Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧སྐུའི་འཁྲུངས་སྐར་གྱི་སྨོན་ལམ་དོན་གྱི་ལོ་ཏོག

Posted on 2015-06-232015-06-23 By ཁ་བརྡ 25 Comments on ༧སྐུའི་འཁྲུངས་སྐར་གྱི་སྨོན་ལམ་དོན་གྱི་ལོ་ཏོག

2015-05-29-TCV-G12

དྲི་མེད་ལྷག་བསམ།

རྒྱལ་བ་ཚེ་མཐའ་ཡས་ལ་ཕྱག་འཚལ་ལོ།།
ཞི་བདེའི་དེད་དཔོན་ལོ་བརྒྱར་ཞབས་བརྟན་ཤོག །
འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།
བྱམས་དང་སྙིང་རྗེའི་བདག་རྒྱུད་ཕྱུག་པར་ཤོག །
ཨ་ཐ།། སྐྱེ་བ་སྔ་ཕྱིའི་མངོན་ཤེས་ང་ལ་མེད།།
སྤྱན་རས་གཟིགས་ཀྱི་བདེན་དཔང་མི་རྙེད་ཀྱང་།།
ཁྱོད་ལས་ལྷག་པའི་ཐུགས་རྗེའི་དབང་ཕྱུག་ཅིག །
སྲིད་འདིར་མ་རྙེད་ཚེ་རབས་སྐྱབས་སུ་བསྟེན།།
འཛམ་གླིང་ཞི་བདེ་སྨོན་པའི་ཡུལ་ལས་མེད།།
རང་ཡུལ་ཞི་བདེའི་བདེན་མཐའ་མ་རིག་ཀྱང་།།
ལས་དང་རྣམ་པར་སྨིན་པ་མི་གཉེར་བར།།
སྐུ་ཚེར་ཞི་བདེ་དོན་གཉེར་ཁྱོད་གཅིག་པུ།།
བསིལ་རིའི་བདག་པོ་སུ་ཡིན་ཆ་མ་འཚལ།།
བོད་དོན་འཐབ་རྩོད་མཁན་ཡང་ཉུང་བ་མིན།།
བདེ་སྡུག་ལོག་སྒྲུབ་གང་བྱུང་ལམ་ཁྱེར་དུ།།
ཚེ་གཅིག་བོད་མི་སྐྱོང་མཛད་ཁྱོད་དུ་ངེས།།
ཐུབ་པའི་བསྟན་འཛིན་བོད་མི་གཅིག་པུ་མིན།།
བཤད་སྒྲུབ་ལས་གསུམ་འཁོར་ལོའི་བདག་ཉིད་མང་།།
མདོ་སྔགས་ཚན་རིག་རྟེན་འབྱུང་བདེན་པ་རུ།།
ཟབ་གནད་གཅིག་ཤེས་ཀུན་གྲོལ་ཁྱོད་དུ་ངེས།།
མཐོན་པོའི་གནམ་ཡིན་མགོ་འདྲེན་ཁྱོད་དུ་ངེས།།
ཡངས་པའི་ས་ཡིན་རྟེན་ས་ཁྱོད་ལ་རེ།།
གཅེས་པའི་ཕ་ཡིན་བསླབ་བྱ་སེམས་ལ་འཛིན།།
བརྩེ་བའི་མ་ཡིན་དྲིན་ལན་གཞལ་དུ་མེད།།
མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་པར།།
དྲིན་ཤེས་ལན་འཇལ་དམ་ཚིག་འདའ་བ་མེད།།
འཛམ་གླིང་ཞི་བདེ་མཐར་ཐུག་མྱང་འདས་སུ།།
སྦྱོར་བའི་ཕྲིན་ལས་བྱེད་པོར་འགྱུར་བར་ཤོག །

ཅེས་པའང་དྲི་མེད་ལྷག་བསམ་གྱིས་སྙིང་ནས་སྨོན་པ་དགེ། །

སྙན་ངག

Post navigation

Previous Post: སྐྱེས་ཆེན་ཁྱེད་གཅིག་ང་ཡི་ཕྱག་བྱའི་ཡུལ།།
Next Post: དོལ་རྒྱལ་ཚོགས་པ་དང་རྒྱ་ནག་གུང་ཁྲན་བར་གྱི་འབྲེལ་བ།

Comments (25) on “༧སྐུའི་འཁྲུངས་སྐར་གྱི་སྨོན་ལམ་དོན་གྱི་ལོ་ཏོག”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-06-23 at 1:52 pm

    དྲི་མེད་ལྷག་བསམ་གྱིས་སྙིང་ནས་སྨོན་པ་དེ་༧ཕྱག་ན་པད་དཀར་འཆང་བ་འཕགས་པ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་མྱུར་བ་ཉིད་དུ་འགྲུབ་པར་གྱུར་ཅིག །

  2. པདྨ says:
    2015-06-24 at 4:03 am

    ཁ་བརྡ་དྲ་ཐོག་ནས་གྱ་རྩོམ་མང་རབས་ཞིག་ལས་འདིས་ལྷག་གི་རྩོམ་ཞིག་རིག་མ་སོང་།ངོ་མ་ཡག་པོ་བྲིས་འདུག

  3. པདྨ says:
    2015-06-24 at 4:03 am

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།
    དིལ་མགོན་མཁྱེན་བརྩེ་རིན་པོ་ཆེས་གསུངས་སོ།།

  4. ཇུས་ཏོག་ says:
    2015-06-24 at 4:32 am

    དེལ་མགོན་མཁྱེན་བརྩེ་རིན་པོ་ཆེའི་མཛད་པ་རེད་དམ་
    དེལ་མགོན་མཁྱེན་བརྩེ་རིན་པོ་ཆེའི་ཞུས་ནས་གོང་ས་
    མཆོག་གི་མཛད་པ་རེད་གསལ་བཤད་གནང་རོགས་།

  5. པདྨ says:
    2015-06-24 at 7:05 am

    འདིར་བཀུར་འོས་པའི་མཁས་དབང་དྲི་མེད་ལྷག་བསམ་མཆོག་ལ་ཞུ་བྱ།
    མཆོག་ཉིད་སྔོན་མར་ངོས་ནས་དྲ་ཐོག་ནས་ཨེ་མ་ཧོ་ཡིན་སེམས་ནས་སྒྲོ་བཀུར་ཅུང་ཞུ་ཤོར་མྱོང་བས་དགོངས་པ་མ་ཚོམས་ཞུ།
    འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་། ཟླ་འདིའི་ཚེས་བཟང་ལ་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གི་འཁྲུངས་སྐར་ལ་མཆོག་གིས་བརྟན་བཞུགས་སྨོན་གསོལ་ཀུན་མཁྱེན་གྱི་ལོ་རྒྱུས་དངོས་ཡོད་ཀྱི་རང་བཞིན་བརྗོད་པའི་གསུང་གིས་རྩོམ་ཞིག་ཡོད་པར་མཁྱེན་ནོ།
    ངོས་གཙོ་སྒྲིག་གནང་བའི་རྒྱུན་བཀོལ་མིང་མཛོད་གསར་པ་ལས་ནས་བགྲང་བྱ་བཅུར་ཕེབས་ལ་ཉེ། བགྲང་བྱ་བཅུའི་རིང་གི་ལོ་སར་དང་། དུས་ཆེན་སོགས་ཀྱི་དུས་ཚོད་དམ་འཛིན་བྱས་ནས་ད་ལྟའི་བར་ཚོགས་འདུ་ཐེངས་ཉེར་བདུན་ཚོགས། ཚོགས་ཐེངས་རེ་ལ་ཕལ་ཆེར་ཉིན་བཅོ་ལྔ་ཙམ་འཚོགས་བཞིན་འདུག བགྲང་བྱ་བཅུའི་རིང་དུ་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགེ་རྒན་བཅུ་ཕྲག་ཁ་ཤས་ཀྱིས་མཁན་རིན་པོ་ཆེའི་མཐའ་སྐོར་དུ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བྱ་གཞག་འདིར་རིན་མེད་དུ་འབད་པ་གནང་ཞིང་། ཚང་མས་ཕྱར་བ་གྲུ་འདེགས་བྱས་པ་འདི་འདྲ་བྱུང་བར་། ང་རང་ལ་ཡོན་ཏན་སྣ་གཅིག་མེད་ཀྱང་བྱ་གཞག་འདི་ལ་དགའ་ཞེན་ནི་ཟབ་མོ་ཞིག་ཡོད་པས་ལོ་ངོ་བཅུའི་རིང་དུ་རྒན་བཟང་པོ་འདི་ཚོ་དང་མཉམ་དུ་ལས་ཀ་བསྒྲུབ་རྒྱུའི་སྐལ་བ་བྱུང་བ་ནི་སྔོན་བསགས་ཀྱི་བསོད་ནམས་ཤིག་ལ་བསྒོམས་ཡོད། ལོ་ངོ་བཅུའི་རིང་དུ་བོད་ཀྱི་ས་ཁུལ་སོ་སོ་ལ་བོད་སྐད་གཙང་མ་བཤད་པའི་ཚ་རླབས་དྲག་པོ་ཞིག་འཕྱུར་བྱུང་ལ། ཁྱད་པར་དུ་དམངས་ཁྲོད་ནས་བོད་སྐད་ལ་དོ་སྣང་བྱེད་མཁན་ཆེ་རུ་འགྲོ་བཞིན་པས་ངོ་མ་སེམས་བསམ་པའི་གཏིང་ནས་དགའ་བ་ཞིག་རེད། རེད་དེ་ང་ཚོ་བོད་པ་ཚོའི་ཡོན་ཏན་པའི་སྡེ་ནི་རང་ལ་ལས་མེད། གཞན་ལ་མགུ་མེད་ཅེས་པའི་དཔེ་ལྟར་ཡར་བཤད་མར་བཤད་དང་། ཕྱོགས་རིས་འཐེན་འཁྱེར་བྱས་ནས་བོད་སྐད་དག་མ་ཞིག་བཤད་རྒྱུ་ནི་དོན་ཆུང་ཞིག་རེད་སྙམ་བཞིན་འདུག་པའི་ཐེ་ཚོམ་རེ་ཡང་འདུག མཇུག་མཐར། ངོས་གནས་མཆོག་རི་བོ་རྩེ་ལྔ་ནས་རང་གི་འཕྲིན་ཕྲན་གྲོགས་པོ་ཡོངས་ལ་ཕ་སྐད་ལ་དོ་སྣང་སྔར་ལས་ཆེ་ཙམ་དང་། ང་ཚོས་གཅིག་ཕན་གཅིག་གྲོགས་ཀྱིས་བོད་ཀྱི་རིག་གནས་མཐའ་དག་ཡར་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་སྤེལ་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།

  6. པདྨ says:
    2015-06-24 at 9:03 am

    ཇུས་ཏོག་པས་གནད་ལ་ཁེལ་བ་བྲིས་སོང་། ངོས་ནས་དཔྱོད་ན་དམིགས་བརྩེ་མ་འདྲ་བོ་ཆགས་སོང་ཡོད་ས་རེད་དྲན། གང་ཡིན་ན་དང་པོ་གོང་ས་མཆོག་གིས་དིལ་མཁྱེན་ལ་ཕུལ་བ་སླར་ཞབས་བརྟན་དུ་བས་རྟེན་འབྲེལ་དང་ཟབ་གནད་ཆེ་བར་ངག་རྒྱུན་ལས་ཐོས། དབྱིན་ཡིག་འགའ་རེས་༧གོང་ས་མཆོག་གིས་གསུངསབར་བཤད་འདུག མ་དག་རྒྱུན་འབྱམས་ལས་རྩོམ་པ་པོས་དིལ་མཁྱེན་ལ་འབུལ་ཡང་སྐྱར་རྒྱལ་དབང་ཉིད་ཀྱིས་བདག་གིར་བཞེས་པར་སྣང་ངོ་།།

  7. དྲི་མེད་ལྷག་བསམ། says:
    2015-06-24 at 12:44 pm

    ་ཁ་བརྡ་ཚང་གིས་ཞབས་བསྟན་སྨོན་ལམ་ཁོལ་བུར་བཀོད་པར་ཐུགས་རྗེ་ཆེ་ཞུ། ཚིག་དོན་ཆ་ནས་སྤོབས་པ་སྐྱེ་འོས་མེད་ཀྱང་དྲི་མ་མེད་པའི་སེམས་ཚོར་ཉག་གཅིག་གོ །

  8. དྲི་མེད་ལྷག་བསམ། says:
    2015-06-24 at 12:46 pm

    རྒན་ལ་དྭགས་པར་བཀྲ་ཤིས་བདེ་ལེགས་ཞུ། །སྐུ་ཚེ་བརྟན་པར་ཤོག །

  9. དྲི་མེད་ལྷག་བསམ། says:
    2015-06-24 at 12:52 pm

    པདྨ་ལགས་ནི་སྤོབས་པ་བརྟན་ཞིང་བློ་གྲོས་མྱུར་བའི་བདག་ཉིད་ཡིན་པས། སྐབས་རེར་སྐུ་རྩེད་དང་། དོན་གཞན། ཤུགས་བསྟན། བདེན་གཏམ་ཞལ་ཚན་ཆེ་བ་རེ་གནང་བ་ནི་ཕྲན་ལྟ་བུར་སྣག་ཐོག་གཙག་བུ་དང་། བསླབ་བྱ་གནང་བར་མི་དགའ་བ་མེད་པར་མ་ཟད་ཐུགས་རྗེ་ཆེ་ཞུ། ངོ་དགའ་སྤྲེལ་ལད་ཀྱིས་མི་ཚེ་སྐྱེལ་བ་ལ་རིན་ཐང་དེ་ཙམ་མེད་པས་གོང་ཚད་ལྕི་བའི་དཔྱད་བརྗོད་མི་མཐུད་དུ་སྤེལ་བར་ཞུ།

  10. ཁྱུང་སེ། says:
    2015-06-24 at 1:36 pm

    རྒན་ལ་དྭགས་པའི་ཚབ་ཞུས་ཏེ། ཁྱེད་ཀྱིས་་་་༼ཞབས་བསྟན༽ ཞབས་བརྟན་ཅེས་པར་བཅོས་དགོས་པ་འདྲ་ཞིག་སེམས།

  11. པདྨ says:
    2015-06-24 at 2:23 pm

    བཀུར་འོས་པའི་མཁས་དབང་གིས་བཀའ་ལན་གནང་བར་བཀའ་དྲིན་ཆེའོ།། སླར་ཡང་མཆོག་གིས་གནང་དགོས་པའི་ཀུན་མཁྱེན་བླ་མ་ལ་དྲི་མེད་ལྷག་བསམ་གྱིས་སྨྱུག་རྩལ་དང་ཐུགས་དམ་མི་ལྷོད་པར་མཁྱེན་ནོ།།

  12. པདྨ says:
    2015-06-24 at 2:26 pm

    ཡང་སྐྱར་ཞུས་ན་མ་རྩོམ་གཞི་མར་འདི་ལྟར་མཆིས།
    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་རབ་གསལ་ཟླ་བ་ལ།།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།
    ཅེས་པར་ཐོས་མངོན་ནོ།།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-06-24 at 2:37 pm

    དྲི་མེད་ལགས་ཀྱི་འཁྲུངས་བསྟོད་ཤིནད་ཏུ་ལེགས།
    འོནད་ཀྱང་།
    ་
    བཤད་སྒྲུབ་ལས་གསུམ་འཁོར་ལོའི་བདག་ཉིད་མང་།།
    ་
    འདི་ལ། མཁས་དབང་ཟབ་གདོང་རིན་པོ་ཆེ་མཆོག་གིས། རྒྱ་གར་ནང་ཆོས་ནང་ལ། བཤད་སྒྲུབ་གཉིས་ལས། བྱ་བ་ལས་ཀྱི་འཁོར་ལོ་ཞེས་གསུམ་པ་ཞིག་མི་འདུག་གསུངས་འདུག་པས། ཐེག་དམན་ལུགས་སུ་འཁོར་ལོ་གཉིས་ཙམ་ལས་མེད་ཀྱང་། ཐེག་ཆེན་ལ་འཁོར་ལོ་གསུམ་ཡོད་པའི་ཁུངས་སུས་གསུངས་ཐུབ་བམ། ཡང་ན་། ཐེག་པ་ཆེ་ཆུང་གཉིས་ཀ་ལ་གསུམ་ཡོད་པའི་ཁུངས་ཤིག་སྟོན་རྒྱུ་ཡོད་དམ། མེད། ལགས།

  14. དྲི་མེད་ལྷག་བསམ། says:
    2015-06-25 at 12:56 am

    བཀུར་འོས་ཀ་རྡོ་ལེགས། བྱ་བ་ལས་ཀྱི་འཁོར་ལོ་ལ་བོད་གཞུང་ལས། རྒྱ་གཞུང་གི་ཁུངས་རེ་ཞིག་དྲན་སོང་། རྩེད་མོ་ཞིག་ཞུ་ན། བྱ་བ་ལས་ཀྱི་འཁོར་ལོ་ཀརྨ་པ་ལ་འདྲི་བར་བྱ་སྟེ། དུས་གསུམ་བདེ་བར་གཤེགས་པའི་འཕྲིན་ལས་ཀྱི་བྱ་བ་ལས་ཀྱི་འཁོར་ལོའི་བྱེད་པ་པོར་ཞལ་གྱིས་བཞེས་པའི་ཕྱིར་རོ། །རྒྱ་གར་ན་མེད་ན་བོན་གྱིས་ཡིན་པར་ངེས་སྟེ་བོད་ཀྱི་བླ་མ་ཕལ་མོ་ཆེ་རྣམ་ཐར་ལ་ཡོངས་སུ་གྲགས་སོ༎ སྤྱིར་གསུང་གི་ཆོས་འཆད་རྩོད་རྩོམ་གསུམ་གྱི་མཛད་པ་བཤད་པ་དང་། དེ་དོན་སེམས་ཤིང་སྒོམ་པ་གནང་བ་ཐུགས་ཀྱི་ཆོས་སྒྲུབ་པ། བཤད་སྒྲུབ་ཀྱི་བྱ་བ་རྒྱུན་མི་ཆད་པར་གནང་བ་བྱ་བ་འཕྲིན་ལས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལ་མི་ཟད་པ་རྒྱན་གྱི་འཁོར་ལོ་སྦྱོར་བ་སྔགས་ཀྱི་ལུགས། དེ་ལ་སྐུ་གཅིག། སྐུ་གསུམ། སྐུ་ལྔ་སོགས་དབྱེ་བསྡུ་སྣ་ཚོགས་འཕགས་བོད་ཀྱི་གཞུང་འགྲེལ་ཚད་ལྡན་ཀུན་ལས་བྱུང་། སྐུ་གསུང་ཐུགས། ཐུགས་གསུང་སྐུ། ཐུགས་གསུང་སྐུ་ཡི་འཕྲིན་ལས་ཉིད་ལས་སྣ་ཚོགས་ཞིང་དང་སྤྲུལ་བའི་འཁོར་ལོ་ཀུན་ཏུ་ཁྱབ། །ཚིག་མཛོད་ཀྱི་དག་ཆ་ནང་བཞིན་བོད་ཀྱི་ནང་ཆོས་ཀྱི་ཐ་སྙད་རྒྱ་གར་ལ་རེ་རེ་བཞིན་ཕྱིར་རྩིས་འབུལ་་དགོས་ན་བརྒྱ་ཆའི་ལྔ་བཅུ་ཙམ་ཁུངས་མེད་དུ་མི་འགྱུར་རམ། རྩིས་ལ་མ་ཕོག་པ་ཐམས་ཅད་བོན་ལ་འབུལ་བར་ཞུ། ཡང་ཆོས་འཁོར་གསུམ་ཡང་ཐེག་དམན་ལ་མེད་ཀྱང་། མདོ་སྡེ་དགོངས་པ་ངེས་འགྲེལ་སོགས་ཀྱི་དངོས་བསྟན་ཏུ་གྲུབ་པས་བོད་ཀྱི་མཁས་པ་ཕལ་མོ་ཆེས་ཞལ་བཞེས་གནང་པ་བཞིན་ནོ།། ཟམ་གདོང་རིན་པོ་ཆེ་བཀའ་དྲིན་དང་ཡོན་ཏན་གཉིས་ཀྱིས་ཆེ་བ་བཀུར་འོས་ཀྱི་མི་སྣ་ལེགས་ཀྱང་། གསུང་གང་ཡིན་ཡང་རང་ཉིད་ལས་མིག་ལྡན་གཞན་ན་མེད་པ་ལྟ་བུ་དང་། ཐལ་དྲག་པའི་ཁ་ཚོན་གཅོད་པ་སོགས་སྐུ་གཤིས་སུ་གྲུབ་པས་དམ་པ་དེ་ཉིད་ཀྱི་བཀའ་སློབ་ཀྱང་ལེགས་པར་བརྟགས་ནས་ལེན་པར་བྱའོ། །

  15. དྲི་མེད་ལྷག་བསམ། says:
    2015-06-25 at 1:03 am

    ཁྱུང་སེ་ལེགས་བཀའ་དྲིན་ཆེ། རྒན་ལ་དྭགས་པའི་ཚབ་བྱེད་པ་ལ་མ་ཤིའི་བར་ཏུ་བོད་ཀྱི་སྐད་ཡིག་གཙུག་ལག་བསྙེལ་བ་མེད་པའི་འཛིན་སྐྱོང་གནང་རྒྱུ་དང་། སྐྱོན་བརྗོད་ཅི་བྱུང་འཛིན་པ་མེད་པར་ཡན་གར་ཏུ་གཏོང་བའི་བློ་ཐགཆོད་པོ་ཞིག་དགོས་པ་ཐུགས་ལ་འཛིན་པར་ཞུ། །

  16. དྲི་མེད་ལྷག་བསམ། says:
    2015-06-25 at 1:11 am

    སྤོབས་པའི་བདག་ཉིད་པདྨ་ལེགས། མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ནི་བོད་མི་རིགས་ཀྱི་གཞོན་སྐྱེས་ཁྲོད་གུས་བཀུར་ཞུ་ས་ཨང་དང་པོ་དེ་ཡིན། སྤྱིར་བཏང་གི་གསུང་བཤད་ལ་ཉན་པ་ཙམ་ལས་དམིགས་བསལ་ཀྱི་ཆོས་ཀྱི་འབྲེལ་བ་སོགས་མེད་མོད། དམ་པ་གང་གི་རྣམ་པར་ཐར་བ་ལ་རྗེས་སུ་ཕྱོགས་པའི་ངག་རྩོམ་ཞིག་དུས་ཚོད་དལ། སེམས་ཁམས་དྭངས་པའི་ཡིན་མོ་ཞིག་ལ་བྲིས་ཡོང་། སྐུ་ཚེ་རིང་། །

  17. པདྨ says:
    2015-06-25 at 4:27 am

    མཁས་དབང་དམ་པ་དྲི་མེད་ལྷག་བསམ་གྱིས་ཞལ་བཞེས་གནང་སྙིང་ནས་དགའ་ཚོར་བྱུང་། སྐུ་ཁམས་དྭངས་ཞིང་ཐུགས་རྗེ་དྲི་མ་མེད་པའི་ཟླ་གཞོན་ལ་གློ་བུར་རྡུལ་སྤྲིན་གྱིས་མ་གོས་པར་འཇིག་རྟེན་དགའ་བའི་ཀུ་མུད་རྒྱན་དུ་སྐུ་ཚེ་བརྟན་སྨོན་བཅས།།

  18. པདྨ says:
    2015-06-25 at 4:28 am

    དྲི་མེད་ལྷག་བསམ་གྱི་ཞབས་བརྟན་ཀུ་མུད་དཀར་པོའི་ཕྲེང་བ།
    ཨོཾ་སྭ་སྟི།།
    དྲི་མེད་འོད་ཟེར་བརྒྱུད་པའི་བྱིན་རླབས་ཅན།།
    ལྷག་བསམ་མཚུངས་མེད་མཁས་གྲུབ་རྒྱལ་བའི་སྲས།།
    བསྟན་དང་འགྲོ་བར་ཕན་བདེ་རྟག་དགོངས་པའི།།
    བཤེས་གཉེན་དམ་པའི་སྐུ་ཚེ་བརྟན་པར་ཤོག།
    འཆད་པའི་ངག་ལ་འཇམ་དཔལ་དགྱེས་པའི་གར།།
    རྩོད་པའི་ཐལ་སྒྲ་བདེན་པའི་འབྲུག་སྒྲ་སྙན།།
    རྩོམ་པའི་སྡེབ་སྦྱོར་རང་བཞིན་བརྗོད་པའི་རྒྱན།།
    མཁས་དབང་དམ་པའི་སྐུ་ཚེ་བརྟན་པར་ཤོག།
    མང་ཐོས་ལུང་རིགས་ཕྱུག་པའི་མཁས་དབང་ཆེ།།
    དྲི་མེད་ལྷག་བསམ་ཕྱུག་པའི་བཙུན་པ་མཆོག།
    བཟང་པོ་སྤྱོད་པའི་དུས་བཟང་རྟག་རོལ་ནས།།
    ཀུན་བཟང་རྒྱལ་བའི་བསྟན་པ་སྤེལ་གྱུར་ཅིག།
    ཅེས་པ་འདི་ཡང་དངོས་མིང་རྫོགས་ཆེན་པ་པདྨ་གར་གྱི་དབང་ཕྱུག་ཏུ་འབོད་པས་རང་དང་ཆོས་རྒྱུད་གཅིག་པའི་དྲི་མེད་ལྷག་བསམ་ཞེས་པ་མཆན་ཞབས་པ་དེ་ལ་སྐུ་ཚེ་བརྟན་པའི་སྨོན་ལམ་དུ་སྙིང་ནས་རང་ཤག་གསུང་རབ་ནོར་བུའི་གཏེར་མཛོད་ནས་གུས་པས་གསོལ་བ་འདེབས་པར་དགེའོ།།།།

  19. ཀརྡོ་གཉེར་ཕྱག་པ་ says:
    2015-06-25 at 10:46 am

    མཁྱེན་ཡངས་དྲི་མེད་ལྷག་བསམ་ལགས།
    ཐེག་ཆེན་དགེ་སློང་གིས་སྐུ་གསུང་ཐུགས་གསུམ་གྱི་རྟེན། སྐུ་འདྲ། གསུང་རབས་པོ་ཏི། མཆོད་རྟེན་བཞེང་བསྐྲུན་གནང་པ་དག བྱ་བ་ལས་ཀྱི་འཁོར་ལོ་ཡིན་དགོས་ལ།
    ཐེག་དམན་ལ་ཡང་། དགེ་འདུན་གྱི་ཞལ་ཏ་བ་ཚད་ལྡན་གྱིས། དགེ་འདུན་གྱི་འཚོ་བ་འཚོལ་བ་དང་སྦྱར་བ་སོགས་ཀྱང་། བྱ་བ་ལས་ཀྱི་འཁོར་ལོ་ལས། ཀློག་པ་ཐོས་བསམ་དང་། སྤོང་བ་བསམ་གཏན་གཉིས་སུ་མ་བསྡུས་པས། འཁོར་ལོ་གསུམ་པ་ཞིག་དགོས་ཀྱང་། རྒྱ་གཞུང་ལ་མེད་དགོས་དོན་ཡང་ཤེས་མ་སོང་བས་སོ།།

  20. ཀརྡོ་གཉེར་ཕྱག་པ་ says:
    2015-06-26 at 3:16 am

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག །
    ཅེས་པ་འདི་བཞིན་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་ནས་གསོལ་འདེབས་ཞུ་བསྐུལ་མཛད་ངོར་༸རྒྱལ་དབང་རྡོ་རྗེ་འཆང་གང་ཉིད་ཀྱི་ཞལ་གསུང་མ་བྱིན་རླབས་ཤིན་ཏུ་ཆེ་བ་ལགས་ན། དད་ལྡན་སེར་སྐྱ་ཚང་མས་ཞལ་འདོན་དུ་མཛད་གལ་ཆེའོ།།
    ཞེས་གསུངས་འདུག

  21. ཀརྡོ་གཉེར་ཕྱག་པ་ says:
    2015-06-26 at 3:18 am

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག །

  22. དྲི་མེད་ལྷག་བསམ། says:
    2015-06-26 at 3:36 am

    རྫོགས་ཆེན་པ་པདྨ་གར་གྱི་དབང་ཕྱུག་ལེགས་ལ། པདྨ་ཀཱ་རའི་གསུང་གི་བཅུད་འཐུང་ཞིང་། །བདེན་གཏམ་སྨྲ་ལ་རྡོ་རྗེའི་ལྗགས་རིང་བའི། །སྲིད་པའི་ཁམས་སུ་སྒྱུ་མའི་གར་བསྒྱུར་མཁན། །སྤོབས་པའི་དབང་ཕྱུག་རིང་དུ་འཚོ་བར་ཤོག ། །དྲི་མེད་པས། །

  23. དྲི་མེད་ལྷག་བསམ། says:
    2015-06-26 at 3:43 am

    བཀུར་འོས་ཀ་རྡོ་ལེགས། གསུང་པ་མད། འཁོར་ལོ་གསུམ་དོན་གྱིས་མདོ་རྒྱུད་ཀུན་ན་བཞུགས་པ་ཞིག་ལ། རྒྱ་གར་ཏུ་ཚིག་ཅི་བཞིན་པ་གྲངས་འདྲེན་མེད་པར་སྨྲ་བ་འདི་མཚར་ཆེ། སྤྱིར་རྒྱ་གར་གྱི་མཁས་པ་ཕལ་མོ་ཆེར་ས་གནས་རང་ནས་བྲིས་པའི་ལོ་རྒྱུས་ཤིན་ཏུ་དཀོན་པར་སྣང་། ལྷག་པར་མཁས་གྲུབ་སོ་སོ་ཞལ་བཞུགས་པ་འམ་འདས་མ་ཐག་པའི་རྣམ་ཐར་ཞིག་ཇོ་བོ་རྗེ་ལས་གཞན་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་པར་དགོངས་མཛོད། །

  24. པདྨ says:
    2015-06-26 at 5:58 am

    མཁས་དབང་དྲི་མེད་ལྷག་བསམ་ལ་བཀའ་དྲིན་ཆེ་ཞུ། སོ་སོར་དད་དང་དག་སྣང་ཡོད་པ་གསལ་བོ་མངོན་ཡོང་གི་འདུག་པས་དགའ་ཡོད། བདག་ལ་སྨོན་གནང་བར་དགའ་ཡོད། ཡང་སྐྱར་བཀའ་དྲིན་ཆེ་ཞུ། ཁྱད་པར་བྱ་བྲལ་སངས་རྒྱས་རྡོ་རྗེའི་འཁྲུངས་རེད་འདུག འཚམས་འདྲི་ཞུ།།
    ༄༅། །བསླུ་མེད་རྩ་གསུམ་རྒྱ་མཚོའི་མཐུ་བྱིན་གྱིས། །གར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་ཡི། །ཞབས་པད་མི་གཡོ་ཡུན་དུ་བརྟན་བཞུགས་ནས། །བསྟན་འགྲོའི་དོན་ཆེན་མཛད་འཕྲིན་མཐར་རྒྱས་ཤོག ཅེས་པའང་མཁའ་སྤྱོད་བདེ་ཆེན་གླིང་གི་བཙུན་མ་ཐུན་མོང་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བསྐུལ་བ་བཞིན་བདུད་འཇོམས་པས་བྲིས་པ་དོན་ལྡན་དུ་གྱུར་ཅིག། །།
    Through the power and blessings of the undeceiving ocean of the three roots,
    May the lotus feet of Sangye Dorje, lord of the dance,
    Be firm and everlasting!
    May his enlightened activities to benefit the teachings and beings Flourish. by Kyabje Dudjom Jigdral Yeshe Dorje Rinpoche

  25. དྲི་མེད་ལྷག་བསམ། says:
    2015-06-26 at 7:10 am

    ༧བྱ་བྲལ་རིན་པོ་ཆེ་དགུང་ལོ་༡༠༤་པེབས་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། །འཁྲུངས་སྐར་ཐད། ལོ་༢༥་སྔོན་རྡོར་གླིང་དུ་སྨྱུང་གནས་གནང་སྐབས་ཀྱི་ཆོས་བརྡ་ཞིག་འབྲས་ལྗོངས་པ་ཞིག་གི་དེབ་ནང་ནས་མཇལ་བར་་ས་ག་ཟླ་བའི་ཚེས་བཅུ་བྱས་འདུག ཕྱིས་སུ་བཀྲ་ལེགས་མཁན་པོའི་མཛད་པའི་རྣམ་ཐར་དུ་སྣྲོན་ཟླའི་ཚེས་བཅུ་བྱས་འདུག །དོགས་པ་ཞིག་ཟོས་ནས་ཞལ་སློབ་འགའ་ཞིག་བརྒྱུད་དྲིས་པར་ཞལ་ནས་ས་ཟླའི་ཚེས་བཅུར་གསུངས་འདུག ས་ཟླ་ཧོར་ཟླ་བཞི་པ་དང་། སྣྲོན་ཟླ་བཞི་བའི་བཅུ་དྲུག་ནས་ལྔ་བའི་བཅོ་ལྔའི་བར་རེད། ད་ལྟ་འཁོར་བཅས་ཀྱིས་སྣྲོན་ཟླ་གཞིར་བཞག་གནང་གི་འདུག་པས། རྒྱུས་ཡོད་མཁན་ཡོད་ཚེ་གསལ་བཤད་གནང་བར་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme