Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་གྱི་རྗེས་དྲན་སྙན་རྩོམ་ཕྱོགས་བསྒྲིགས།

Posted on 2014-06-022014-06-02 By ཁ་བརྡ་ 1 Comment on ༧སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་གྱི་རྗེས་དྲན་སྙན་རྩོམ་ཕྱོགས་བསྒྲིགས།

ཁྲི་གཡུང་དྲུང་།

Coverཕྱི་ལོ་༢༠༡༤ ཟླ་༦ ཚེས་༣ ཉིན་༧སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་གྱི་རྗེས་དྲན་སྙན་རྩོམ་ཕྱོགས་བསྒྲིགས་“སྐྱོ་གདུང་སྙིང་གི་མུན་སེལ་”(A Memorial of the Menri Geshe Tenzin Lhundup)ཞེས་པ་དཔར་བསྐྲུན་ལེགས་གྲུབ་བྱུང་ནས་འགྲེམས་སྤེལ་ཞུ་བཞིན་ཡོད།

༧སྐྱབས་རྗེ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེས་མཛད་གནང་བའི་གླེང་བརྗོད་བཞུགས།

ཞིང་གཤེགས་དམ་པ་དགེ་བའི་བཤེས་གཉེན་ཆེན་མོ་གཉའ་བསྟན་འཛིན་ལྷུན་གྲུབ་ལགས་ནི། མི་ལོ་བཅུ་ཕྲག་རིང་གདན་ས་ཆེན་མོ་སྨན་རིའི་དགོན་གྱི་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སྒྲིག་ཁོངས་སུ་ཞུགས་ཏེ་ཐུན་མོང་རིག་གནས་སྤྱི་དང་མདོ་སྔགས་སེམས་གསུམ་ལས་སོགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་དག་ལ་འཆད་རྩོད་རྩོམ་གསུམ་དང་ཐོས་བསམ་སྒོམ་པའི་གནས་ལ་འབད་པ་ཆེར་བསྐྱེད་གནང་སྟེ། མཐར་ཕྱི་ལོ་ ༢༠༡༤ ལོར་གདན་ས་འདིར་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་སྐལ་བཟང་གི་མཚན་བཏགས་བཞེས།
སློབ་སྦྱོང་བྱེད་པའི་དུས་སྐབས་སུའང་སྤྱིར་བཤད་གྲྭའི་ཕྱི་ནང་གི་སྒྲིག་ལམ་དང་ཡང་སྒོས་སུ་ཐུགས་རྒྱུད་ཀྱི་ཀུན་སྤྱོད་ལས་སོགས་ལ་མ་འོས་མ་འཐུས་པའི་གཏམ་ཚིག་ཟུར་ཙམ་ཡང་གོ་ཐོས་སུ་མེད་ཅིང་། ལྷག་པར་དུ་ངོས་རང་མི་ལོ་བགྲང་བྱ་བཅུ་ཕྲག་ལྷག་གི་རིང་ཁོང་དང་ཁོང་གི་འཛིན་གྲྭར་དཔེ་ཁྲིད་བྱེད་པའི་སྐབས་ཀྱི་ཉམས་མྱོང་དུ། དཔེ་ཁྲིད་ལ་ཆད་ལུས་མེད་པར་ཕེབས་ཏེ། བོན་ལ་མཉན་ཚུལ། བླ་མ་དགེ་བའི་བཤེས་གཉེན་བསྟེན་ཚུལ། གཡུང་དྲུང་སྤུན་གྲོགས་ལ་འདུ་ཤེས་འཁྱེར་སྟངས་སོགས་གཞུང་ལུགས་ནས་གསུངས་པ་ལྟར། སྒོ་གསུམ་གྱི་ཀུན་སྤྱོད་སློབ་བུའི་ནང་ནས་ཆེས་རྨད་དུ་བྱུང་བ་ཞིག་ཏུ་མཐོང། གྲྭ་སའི་ཁ་སྐད་དུའང་། “གྲྭ་བས་སྒྲིག་བསྲུང་ན། གྲྭ་བ་སྒྲིག་འོག་ནས་སངས་རྒྱས།” ཞེས་གསུངས་པ་ལྟར་དུ་གནས།

གཞན་ཡང་དགོན་འདིའི་བཤད་གྲྭའི་རྒྱུགས་སྤྲོད་ཆེ་ཆུང་ཀུན་ལ་རྒྱུགས་ཀྱི་ཆ་ཤས་བླངས་པ་མ་ཟད། རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཀྱང་དགེ་འདུན་བརྒྱ་ཕྲག་ལས་བརྒལ་བའི་ནང་ནས་ཐེངས་མང་པོར་རྒྱུགས་འབྲས་དང་པོའི་བྱ་དགའ་བླངས་ཡོད། འོན་ཀྱང་ད་ལམ་སྟབས་མ་ལེགས་པ་ཞིག་ལ། རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་བཏགས་བཞེས་རྗེས་ཡུན་རིང་མ་ཐོགས་ནས་སྐུ་ཚེའི་འཕེན་པ་རྫོགས་པར་བློ་ཕམ་ཤིན་ཏུ་ཆེན་པོ་བྱུང། ཕྱོགས་གཅིག་ནས་བློ་ཕམ་སྐྱེ་གཞི་ཞིག་ཡིན་མོད། ཕྱོགས་གཞན་ནས་ཐོག་མའི་ཐུགས་བསྐྱེད་ཇི་བཞིན་གཞུང་ལུགས་རྒྱ་མཚོར་ཐོས་བསམ་སྒོམ་པ་མཐར་ཐུག་པར་གནང་སྟེ། རབ་འབྱམས་དགེ་བའི་བཤེས་གཉེན་གྱི་སྐལ་བཟང་གི་མཚན་བཏགས་བཞེས་ཐུབ་པར་མ་ཟད།

དགེ་བའི་བཤེས་གཉེན་ཆེན་མོའི་མཐར་བཀྲ་ཤིས་གསོལ་བ་དང་གཏང་རག་གི་མཆོད་པ་ལས་སོགས་སྦྱོར་དངོས་རྗེས་གསུམ་གྱི་མཛད་སྒོ་མཐའ་དག་ཡོངས་སུ་གྲུབ་པར་བྱས་ཏེ། ཕྱི་སོ་སོ་ཐར་པའི་སྡོམ་པས་རྒྱུད་བསྡམས། ནང་གསང་བ་སྔགས་ཀྱིས་གཞུང་བསྲང་། གསང་བ་བླ་ན་མེད་པའི་ལྟ་བར་ཉམས་སུ་ལེན་བཞིན་སྡོམ་གསུམ་རྨ་མེད་པའི་ཀློང་ནས་སྐུ་ཚེའི་འཕེན་པ་རྫོགས་པ་ནི། ཐར་འདོད་ཀྱི་སྐྱེ་བོ་རྣམས་ཀྱི་མཐར་ཐུག་གི་དམིགས་ཡུལ་གྲུབ་པ་ནི་འདི་ལྟ་བུ་ལས་གཞན་དུ་བརྗོད་དུ་མེད།
དེས་ན་ད་ལམ་གང་གི་གཡུང་དྲུང་སྤུན་གྲོགས་རྣམས་ཀྱིས་མ་བསྐུལ་དང་བླང་གི་ལྷག་བསམ་དང་གཡུང་དྲུང་སྤུན་གྲོགས་ཀྱི་འདུ་ཤེས་བཟང་པོས་སྐུ་ཚེའི་འཕེན་པ་རྫོགས་པར་རྗེས་དྲན་གྱི་ཚུལ་དུ་དྲན་དེབ་སྙན་རྩོམ་ཕྱོགས་བསྒྲིགས་ཤིག་པར་སྐྲུན་འགྲེམས་སྤེལ་གནང་བར་ངོས་ནས་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་བ་དང་ལྷན། དམ་པ་དེ་ཉིད་སླར་ཡང་རྟེན་བཟང་གི་དལ་རྟེན་རིམ་གྱིས་བརྒྱུད་དེ་གཡུང་དྲུང་གི་བོན་ལ་སྤྱོད་ཅིང་བོན་བསྟན་བྱེད་པོའི་བདག་ཉིད་ཆེན་པོར་འཁྲུངས་པའི་སྨོན་ལམ་དང་ཐེག་པ་ཆེན་པོའི་བསྔོ་བས་རྒྱས་གདབ་པའོ། ཐ་ཚན་མུ་ཙུག་སྨར་རོ།

སྨན་རི་བ་ཡང་སྟོན་འཕྲིན་ལས་ཉི་མས་ཕྱི་ལོ་༢༠༡༤ཟླ་༥ཚེས་༡༠ཉིན།

 

སྨན་རིལི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་མཆོག་གི་མཛད་རྣམ་མདོར་བསྡུས།

ཞིང་གཤེགས་དམ་པ་༧སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་ལགས་ནི་བོད་གངས་ལྗོངས་ཆོལ་ཁ་གསུམ་དུ་གྲགས་པ་མདོ་སྨད་གྱི་ལིང་རྟ་ཡི་ཆོལ་ཁོངས་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་བྱང་ཕྱོགས་བཱ་ཡན་(དཔའ་ལུང་)རྫོང་ཁོངས་སུ། ས་གནས་རྩ་བ་ཞེས་པའི་ཡུལ་སྡེའི་ཉིན་མགོ་མཁར་སྐྱ་ཚང་ཞེས་པའི་དུད་ཁྱིམ་དཀྱུས་མ་ཞིག་ཏུ་ཡབ་ཚེ་དབང་སྐྱབས་དང་ཡུམ་བསོད་ནམས་སྐྱིད་གཉིས་ལ་ལྕམ་དྲལ་དྲུག་ཡོད་པའི་ལྔ་པ་རུ་ཕྱི་ལོ་ ༡༩༧༤ ཟླ་ ༢ ཚེས་ ༣ ཉིན་སྐུ་འཁྲུངས། ཆུང་དུས་ཀྱི་མཚན་ལ་སྤྱི་འདུལ་སྐྱབས་ཟེར། ལོ་ན་བཅུ་ཙམ་ནས་ས་གནས་སློབ་ཆུང་དུ་ཕྱིན་པ་དང་དེ་ནས་བཱ་ཡན་རྫོང་མི་རིགས་སློབ་འབྲིང་བཅས་སུ་འགྲིམས་སྟེ་རྒྱའི་སྐད་ཡིག་ལ་སློབ་འབྲིང་མཐར་ཕྱིན་པར་མཛད།
ཕྱིས་སུ་ཞང་པོ་མཁས་དབང་ཆེན་མོ་གཉའ་བློ་གྲོས་རྒྱལ་མཚན་ནམ་ཡོངས་གྲགས་སུ་མཚོ་སྔོན་སྦྲང་ཆར་ཁང་གི་བློ་འདོན་པ་གཉའ་ཟླ་བ་བློ་གྲོས་སུ་འབོད་པ་གང་གི་མདུན་ནས་བོད་ཀྱི་སྐད་ཡིག་འདོན་ཀློག་དང་ཕྲད་སྦྱོར་བརྡ་སྤྲོད་སོགས་ལ་ཡང་བསླབ་པ་དོན་གཉེར་ཞུས། དེ་མིན་ཞང་པོ་རྒན་པ་གཉའ་ཚུལ་ཁྲིམས་ཉི་མ་རིན་པོ་ཆེ་མཆོག་གི་ཞབས་ཞུ་ལ་འབྲངས་ནས་དགེ་སྦྱོར་སོགས་བསྟན་དོན་ལ་སྨན་པའི་ཞབས་ཞུ་ཡང་མང་པོ་ཞུས།

ཕྱི་ལོ་ ༡༩༩༦ ལོར་སློབ་སྦྱོང་སོགས་སུ་དམིགས་ནས་རྒྱ་གར་འཕགས་ཡུལ་དུ་འབྱོར་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་དབྱིན་ཡིག་གཙོ་བོར་མཛད་དེ་བོད་ཀྱི་བརྡ་སྤྲོད་རིག་པ་སོགས་ཐུན་མོང་གི་རིག་གནས་ཁག་ལ་སློབ་སྦྱོང་མཛད་དེ་འབྲས་བུ་གཡུར་དུ་ཟ་བ་འཐོབ་པར་མཛད།

ཕྱི་ལོ་ ༡༩༩༧ ཟླ་ ༡༢་ ཚེས་ ༡༢ ཉིན་འཁོར་བ་ངེས་འབྱུང་དྲག་པོས་རབ་ཏུ་བསྐུལ་ཏེ་༧གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་དུ་འབྱོར་ནས་རབ་ཏུ་བྱུང་ཏེ་སྨན་རིའི་གྲྭ་ཚང་གི་སྒྲིག་ཚོགས་ཁོངས་སུ་ཞུགས་ནས་ཚོགས་འདོན་ཕྱག་ལེན་སོགས་སྦྱངས་བརྩོན་ཧུར་ཐག་ཞུས། དེ་ནས་བཟུང་ཤ་དང་སྒོག་ཙོང་རིགས་གཏན་སྤངས་ཀྱིས་དཀར་ཟས་ཁོ་ན་ལ་ལོངས་སུ་སྤྱད་པར་མཛད།
ཕྱི་ལོ་ ༡༩༩༨ ཟླ་ ༤ ཚེས་ ༣ ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་ཁོངས་སུ་ཞུགས་ཏེ་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་གཞུང་ཆེན་བཀའ་པོད་དྲུག་དང་ཐུན་མོང་རིག་གནས་བཅས་ལ་སློབ་གཉེར་ཚུལ་བཞིན་མཛད་དེ་རྩ་གཞུང་དང་འཕར་རྒྱུགས་སོགས་དུས་ལྟར་ཕུལ་ཏེ་གཟེངས་རྟགས་སོགས་ཀྱང་མང་པོ་བཞེས་མྱོང་།
ཕྱི་ལོ་ ༢༠༠༣ ཟླ་ ༣ ཚེས་ ༡༨ ཉིན་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམས་ཀྱི་དྲུང་དུ་དག་པ་དྲང་སྲོང་ངམ་དགེ་སློང་གི་སྡོམ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རང་རྒྱུད་ལ་བཞེས་ནས། སྔར་ལས་ལྷག་པའི་སྡོམ་ཁྲིམས་ཀྱི་རྩ་ལག་རྣམས་མིག་འབྲས་བཞིན་དུ་གཅེས་ནན་མཛད་དེ་ངེས་དོན་གྱི་དག་པ་དྲང་སྲོང་གི་ལས་སྤྱོད་ཁོ་ནར་མཛད་ཅིང་བསླབ་པ་སློབ་གཉེར་དང་ཞལ་འདོན་དགེ་སྦྱོར་སོགས་ཀྱི་མཛད་པ་རྒྱུན་ཆགས་སུ་ཞུས།

ཕྱི་ལོ་ ༢༠༡༢ ལོར་གསང་སྔགས་བསྐྱེད་རྫོགས་སོགས་ཀྱི་གཞུང་འགྲེལ་ཡིད་བཞིན་བཀོད་པའི་རྒྱན་དང་མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་རྩ་འགྲེལ་གཉིས་སོགས་ལ་སྦྱངས་པ་གནད་དུ་ཁེལ་བར་མཛད་ནས་འདི་ལོར་སྨན་རིའི་སློབ་གཉེར་བ་ཡོངས་ཀྱི་ཁོངས་ནས་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་སྐབས་རྩ་འགྲེལ་གཉིས་ཀར་བརྒྱ་ཆའི་སྐར་གྲངས་ཨང་དང་པོར་འཐོབ་ནས་༧སྐྱབས་རྗེ་མཁན་སློབ་རྣམ་པས་ཕྱག་འཁྱེར་བསྩལ་ནས་བསྟོད་བསྔགས་གནང་།
ཕྱི་ལོ་ ༢༠༡༣ ལོར་ཡང་རྫོགས་ཆེན་ནམ་མཁའ་འཕྲུལ་གྱི་མཛོད་ཆེན་གྱི་རྩ་འགྲེལ་སོགས་ལ་སྦྱངས་བརྩོན་བླ་མེད་ཞུས་ནས་སྨན་རིའི་སློབ་གཉེར་བ་ཡོངས་ཀྱི་ཁོངས་ནས་ཡིག་རྒྱུགས་ཐོབ་འབྲས་བརྒྱ་ཆའི་སྐར་གྲངས་ཨང་དང་པོར་ཐོབ་ནས་ཀུན་གྱིས་ཡི་རངས་དང་བསྟོད་བསྔགས་བླ་མེད་ཞུས་ཡོད།
ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༨ ཉིན་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཙུག་ལག་ཁང་དུ་དམ་པ་ཁོང་གིས་དགེ་བཤེས་གཏོང་སྒོ་ཆེན་མོ་དང་སྔོན་འགྲོའི་གཞུང་བཤད་སོགས་གནང་ཡོད་པ་དང་། དེ་ཉིན་ཡང་ཞང་པོ་མཁས་གྲུབ་རྣམ་གཉིས་ནས་གཏོང་སྒོ་ཆེན་མོ་སོགས་ཀྱི་སྦྱིན་བདག་གནང་ཞིང་། སྤུན་མཆེད་ཕུ་བོ་ཚེ་རིང་སོགས་ནང་མི་རྣམས་དང་གཡུང་དྲུང་མཆེད་གྲོགས་ཡོངས་ཀྱི་རོགས་འདེགས་བླ་མེད་འོག་སྨན་རིའི་གྲྭ་ཚང་ལ་སྐུ་འགྱེད་ཡང་ཧིན་སྒོར་ ༦༥༠ རེ་དང་། ཉིན་གུང་དམ་ཐུག་ཆེན་མོ་སོགས་གསོལ་ཚིགས་རྒྱས་འབུལ་ཞུས་ནས་དགེ་བཤེས་སྔོན་འགྲོའི་མཛད་སྒོ་རྒྱལ་ཁའི་ངང་ཡོངས་སུ་ལེགས་གྲུབ་ཞུས།

ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༣ ཉིན་ཡང་༧དཔལ་གཤེན་བསྟན་སྨན་རིའི་གཙུག་ལག་ཁང་དུ་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་མཁན་སློབ་རྣམ་པ་དཔང་བཞུགས་འོག སྔ་དྲོར་ངག་རྒྱུགས་དམ་བཅའི་སྐབས་མཚན་ཉིད་དམ་བཅའི་དབུ་འཆད་པད་དཀར་ཆུན་པོ་ཞེས་པ་བློར་རྒྱུགས་ཕུལ་གནང་ཞིང་། ཕྱི་དྲོར་རྩོད་རྒྱུགས་དམ་བཅའ་ཆེན་མོར་བཞུགས་ནས་དགག་སྒྲུབ་ཀྱི་མཆོད་འབུལ་གནང་མཁན་རིགས་སྨྲ་བ་གོང་ནས་རིམ་བཞིན་སྨན་རིའི་དགེ་བའི་བཤེས་གཉེན་རྣམས་དང་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་སློབ་གཉེར་བ་རྣམས་ཀྱིས་རིམ་པ་བཞིན། དགེ་བའི་བཤེས་གཉེན་རྣམས་ནས་བླ་མེད་རྫོགས་པ་ཆེན་པོའི་གཞུང་ཆེན་སྡེ་བཞི་གཙོ་བོར་མཛད་དེ། གྲོལ་ལམ་སེམས་ཕྱོགས་ཀྱི་གཞུང་ཆེན་ཁག་ལས་འཕྲོས་པའི་རྟགས་གསལ་བཏང་གནང་བ་དང་།
དེ་རྗེས་ལོ་རིམ་རྒན་གཞོན་ལྟར་སློབ་གཉེར་སྡེ་ཚན་ཁག་སོ་སོས་བསྒྱུར་ལམ་སྔགས་དང་སྤང་ལམ་མདོ་ཡི་སྐོར་ལ་དགག་སྒྲུབ་གནད་ལ་ཁེལ་བ་གནང་སྟེ། མདོར་ན་མཚན་ཉིད་པོད་ཆེན་དྲུག་ཏུ་གྲགས་པ། ཚད་མ་དང༌། ཕར་ཕྱིན། མཛོད། འདུལ་བ། དབུ་མ། རྗེ་ཡི་གསང་དོན་རྣམ་འབྱེད་བཅས་གཙོ་བོར་བཟུང་ནས་དགག་བསྒྲུབ་ཀྱི་རྩོད་པ་རྒྱ་ཆེན་ཞུས་ཏེ་ཉིན་དེའི་ཕྱག་ཚོད་ལྔ་པའི་ཐོག་རྩོད་རྒྱུགས་དམ་བཅའི་མཛད་སྒོ་ཡོངས་སུ་ལེགས་གྲུབ་ཞུས།

ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ཉིན་སྔ་དྲོའི་ཕྱག་ཚོད་བཅུ་པ་ཙམ་ལ་༧དཔལ་གཤེན་བསྟན་སྨན་རིའི་གཙུག་ལག་ཁང་དུ་བཀྲ་ཤིས་དམ་བཅར་བཞུགས་ཡོད་པ་དང་། ཉིན་རྒྱབ་ཕྱག་ཚོད་དང་པོ་ཙམ་ལ་༧ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མདུན་ནས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཡིག་ཆ་རྣམས་དང་རིག་པའི་གནས་བཅས་ལ་གསན་སྦྱངས་ཚུལ་མཐུན་མཛད་དེ། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་བདེ་བར་གཤེགས་ནས་མི་ལོ་ ༩༨༣༡ བོད་ཤིང་རྟ་ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དམ་འཇོག་གནང་བས་སྦྱོང་རྒྱུགས་ཚད་མཐོར་ཐོན་པའི་འབྲས་རྟགས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་ཕྱག་འཁྱེར་བཞེས་གནང་སྟེ་སྐལ་བཟང་ཁྲི་སྟོན་གྱི་མཛད་སྒོ་སྤེལ་ནས་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ཀྱིས་མཇལ་བཅར་ཞུས་ཏེ་“བསྐལ་པ་བཟང་”ཞེས་རྟེན་འབྲེལ་དང་མནྚལ་རྟེན་དོད་སོགས་ཕུལ་ཏེ་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་།
ཉིན་དེའི་དགོང་མོར་དམིགས་བསལ་གྱིས་ཕ་ཡུལ་གཅིག་པའི་མཆེད་གྲོགས་ཡོངས་ལ་གསོལ་སྟོན་རྒྱས་འབུལ་ཞུས་ཏེ་དགའ་དབྱངས་ཀུ་རེ་སོགས་ཀྱི་རྩེད་མཚར་སྣ་ཚོགས་ལ་རོལ་ནས་མཚན་མོའི་ཕྱག་ཚོད་བཅུ་གཉིས་ཡོལ་ཙམ་བར་དུ་བཞུགས། ཁོང་ནི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་བཅུ་བདུན་པའི་དགེ་བཤེས་བཅུ་གཉིས་ཡོད་པའི་ཨང་རིམ་གསུམ་པ་དང་། གདན་ས་སྨན་རིའི་གླིང་གི་དགེ་བཤེས་སྤྱིའི་ཨང་རིམ་གྱི་གྲངས་བརྒྱ་དང་བདུན་པ་བ་དེ་རེད།

ཕྱི་ཉིན་ཕྱི་ཟླ་ ༣ ཚེས་ ༡༨ ཉིན་ཕྱི་རྒྱལ་འཛམ་གླིང་ཡུལ་གྲུ་ཁག་ནས་ཆེད་དུ་ཕེབས་པའི་སྐུ་མགྲོན་རྣམས་དང་བོན་གཞིས་སློབ་ཕྲུག་སེར་སྐྱ་མང་ཚོགས་ཡོངས་ལ་གསོལ་སྟོན་རྒྱས་འབུལ་ཞུས་ནས་སྐབས་བཅུ་བདུན་པའི་སྨན་རིའི་དགེ་བཤེས་མཛད་སྒོ་ཡོངས་སུ་ལེགས་གྲུབ་ཞུས་ནས། དགོང་དྲོར་དགའ་སྤྲོས་རྣམ་པར་ཁེངས་ནས་ལས་རོགས་ནང་གཉེར་སོགས་ལ་ཐུགས་རྗེ་ཆེ་ཞུའི་བརྔན་པ་སོགས་གསོལ་བསྩལ་མཛད་ནས་དགོང་མོར་རྒྱུན་ལྡན་དགོང་ཟས་ལ་རོལ་གྲུབ་ནས་ཞལ་འདོན་གསུངས་པ་སོགས་མཛད་དེ་གཟིམ་གནང་མཛད།
ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༩ ཉིན་སྔ་དྲོའི་ཕྱག་ཚོད་དགུ་པ་ཙམ་ལ་གློ་བུར་དུ་སྙུང་གཞི་ཞིག་འཕར་ཏེ་གཟིམ་ཁྲིའི་སྟེང་ཆུ་ཚོད་གཅིག་ཙམ་ལ་བཞུགས། དེ་ནས་གང་མྱུར་ས་གནས་རྒྱལ་སའི་སྨན་ཁང་དུ་ཕེབས་ཡོད་པ་དང་ཕྱག་ཚོད་བཅུ་གཅིག་ཙམ་ལ་ས་གནས་སོ་ལན་(SOLAN)སྨན་ཁང་དུ་སྟབས་མ་ལེགས་པར་སྐུ་ཞི་བར་གཤེགས་གནང་མཛད་ཡོད་པ་བཅས་ཀྱི་མཛད་རྣམ་མདོར་བསྡུས་ཙམ་མོ།།

ཞེས་པ་འདི་ཡང་གང་གི་གྲོགས་ཀྱི་ཐུ་བོར་རློམ་པ་མར་ནང་ཚང་ཁྲི་གཡུང་དྲུང་དུ་འབོད་པས།
ཕྱི་ལོ་༢༠༡༤ཟླ་ ༤་ཚེས་༥ཉིན་ཐ་ཚན་མུ་ཙུག་སྨར་རོ།། །།

དཀར་ཆག
སྔོན་གླེང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ།
མཛད་རྣམ་མདོར་བསྡུས། རྩོམ་སྒྲིག་པ།(2)

དང་པོ། སྐྱོ་གདུང་སྙིང་གི་མུན་སེལ།
རྗེས་དྲན་གསོལ་འདེབས། བཤད་སྒྲུབ་མཁན་རིན་པོ་ཆེ།(2)
སྐྱོ་གདུང་སྙིང་གི་མུན་སེལ། མཁས་དབང་གཉའ་བློ་གྲོས་རྒྱལ་མཚན།(2)
བསྔོ་བ་ཟད་མེད་ལེགས་སྨོན། བྲག་དཀར་དགེ་བཤེས་རྣམ་རྒྱལ་ཉི་མ།(2)
སེམས་གཏིང་སྐྱོ་བས་སྦག་པའི་སྨྲེ་ངག ལྷ་གདོང་དགེ་བཤེས་བསོད་ནམས་རྒྱལ་མཚན།(2)
གདུང་འབོད་ཀྱི་མིག་ཆུ། དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མ།(2)
གློ་བུར་ཕེབས་དོན་ཅི་ཡིན་ནམ། དགེ་བཤེས་སྨོན་ལམ་མཐར་ཕྱིན།(2)
In the Memory of My Late Friend Late Geshe Tenzin Lhundup དགེ་བཤེས་གཞན་ཕན་བསམ་འགྲུབ།(2)
གཤིན་རྗེར་སྤྲིངས་པའི་གྱོད་གཏུག ཆོས་འཁོར་ཚང་ཉི་མ་འོད་ཟེར།(2)
རྗེས་དྲན་དང་བསྔོ་སྨོན། བྱ་འཕུར་ལྷུན་གྲུབ་རྒྱ་མཚོ།(2)
སྐྱོ་བའི་མིག་ཆུ། སྣང་རྒྱལ་ཤེས་རབ་དགེ་ལེགས།(2)
ནོར་འཛིན་གདོང་ལས་སྐྱོ་གཉེར་འཕར་མ་ཞིག བྲག་མགོ་ཚེ་དབང་རྒྱལ་མཚན།(2)
རྗེས་དྲན་དྲང་གཏམ་ཚོམ་བུ། དགེ་བཤེས་ཟླ་བ་རྣམ་རྒྱལ།(2)
དྲན་པའི་གདུང་དབྱངས། དགེ་བཤེས་གཡུང་དྲུང་བཀྲ་ཤིས།(2)

གཉིས་པ། ཡིད་སྨོན་རྒྱ་མཚོའི་གཏིང་ནས་ཁྱེད་ཞལ་ནི་སྒོམ་ཡོད།
རྗེས་དྲན་དད་པའི་སྙེ་མ། འཇུ་སྐལ་བཟང་ཕུན་ཚོགས།(2)
རྗེས་དྲན་མེ་ཏོག་རྐང་གཅིག ཞང་ཞུང་པ་འཕྲིན་ལས་རྒྱ་མཚོ།(2)
གློ་བུར་གྱེས་པ་ཕངས་པའི་གནས་སུ་གྱུར། ར་ནག་གཡུང་དྲུང་དབང་གྲགས།(2)
རྗེས་དྲན་སེམས་ཀྱི་འཆར་སྣང་། སྣང་རྒྱལ་ཤེས་རབ་བསམ་འཕེལ།(2)
རྗེས་དྲན་སེམས་ཀྱི་མིག་ཆུ། བྱ་འཕུར་ཚེ་དབང་རིག་འཛིན།
བརྗེད་དཀའ་བའི་རྣམ་འགྱུར། རྔ་བ་མཆོག་བཟང་།(2)
ཡིད་སྨོན་རྒྱ་མཚོའི་གཏིང་ནས་ཁྱེད་ཞལ་ནི་སྒོམ་ཡོད། སྤུ་བླ་གཡུང་དྲུང་སྐལ་བཟང་།(2)
ནུབ་རིའི་ཕག་ལ་ཡིབ་པའི་གསེར་མདོག་གཞོན་ནུ། ཨ་ཀྲོང་རིན་ཆེན་རྒྱལ་མཚན།(2)
གློ་བུར་ཞིང་དུ་གཤེགས་པ། ཟིང་ཆུ་བློ་གྲོས་བསྟན་དར།(2)
མིག་ཆུ་མཁུར་ལ་དཔྱངས་པའི་གཏམ་རྒྱུད་ཅིག ལུང་རྟོགས་བསྟན་པ་རབ་རྒྱས།(2)
རྗེས་དྲན་གྱི་སེམས་གསོ། རིན་སྤུངས་ཚུལ་བསྟན།(2)
རྗེས་དྲན་རེ་བའི་ཉི་གཞོན། རེབ་གོང་ལེགས་ལྡན་རྒྱ་མཚོ།(2)
རང་སེམས་མ་ནོན་ཁྱེད་ཀྱི་ཕྱོགས་སུ་འཁོར། རྔ་བ་བསམ་འགྲུབ།(2)
བཞུད་སྔ་བའི་རབ་འབྱམས་པ། རེབ་གོང་ནམ་མཁའ།(2)
ཤེས་བརྩོན་ཉི་ཟླའི་གཟི་འོད་འབར། ཁྲི་བསྟན་དར།(2)
རང་སེམས་སྐྱོ་བའི་མྱ་ངན་ཕྱོགས་སུ་གཏོར། གཟུངས་ཕྱུག་སྐྱིད།(2)
རྗེས་དྲན་ཟོལ་མེད་ཀྱི་མཆོད་པ། དུང་དཀར་བསྟན་པ་དར་རྒྱས།(2)
སྐྱོ་གདུང་གིས་བཙིར་བའི་མིག་ཆུ། སྟོང་རུ་གཡུང་དྲུང་བསྟན་པ།(2)

གསུམ་པ། དྲན་ངོགས་ཀྱི་ཁྱེད།
རྗེས་དྲན་མྱུར་འབྱོན་སྨོན་ལམ། བླ་མ་འཇིགས་མེད་བློ་གྲོས།(2)
ཤུ་རེ་ཁོ། ཁྲི་བདེ་མཆོག(2)
རིན་ཆེན་རྡོ་ལ་ཕོག་པའི་ཆག་སྒྲ། སྐྱིད་སྲས་དགེ་ལེགས་ཉི་མ།(2)
རྟོགས་བརྗོད་རྗེས་དྲན་མེ་ལོང་། དུང་དཀར་ནམ་མཁའ་རྒྱལ་མཚན།(2)
བཞུད་མ་རན་པའི་ཕོ་རྒོད། མར་ནང་སྐལ་བཟང་ཉི་མ།(2)
དྲན་ངོགས་ཀྱི་ཁྱེད། རེབ་སྐྱིད་བསྟན་འཛིན་འོད་ཟེར།(2)
གདུང་སེམས་ཀློང་ནས་བཏེགས་པའི་རྗེས་དྲན། ཁྲི་རིན་ཆེན་བློ་གྲོས།(2)
མྱ་ངན་གྱིས་སྐྱོམ་པའི་ན་ཟུག་འཕར་མ། ཁྲི་གཡུང་དྲུང་།(2)
བཀའ་དྲིན་ཆེ་ཞུ། རྩོམ་སྒྲིག་པ།(2)

དེབ་ཀྱི་མཇུག་བྱང་དང་འབྲེལ་བའི་བཀའ་དྲིན་ཆེ་ཞུ།

དེ་ཡང་རྗེས་དྲན་དེབ་ཆུང་<<སྐྱོ་གདུང་སྙིང་གི་མུན་སེལ་>>ཞེས་པ་འདི་ཡང་དཔར་བསྐྲུན་ལེགས་གྲུབ་བྱུང་བའི་ཉིན་མོ་འདིར། འདས་པོ་དགེ་བཤེས་དམ་པ་གང་གི་མི་ཚེའི་ཐོག་མཐའ་བར་གསུམ་དང་ཚེ་འདི་ཕྱི་གཉིས་ཀའི་ལམ་སྟོན་དང་མགོན་སྐྱོབས་མཛད་པོ་ྋའཛམ་གླིང་བོན་གྱི་གཙུག་རྒྱན་དམ་པ་ས་གསུམ་ན་འགྲན་པའི་ཟླ་མ་མཆིས་པ་༧རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཞལ་ཚབ་ཞྭ་དཀར་བསྟན་པའི་གཙུག་རྒྱན། ༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་རིན་པོ་ཆེ་མཆོག་དང་། གཞན་ཡང་སྨྲ་བའི་ཁྱུ་མཆོག་ཆེན་མོ་༧སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་དང་། སྒོས་སུ་སྡེ་སྣོད་སྨྲ་བའི་བཤེས་གཉེན་ཆེན་མོ་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས་བཅས་ལ་ཞིང་གཤེགས་དམ་པ་གང་གི་ཚབ་བྱས་ཏེ་སྒོ་གསུམ་གུས་འདུད་བླ་མེད་ཀྱིས་བཀའ་དྲིན་རྗེས་དྲན་ཞུ་དགོས་ཡོད།
ཁྱད་པར་དུ་ཞིང་གཤེགས་དམ་པའི་འདས་མཆོད་སོགས་ལ་རྒྱུ་ཚེགས་གཉིས་ཀས་རོགས་འདེགས་མཛད་པོ་ཁོང་དང་དམ་ཚིག་ཆིག་སྦྲེལ་གྱི་འཛིན་གྲྭ་གཅིག་པའི་མཆེད་གྲོགས་དགེ་བཤེས་རྣམས་དང་། ད་དུང་གདུང་སྲེག་མཆོད་འབུལ་སོགས་ལ་ཐུགས་ངལ་མཛད་མཁན་སྨན་རིའི་གྲྭ་ཚང་གི་གཉེར་བ་གཙོས་དགེ་འདུན་པ་ཡོངས་དང་། དེ་མིན་གྱི་འདས་མཆོད་ལ་རྒྱུ་ཚེགས་གཉིས་ཀའི་དངོས་ཤུགས་བརྒྱུད་གསུམ་ནས་རོགས་འདེགས་གནང་མཁན་ས་ཐག་ཉེ་རིང་གང་ན་སུ་བཞུགས་ཡོངས་ལ་ཞིང་གཤེགས་དམ་པའི་ཚབ་བྱས་ཏེ་ལག་ཟུང་ཐལ་སྦྱར་གྱིས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ།

ལྷག་དོན་དུ་དེབ་ཆུང་འདི་ཉིད་དཔར་དུ་བསྐྲུན་པའི་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་མཁན་འདས་པོ་གང་གི་མཆེད་གྲོགས་བླ་མ་འཇིགས་མེད་བློ་གྲོས་ལགས་ནས་སྒོར་སུམ་སྟོང་ཐམ་པ། འཇུ་སྐལ་བཟང་ཕུན་ཚོགས་ལགས་ནས་སྒོར་གཅིག་སྟོང་། ཨེར་ཏི་དོན་འགྲུབ་ལགས་ནས་སྒོར་གཅིག་སྟོང་། ཆབ་ཆ་གནམ་ལྷ་དང་ལྷ་མཚོ་སྐྱིད་གཉིས་ནས་སྒོར་གཅིག་སྟོང་། ཨཅརྱ་སངས་རྒྱས་ལྷུན་གྲུབ་ནེ་གེ་ལགས་ནས་སྒོར་ལྔ་སྟོང་། ཁུ་ནུ་བ་ཆོས་བཟང་ལགས་ནས་སྒོར་ལྔ་སྟོང་། བུ་མོ་Asha Ranaལགས་ནས་སྒོར་ཆིག་ཁྲི་ཐམ་པ་བཅས་བསྩལ་འབྱོར་བྱུང་བ་ལ་བརྟེན་ནས་ལེགས་གྲུབ་བྱུང་བ་ཡིན་པས། སྐབས་འདིར་ཡང་ཁོ་བོས་གཏོང་ཕོད་ལྡན་པའི་སྦྱིན་བདག་ཁག་ལ་ཞེ་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་ཁོང་ཅག་གི་ཐུགས་འདུན་ཀེག་མེད་དུ་གྲུབ་པའི་སྨོན་འདུན་ཡང་ཞུ་བཞིན་ཡོད།
དེ་མིན་རྗེས་དྲན་གྱི་དེབ་ཆུང་འདི་ཙམ་ལ་ཡང་གལ་ཆེན་དང་བརྩེ་གཟིགས་ཀྱིས་ཐོག་མའི་གླེང་བརྗོད་མཛད་པོ་༧སྐྱབས་རྗེ་རྒྱལ་བ་སྨན་རིའི་དཔོན་སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་ལ་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཡང་སྒོས་སུ་ཞིང་གཤེགས་དམ་པ་གང་གི་ཆེད་དུ་གདུང་སེམས་མཉམ་བསྐྱེད་ཀྱིས་མ་བསྐུལ་བཏང་བླངས་དང་བསྐུལ་བ་རྩིས་ཆེན་གྱིས་རྗེས་དྲན་རྩོམ་ཡིག་འབྲི་གནང་མཁན་ཡོངས་དང་། མདོར་ན་དེབ་ཆུང་འདི་ལ་འབྲེལ་ཡོད་རྒྱབ་སྐྱོར་གནང་མཁན་ཀུན་ལ་སྙིང་དབུས་རུས་གསེང་ནས་བཀའ་དྲིན་ཐུགས་རྗེ་ཆེ་ཞུ།

མཇུག་མཐར་རྗེས་དྲན་དེབ་ཆུང་འདི་ཉིད་ཕྱག་སོན་བྱུང་བའི་རྒྱ་ཆེ་བའི་ཀློག་པ་པོ་ཡོངས་ཀྱིས་ཞིང་གཤེགས་དམ་པ་གང་ལ་ཐུགས་སྨོན་དང་སྐྱབས་འཇུག་རེ་གནང་རྒྱུར་ཅིས་ཀྱང་ཐུགས་རྗེས་གཟིགས་ཞེས་འཕགས་ཡུལ་བྱང་མཐའི་གདན་ས་སྨན་རིའི་གླིང་ནས།

ཁྲི་གཡུང་དྲུང་གིས་ཕྱི་ལོ་༢༠༡༤ཟླ་༥ཚེས་༡༠ཉིན་ལ་སྦྱར་པ་ཐ་ཚན་མུ་ཙུག་སྨར་རོ།།

སྣ་ཚོགས།

Post navigation

Previous Post: ཕུན་དབང་རྗེས་དྲན་སྐབས་གནང་བའི་གསུང་བཤད་ཆ་ཚང་།
Next Post: ཨེ་ཛིའི་ནད་དུག་ཅན་གྱི་བོད་མོ་སྦྲུམ་མ་ཞིག་གིས་ང་ཚོར་བཤད་པའི་སྐད་ཆ་དྲོན་མོ།

Comment (1) on “༧སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་གྱི་རྗེས་དྲན་སྙན་རྩོམ་ཕྱོགས་བསྒྲིགས།”

  1. ལྷ་སྡེ་གནམ་ལོ་ཡག says:
    2014-06-02 at 10:35 pm

    དེབ་ཀྱི་སྦྱིན་བདག་སྐུ་ཚེ་བརྟན་པ་དང་། །
    དེབ་ཀྱི་བརྗོད་བྱས་མི་རྣམས་བཀུག་གྱུར་ནས།།
    དགེ་བཤེས་མཆོག་གི་མཛད་པའི་ཆ་མ་ལུས།།
    ལག་པའི་མཐིལ་ལ་བླངས་ལྟར་གྱུར་ཅིག་གུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme