ནགས་ཀྱི་ས་བརྟོལ་ལྗོན་པ་མཆོག །
འགྲོ་བའི་ཚ་གདུང་སེལ་ལ་འཁྲུངས་པ་དགེ །

དུས་རབས་ཉེེར་གཅིག་མཁའ་ལ་སྟོན་པ་གཅིག །
ཆོས་དང་ཆོས་ལུགས་ཆོས་པ་སོ་སོ་རུ།།
མ་འདྲེས་ལམ་སྟོན་འོད་གསལ་བཅུ་གཉིས་བདག །
རྐང་གཉིས་ཚོགས་ཀྱི་བླང་དོར་འབྱེད་པའི་མིག །

དད་པ་མེད་པ་འཇིགས་སུ་རུང་བ་མིན།།
བྱམས་དང་སྙིང་རྗེ་བྲལ་ན་སྐྲག་དགོས་ཞེས།།
བཀའ་གསུང་གསེར་གྱི་རྔ་སྒྲ་འདི་ཐོས་པས།།
ཆོས་ལུགས་གཞན་གྱི་སྟོན་པ་རྗེས་སུ་འབྲངས།།

འགྲན་མེད་མཁྱེན་རྟོགས་གསལ་བའི་ཉི་མ་འབུམ།།
བློ་གྲོས་མཁའ་ལ་གཅིག་ཏུ་ཤར་བ་ན།།
གྲགས་ཆེན་ཚན་རིག་པ་རྣམས་ངོ་མཚར་ཏེ།།
ཀླད་པའི་རྩ་ལ་འཕྲུལ་ཆས་བཞག་པར་དོགས།།

ཁྱེད་ནི་བླ་མ་ཁྱེད་ནི་སྟོན་པ་སྟེ།།
ཞི་བདེའི་ལམ་སྟོན་ཆོས་སྲིད་མགོན་ཡང་ཡིན།།
བསྐལ་བརྒྱའི་མཚོ་ལ་ཞབས་ཀྱི་མེ་ཏོག་ཚོམ།།
ལྷེམ་མེར་བཞད་པའི་གསོལ་བ་སྤྱི་བོར་སྦྲུམ།།

 

འགྲོ་བའི་མགོན།

  • སྐལ་གསུམ་སྲིང་མོ།

བོད་ཁམས་རལ་བར་གྱུར་བའི་སྔ་ཕྱིར་གང་ན།།
ཞུམ་མེད་སེམས་དཔའ་སྐུ་ཉིད་ངལ་བའི་སྟོང་ཞིང་།།
ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་སྒོམ་ནས།།
བོད་ཀྱི་གནམ་འོག་ལོ་རྒྱུས་བདེན་པས་བསྐྱངས་ཡོད།།

དགུང་གྲངས་བཅུ་དྲུག་སྲིད་ཁྲིར་མངའ་གསོལ་མཛད་དེ།།
བོད་ཀྱི་གནམ་འདེགས་ཀ་བ་བརྟན་ཅིང་བརླིང་ཡང་།།
དགྱ་ནག་དམར་པོའི་གཞུང་གི་གནོན་ཤུགས་ལྕི་བས།།
གངས་རིའི་ལྷ་སྲས་དངོས་ཀྱང་ས་མཐར་སྤྱུགས་སོང་།།

བྱེས་འབྱོར་བོད་མིའི་བཀྲེས་སྐོམ་ལྟོགས་སྡུག་སེལ་ཆེད།།
ཐུགས་འདུན་ཟབ་མོས་ཕྱོགས་བཞིར་ཕྱག་ཟུང་བསྲིངས་ནས།།
བྱེས་ཡུལ་གཞིས་ཁྱིམ་གསར་དུ་བཙུགས་པ་མ་ཟད།།
རིག་གནས་སློབ་གླིང་རབས་དང་རིམ་པས་བཙུགས་ཡོད།།

དེ་རིང་ཡོ་རོབ་སང་ཉིན་ལ་དྭགས་ལྷོ་བྱང་།།
ཐམས་ཅད་མཁྱེན་པ་རྒྱལ་མཆོག་མགོན་པོ་གང་དེ།།
ལོ་ཟླའི་གདགས་སྲིབ་བར་ན་ཁོམ་ལོང་མེད་པར།།
ཆོས་ཀྱི་ལེགས་བཤད་འགྲོ་བའི་དོན་ལྔར་གཤེར་ཡོད།།

བྱིན་རླབས་ཉི་ཟླའི་གཟི་འོད་ཅི་ཡང་འབར་ཏེ།།
གྱ་དགུའི་ལོ་ལ་ཞི་བདེའི་གཟེངས་རྟགས་ཕུལ་ནས།།
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོར་བཀུར་དུས།།
གཞིས་བྱེས་རི་གྲོང་བར་ན་འོད་ཀྱིས་བལྟམས་ཡོད།།

དུས་ཀྱི་སྙིགས་མར་མི་ཡི་སྙིགས་རོ་རྒྱས་ཏེ།།
རྒྱལ་བར་མཚན་སྨད་སྤུན་ཟླ་ནང་དམེར་བརྩོན་ཀྱང་།།
རླབས་ཆེན་ཐུགས་སྨོན་ཞིག་གིས་ཀུན་ནས་བསླངས་ཏེ།།
བྱམས་དང་བརྩེ་བའི་སྤྱན་ཟུང་གཡོ་མེད་ངང་ཚུལ།།

 

༸ སྐྱབས་མགོན་ལགས། ཏཱ་ལའི་བླ་མ།

  • རྔ་བཟའ་བདེ་པོ་འཚོ།

འདི་ན།
འཛམ་གླིང་ཧྲིལ་པོ་རང་དོན་གྱིས་འཁོར་ཞིང་།
རང་གི་ཆེ་མཐོང་དང་གོ་ས་ལ་དམིགས་ནས།
རྒྱལ་རྒྱབ་དང་རྒྱལ་ཕྲན་འཐབ་འཁྲུག་གིས་ཁེངས་དུས།
ཞི་བདེའི་དེད་དཔོན་དུ་བཞེངས་པའི་སྐུ་ཉིད།
གོ་ལ་གཅིག་གྱུར་གྱི་ཐུགས་དགོངས་ཟབ་མོ་ཐུགས་སུ་བསྣམས་ཏེ།
སྐྱབས་མེད་མགོན་མེད་ཀྱི་དོན་དུ།
སེམས་ཅན་ཐམས་ཅད་ཀྱི་སླད་དུ།
ཐུགས་ཚགས་དང་སྐུ་ངལ་ལ་མ་འཛེམས་པར།
གནས་ངེས་མེད་ལ་ཞབས་ཀྱིས་བཅགས་ཏེ།
བྱམས་བརྩེའི་ས་བོན་གྱི་ནས་འབྲུ་དཀར་པོ།
ཡངས་པའི་ཁྱོན་དུ་འགྲེམས་བཞིན་པ་མ་ལགས་སམ།

དེ་བས་ན། སྐུ་ཉིད་ནི།
འཇིག་རྟེན་གྱི་སེམས་དཔའ་ཆེན་མོ།
བྱམས་བརྩེའི་ཡབ་ཆེན།
འགྲོ་བའི་སྐྱབས་གནས།
ཞི་བདེའི་ལམ་ཡིག རེ་བའི་ཞིང་བཀོད་ཁོ་ན་ལགས།

ཀྱེ་་་བྱམས་བརྩེའི་བདག་ཉིད། ༧ ཡིད་བཞིན་ནོར་བུ།
ལོ་ངོ་སྟོང་ཕྲག་གི་སྔ་རོལ་དུ།
འཕགས་ཡུལ་དུ་སངས་རྒྱས་བྱོན་ཏེ།
འགྲོ་ཀུན་དབྱེར་མེད་དུ་གཟིགས་པའི་གཏམ་རྒྱུད།
ད་སྐབས་ཁྱེད་ཁོ་ནས་བདག་གིར་མཛད་པས།
ཁྱེད་ཀྱི་བྱམས་བརྩེའི་ནུས་སྟོབས་ཀྱི་འོད་སྣང་དཀར་པོ།
རིས་མེད་འགྲོ་བའི་མིག་ཏུ་གྱུར།
ཁྱེད་ཀྱི་ཐུགས་བརྩེའི་མ་ལས་འཁྲུངས་པའི་དུང་གི་་ཆར་བ།
འགྲོ་བའི་སྙིང་ཁར་ཞི་འཇམ་གྱིས་བབ།
ཉི་འོད་ཀྱི་ཟོལ་དུ། ཟླ་འོད་ཀྱི་ཚུལ་དུ།
་་་་

ཀྱཻ གངས་ཅན་གྱི་བདག་པོ། ༧ གོང་ས་མཆོག
ཁྱེད་ཉིད་ཡོད་པས།
ས་ཡི་ཡི་གོ་ལ་འདིར།
རེ་བ་ཡི་འོད་སྣང་རྒྱས།
ཞི་བདེ་ཡི་མཁའ་དབུགས་མཆེད་ཅིང་།
ལྷིང་འཇགས་ཀྱི་སྤྲོ་སེམས་ཁོལ་འདུག་ཨང་།

ཀྱེ། ཞི་བདེའི་དེད་དཔོན།
དེ་རིང།
ཁྱེད་ཉིད་དགུང་གྲངས་༨༢ ལ་ཕེབས་པར།
ས་ཆེན་པོ་གུས་ཉམས་ཀྱིས་འཁོར་བཞིན་འདུག
མཚོ་ཆེན་པོ་དགའ་ཉམས་ཀྱིས་འཕྱོ་བཞིན་འདུག
མཐའ་ཡས་པའི་རང་བྱུང་ཁམས་ཆེན་པོས།
བཀྲ་ཤིས་རྟེན་འབྲེལ་གྱི་མེ་ཏོག་ཁྲི་འབུམ་བརྩེགས་ནས།
ཁྱེད་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་ཚིག་དང་འདོད་གསོལ་གྱི་དབྱངས་རྟ་དཀར་པོ།
ཡངས་པའི་འཇིག་རྟེན་ལ་མཆོད་པ་འབུལ་གྱིན་འདུག
འགྲོ་བའི་སྐྱབས་མགོན། སྙིང་གི་ཉི་མ་ལགས།

 

ཁྱེད་ནི་ང་ཚོའི་ཡོད་ཚད་ཡིན།

  • ཉི་མ་ཚེ་རིང་།

སྐར་ཟླ་མེད་པའི་སྨག་རུམ་གི་ཁྲོད་ན
འཇིགས་ཡེར་ཁེར་རྐྱང་གི་འཚོ་བར་རོལ་དུས
ཁྱེད་ནི་སེམས་ནང་གི་ཉི་མ་ཡིན

ཡིད་འོང་བྱམས་བརྩེ་ཡིས་ཕོངས་ཤིང་
རེ་ས་དང་རྟེན་ས་མེད་པའི་མི་ཚེའི་བཞུད་ལམ་དེར
ཁྱེད་ནི་སེམས་ནང་གི་ཕ་མ་ཡིན

བསམ་དོན་ཡོད་ཚད་རླུང་བུས་ཁྱེར་ཏེ
ཐག་རིང་ངེས་མེད་ཀྱི་འགྲུལ་བཞུད་ལ་ཞུགས་ཚེ
ཁྱེད་ནི་སེམས་ནང་གི་རེ་བ་ཡིན

མགོ་སྐོར་གྱི་ར་བའི་ནང་ལྷུངས་ཏེ
དབང་མེད་ཡིད་རྟོན་གྱི་ཐ་གུ་དམ་བུར་ཆད་དུས
ཁྱེད་ནི་སེམས་ནང་གི་ཡིད་ཆེས་ཡིན

སེམས་ངལ་མགོ་ཐོག་ཏུ་བབ་ནས
སྨྲེང་སེམས་ཀྱི་མེ་འོབས་སུ་ལྷུང་དུས
ཁྱེད་ནི་སེམས་ནང་གི་སེམས་གསོ་ཡིན

བག་འཁུམས་ཀྱི་དྲོད་ཁོལ་ཆེ་ཞིང་
བློ་ཁོག་གི་གངས་ཤེལ་བཞུར་དུས
ཁྱེད་ནི་སེམས་ནང་གི་སེམས་ཤུགས་ཡིན

རྒྱུས་མེད་མི་ཡུལ་གྱི་འཚོ་བའི་ཁྲོད་དུ
ཁེར་འགྲོ་ཁེར་འདུག་ཀྱི་མི་ཚེ་སྐྱུར་མོར
ཁྱེད་ནི་སེམས་ནང་གི་སྤོབས་པ་ཡིན

ཁྱེད་མིག་ལམ་དུ་མཇལ་ན་བདེ་བ་ཞིག་རེད་ལ
ཁྱེད་སེམས་ནང་དུ་དྲན་ན་སྐྱིད་སྣང་ཞིག་རེད་ཨང་
ཁྱེད་མི་འགྱུར་སྐུ་ཚེ་ཁྲི་ལོ་ལ་བརྟན་ཤོག

སྙན་ངག

Post navigation

Previous Post: གྱ་གཉིས་ཕེབས་པའི་གངས་ལྗོངས་ཀྱི་ཚེ་སྲོག
Next Post: ལྟག་མཚེར་ལྷ་གྲོང་གི་དཔག་བསམ་ལྗོན་པ།

Comments (7) on “༸གོང་ས་མཆོག་གི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།(ཆེད་སྒྲིག)”

  1. ཨ་འབར་འཇིགས་དབང། says:
    2017-07-05 at 11:29 pm

    (དད་པའི་འཁྲུངས་བསྟོད།)

    ༄༅། བྱམས་དང་སྙིང་རྗེས་གདུལ་བྱ་སྐྱོང་བའི་འགྲོ་དྲུག་འདྲེན་པའི་དེད་དཔོན་མཆོག།
    གོ་ལའི་ལྗོངས་འདིར་གཟི་འོད་རྒྱས་པའི་དུས་རབས་ཉེར་གཅིག་སྟོན་པ་ཁྱེད།།
    དྲང་བདེན་བྱམས་དང་སྙིང་རྗེ་གསུམ་གྱི་གཏེར་མཛོད་སྐུ་ཕྲེང་བཅུ་བཞི་པ་།།
    འདི་ལོ་དགུང་གྲངས་བརྒྱ་གཉིས་ཕེབས་པར་སྒོ་གསུམ་གུས་པའི་འཚམས་འདྲི་ཞུ།།

    འཇིགས་དབང།

  2. ཀརྡོ་རབ་འབྱམས་པ་ says:
    2017-07-06 at 1:46 am

    ལ་དྭགས་ལས་བྱེད་ཅིག་གིས། གྱ་གཉིས་འཁྲུངས་སྐར་ལ། གྱ་གཅིག་འཁྲུངས་སྐར་ཟེར་བཞིན་པའི་བརྙན་འཕྲིན།
    https://www.facebook.com/14thGyalwaRinpoche/videos/1413705238667734/?hc_ref=NEWSFEED

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-07-06 at 2:03 am

    འདི་ལོ་དགུང་གྲངས་གྱ་གཉིས་ཕེབས་པར་སྒོ་གསུམ་གུས་པས་དགའ་བསུ་ཞུ་།

  4. ཀརྡོ་རབ་འབྱམས་པ་ says:
    2017-07-06 at 2:37 am

    ཡང་། སྲིད་སྐྱོང་མཆོག་གིས། དགུང་གྲངས་ཉེར་གསུམ་ལ་༸གོང་ས་མཆོག་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་པ་རེད་གསུངས་སོང་། འདི་དེ་ག་རང་ཡིན་ནམ། ལགས།

  5. གནམ says:
    2017-07-06 at 7:07 am

    རྩ་བའི་བླ་མ། གཙིགས་ཀི་ནོར་རུ། ངའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས། ཁྱེད་ཁའི། དགུང་གྲངས་གྱ་གཉིས་ཀྱི་སྐུའི་འཁྲུངས་སྐར་ལ་དགའ་དད་དུང་གསུམ་གྱིས་གུས་བསུ་ཞུའོ། སྐུ་ཚེས་བརྟན་པར་ཤོག། དུས་གསུམ་རྒྱུན་ཆད་མེད་པར་གསོལ་བ་འདེབས། ཕྱག་འཚལ་ལོ།

  6. བསམ་ཤེས། says:
    2017-07-06 at 3:46 pm

    ལྷ་མོ་དོན་གྲུབ་ཀྱི་བཀའ་དྲིན་གྱིས། བོད་པ་ཟེར་བ་ཞིག་གི་རྩོད་པ་བརྒྱབ་ཡུལ་གྱི་གཞི་གཅིག་འདུག ཆིག་སྒྲིལ་མིན་འདུག་ཟེར་བའི་ཆིག་སྒྲིལ་གྱི་སྒྲ་ཞིག་གྲགས་རྒྱུ་འདུག མདོ་དབུས་ཁམས་གསུམ་ཟེར་བའི་མིང་ཚོགས་ཤིག་ཀྱང་འདུག

    ཁོང་ཕེབས་སོང་ན། ང་ཚོ་ནང་སོག་དང་ཨ་རིའི་ནང་ལ་ཡོད་པའི་རྒྱའི་དམངས་གཙོ་ཚོགས་པ་བཞིན་ལོ་གཅིག་ལ་ཐེངས་གཅིག་འཛོམས་ནས་ཚོགས་འདུག་ཅིག་འཚོགས། མཚམས་རེ་རྩོམ་ཡིག་རེ་གཉིས་སྤེལ། དེ་མིན་གཞན་ཅང་གོ་རྒྱུ་ཚོར་རྒྱུ་མེད་པ་འགྲོ་ངེས།

  7. BONPO says:
    2017-07-07 at 11:17 am

    ༸གོང་ས༸ཡིད་བཞིན་རིན་པོ་མཆོག་དགུང་གྲངས་གྱ་གཉིས་ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་བཀྲ་ཤིས་པའི་དགའ་སྟོན་ལ་སྒོ་གསུམ་གུས་པས་བཀྲ་ཤིས་བདེ་ལེགས་ལན་བརྒྱར་ཞུ། བདག་ཅག་བོན་འབངས་ཡོངས་ལ་ཐུགས་རྗེས་གཟིགས་པ་སྔར་རྒྱུན་བཞིན་གནང་བར་མཛད་དུ་གསོལ་ལོ་ཞེས་༸རྒྱལ་བའི་སྐུ་དྲིན་སྙིང་ནས་དྲན་བཞིན་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme