Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧དཔལ་ས་སྐྱ་གོང་མས་དུས་དབང་སྩོལ་སྐབས་སྒྲོགས་སྦྱང་བྱས་པའི་རྣམ་ཐར་ཉུང་བསྡུས།

Posted on 2013-08-18 By ཁ་བརྡ་ 7 Comments on ༧དཔལ་ས་སྐྱ་གོང་མས་དུས་དབང་སྩོལ་སྐབས་སྒྲོགས་སྦྱང་བྱས་པའི་རྣམ་ཐར་ཉུང་བསྡུས།

མི་གསོན་པོ།

༄༅། །དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་རབ་ཀྱི་རོལ་པ། རིགས་གསུམ་གཅིག་ཏུ་བསྡུས་པའི་སྤྲུལ་བསྒྱུར་གྱི་བཀོད་པ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཐུགས་བསྐྱེད་ཀྱི་གོང་བུ། བྱང་ཕྱོགས་ཁ་བ་ཅན་གྱི་རྒྱལ་བསྟན་གྱི་སྲོག་འཛིན། རིག་པ་འཛིན་པ་ཡོངས་ཀྱི་གཙུག་གི་ནོར་བུ། མདོ་རྒྱུད་མན་ངག་ཀུན་གྱི་དོན་གྱི་བདག་པོ། མཚན་མཆོག་གསུམ་དང་ལྡན་པའི་གདུང་རྒྱུད་ཀྱི་ཁྲི་འཛིན་པ་ཆེན་པོ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་༧དཔལ་ས་སྐྱའི་བདག་ཁྲི་རྡོ་རྗེ་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་ལ་སྒོ་གསུམ་གུས་པས་ལྷ་ཕྱག་སྔོན་དུ་འགྲོ་བའི་ཐོག འདི་གའི་ས་གནས་མེ་ནི་སོ་ཏྲ་རུ་ཡོད་པའི་དཔལ་ས་སྐྱའི་རིང་ལུགས་འཛིན་པ་ཆེན་པོ་བརྩེ་ཆེན་བཤད་སྒྲུབ་གླིང་གི་འགན་འཛིན་འདུས་སྤྱི་ཡོངས་དང་། དད་སྦྱིན་ལྡན་པ་རྣམ་རྒྱལ་དབང་འདུས་རྣམས་ཀྱིས་གཙོ་བོ་མཛད་དེ་མགོན་པོ་གང་ལ་རིང་ནས་ཇི་ལྟར་གསོལ་བ་བཏབས་པ་བཞིན། རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་ཆེན་མོ། བདག་སོགས་གདུལ་བྱའི་བསོད་ནམས་ཀྱི་བགོ་སྐལ་དུ་བསྩལ་རྒྱུའི་ཞལ་བཞེས་ཟབ་མོ་བཀའ་དྲིན་ཐོབ་པ་ལྟར། དེ་རིང་ཞབས་ཀྱི་དཀྱིལ་འཁོར་གནས་འདིར་མངོན་པར་བཀོད་དེ་སྟ་གོན་དང་དངོས་གཞིའི་དབང་བཀའ་ཡོངས་རྫོགས་བཀའ་དྲིན་བསྩལ་གནང་བ་ནི་སྟོང་གསུམ་གསེར་གྱིས་བསྐངས་ཏེ་ཕུལ་ཡང་སྐུ་དྲིན་གྱི་ཆ་ཙམ་ཡང་གཞལ་བར་མི་ནུས་པའི་བདག་ཉིད་ཡིན་པར་ངོ་ཤེས་པའི་ཐོག ཇི་སྲིད་སྙིང་པོའི་བར་དུ་ནམ་ཡང་བཀའ་དྲིན་བརྗེད་ཐབས་མེད་པ་སྙིང་དབུས་ཉར་བའི་ཆོད་སེམས་བརྟན་པོའི་སྒོ་ནས་༧སྐྱབས་མཆོག་འཁོར་ལོའི་མགོན་པོ་བདག་ཁྲི་རྡོ་རྗེ་འཆང་ལ་ཐུགས་རྗེ་དང་བཀའ་དྲིན་བླ་ན་མེད་པ་ཆེ་ཞུ་རྒྱུ་ཡིན།

དེ་དང་ཆབས་ཅིག་རྒྱལ་ཡུམ་ཆེན་མོ་མཆོག་དང་། སྐྱབས་ཡུལ་དགེ་འདུན་གྱི་སྡེ། གཞན་ཡང་གནད་ཡོད་ཀྱི་སྐུ་མགྲོན་དང་སྦྱིན་བདག་རྣམ་པ། དེ་བཞིན་དུ་གཉུག་མར་གནས་པ་དང་གསར་དུ་ལྷགས་པའི་འདུས་ཚོགས་ཡོངས་ལའང་འབྱོན་པ་ལེགས་སོ་དང་ཕེབས་པར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
སྤྱིར་བཏང་འདི་ནས་ངས་གསལ་བཤད་ཞུ་མ་དགོས་པ་༧དཔལ་ས་སྐྱའི་གོང་མ་བདག་ཁྲི་རིན་པོ་ཆེའི་འཁོར་ལོ་གསུམ་དང་འབྲེལ་བའི་རླབས་ཆེན་གྱི་མཛད་པ་འཕྲིན་ལས་སྤྱི་དང་། ཁྱད་པར་དུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བླ་ན་མེད་པའི་ལམ་སྟོན་དང་ཕྱག་ལས་གནང་བ་དག་རྣམ་པ་ལྷན་རྒྱས་ཡོངས་ནས་གསལ་པོ་མཁྱེན་བཞིན་ཡོད་པ་རེད། ཡིན་ནའང་ལེགས་བཤད་ལས། གང་ཕྱིར་སྐྱེ་བོ་དམ་པ་ཡི།། ངོ་མཚར་མཛད་པའི་རྣམ་པར་ཐར།། གང་གི་རྣ་བར་སོན་མ་ཐག ། དེ་ཉིད་བསོད་ནམས་རྟེན་དུ་འགྱུར།། གསུངས་པ་དང་དེ་བཞིན་དུ་རྒྱུད་ལས་ཀྱང་བླ་མའི་རྣམ་ཐར་དང་མཛད་པ་སོགས་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པ་ནི་རང་རྒྱུད་ལ་བྱིན་རླབས་འཇུག་པའི་ཉེ་རྒྱུ་བླ་ན་མེད་པ་ཡིན་པ་སོགས་ཀྱི་དགོས་པ་དང་། རྒྱུ་མཚན། རྟེན་འབྲེལ་གྱི་གནད་ལ་བསམ་ཏེ་རྣམ་ཐར་སྙིང་བསྡུས་ཤིག་སྙན་གསན་ཞུ་འདོད་བྱུང་།

དེ་ཡང་རྒྱུད་བླ་མ་ལས། གཙང་མའི་གནས་དག་སྤངས་བ་ཡི།། འོག་མིན་ཞེས་བྱ་ཉམས་དགའ་བ།། ཡང་དག་སངས་རྒྱས་དེར་སངས་རྒྱས།། སྤྲུལ་པ་པོ་ཞིག་འདིར་སངས་རྒྱས།། ཞེས་གསུངས་པ་ལྟར་མགོན་པོ་གང་ཉིད་བགྲང་ཡས་བསྐལ་པ་མང་པོའི་སྔོན་རོལ་ནས་སྤངས་རྟོགས་ཡོངས་སུ་རྫོགས་ཅིང་རྒྱལ་བ་རྡོ་རྗེ་འཆང་དང་ཐ་མི་དད་པའི་ཟུང་འཇུག་གི་གོ་འཕང་མངོན་སུམ་དུ་བྱས་ཟིན་མོད། ཐ་སྙད་གདུལ་བྱའི་སྣང་ངོར་ཐུགས་སྙིང་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་རྣམ་རོལ་སྤྲུལ་བསྒྱུར་གྱི་བཀོད་པ་མཚན་དཔེའི་སྣང་བ་ནི། འོད་གསལ་ལྷ་ཡི་སྲས་པོ། སྟོབས་ལྡན་འཁོན་གྱི་རིགས་བརྒྱུད། དཔལ་ལྡན་ས་སྐྱའི་གདུང་འཛིན་སྟེ་མཚན་མཆོག་གསུམ་དང་ལྡན་པའི་གདུང་བརྒྱུད་རིན་པོ་ཆེའི་དཔལ་དུ་ཤར་བ་ཡིན། དེའི་ཚུལ་ཡང་ཡབ་རིགས་གསུམ་སེམས་དཔའ་ཆེན་པོ་གདུང་འཛིན་པ། གསང་བའི་བདག་པོ་མི་གཟུགས་སུ་བྱོན་པ། བདག་ཆེན་ཀུན་དགའ་རིན་ཆེན་དང༌། ཡུམ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྐྱེས་པའི་ཤེས་རབ་ཀྱི་མ་མ། རིག་མའི་གཟུགས་སུ་བྱོན་པ་མཁའ་འགྲོ་མ་བསོད་ནམས་སྒྲོལ་དཀར་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཤིང་བྱ་སྤྱི་ལོ་༡༩༤༥ ཁྲུམ་ཟླ་བའི་ཡར་ངོའི་དགའ་བ་དང་པོར། འཇའ་འོད་ཀྱི་ཀློང་ནས་མཆོད་རྫས་མེ་ཏོག་ཙམ་པ་དལ་གྱིས་བབས་པ་དང་ལྷན་དུ་སྐུ་འཁྲུངས། དེ་མ་ཐག་ཏུ་ཡབ་རྡོ་རྗེ་འཆང་དངོས་ཀུན་དགའ་རིན་ཆེན་གྱིས་ཛེ་ཏ་རི་དགྲ་ལས་རྣམ་རྒྱལ་ལུགས་ཀྱི་ཚེ་དཔག་ལྷ་དགུས་དབང་བསྐུར་བའི་སྒོ་ནས་རྡོ་རྗེ་ཚེའི་བྱིན་གྱིས་བརླབས། དེ་ནས་རིང་པོ་མ་ལོན་པར་གསང་རྒྱ་དཀྲོལ་ཏེ་སྩལ་སྟོན་རྒྱ་ཆེར་གནང༌། ཡབ་དམ་པས་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་ཞེས་མཚན་གྱི་ཅོད་པན་གསོལ་གནང་བ་དང་། མཁས་ཤིང་གྲུབ་པའི་དབང་པོ་བླ་མ་ངག་བློ་རིན་པོ་ཆེས། ངག་དབང་སྒྱུ་འཕྲུལ་ལྷ་རིགས་འཁོན་གྱི་གདུང༌།ཞེས་སོགས་ཤོ་ལོ་ཀ་བདུན་ཅན་གྱི་ཞབས་པད་བརྟན་པའི་གསོལ་བ་བཏབས།

སྐུ་ན་ཆུང་ངུའི་དུས་སུ་བླ་མ་ངག་བློས་རྟེན་མཆོག་འཇམ་དབྱངས་གཟི་འོད་འབར་བའི་དྲུང་དུ་རྗེས་སུ་གནང་བ་ཟབ་མོའི་བྱིན་གྱིས་བརླབས་པའི་སྒོ་ནས་ཀ་ཁའི་འབྲི་ཀློག་སྦྱོང་བའི་ཚུལ་མཛད་པ་ནས། མདོ་སྔགས་རབ་འབྱམས་སྨྲ་བའི་མཁན་རིན་པོ་ཆེ་ཨ་པད་དང༌། ཁྲི་ཚོ་མཁན་པོ་རིན་ཆེན་སོགས་བསྟེན་ཏེ་དབུ་ཚད་འདུལ་མངོན་གྱིས་མཚོན་པའི་ཕ་རོལ་ཏུ་ཕྱིན་པའི་ཆོས་སྐོར་མཐའ་དག་ལ་གསན་བསམ་མཛད་པས། ཇི་སྐད་དུ། སྐྱེ་བ་གཞན་དུ་སྦྱངས་པ་དང༌།། མཁས་པ་དུ་མར་བསྟེན་པ་དང༌།། རྣམ་པར་དཔྱོད་པའི་བློ་གྲོས་ཀྱིས།། ཤེས་བྱ་ཀུན་ལ་འཇིགས་མེད་ཐོབ།། ཅེས་པ་ལྟར་མངོན་ལྐོག་ཤེས་བྱའི་གནས་ཕྲ་རགས་ཐམས་ཅད་ཚེགས་མེད་དུ་མཁྱེན་པ་ནི། ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱི་ཞལ་ནས། མི་ཤེས་གདོལ་པའི་ཕྲུ་གུ་ཕོངས་པ་ཡི། འཁོར་གྱིས་བཏེགས་ལ་འཇིག་རྟེན་འདྲེན་པ་ཞེས།། སྨིག་སྒྱུར་འབབ་ཆུ་སྒྲོགས་པའི་གྲགས་སྟོང་སྒྲས།། འཇིག་རྟེན་ཡོམ་ཡོམ་བྱེད་དང་འདི་མི་མཚུངས།། ཞེས་བསྔགས་པ་ལྟར་དོན་ལ་གནས་ཤིང༌། ཁྱད་པར་དུ་ཡབ་དམ་པ་རྡོ་རྗེ་འཆང་ཀུན་དགའ་རིན་ཆེན་དང༌། འཇམ་པའི་དབྱངས་དངོས་ཆོས་ཀྱི་བློ་གྲོས། ངོར་ཁང་སར་མཁན་ཆེན་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། དེ་བཞིན་དུ་བཅོ་བརྒྱད་ཁྲི་ཆེན་ངག་དབང་མཁྱེན་རབ་ལེགས་བཤད་རྒྱ་མཚོ་སོགས་མཁས་གྲུབ་དུ་མར་བསྟེན་ཏེ། ཟབ་གསང་རྡོ་རྗེ་ཐེག་པའི་ཆོས་ཚུལ་གངས་ཅན་ཁ་བའི་ལྗོངས་སུ་བཞུགས་པའི་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་དུ་གྲགས་པའི་གདམས་ཟབ་མན་ངག་ཡང་སྙིང་དང་བཅས་པ་ཇི་སྙེད་བུམ་པ་གང་བྱོའི་ཚུལ་དུ་གསན་བསམ་མཐིལ་ཕྱིན་པར་མཛད་པས་མདོ་སྔགས་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་དང་། སྙན་བརྒྱུད་མན་ངག་མ་ལུས་པའི་མཛོད་ཆེན་པོ་རུ་གྱུར་ཏེ་ད་ལྟའི་དུས་སུ་ས་དགེ་བཀའ་རྙིང་ཡོངས་ཀྱིས་དབང་ཁྲིད་ཞུ་ཡུལ་དུ་གྱུར་ཡོད།
ཁྱད་པར་དགུང་གྲངས་བཅོ་ལྔ་ལ་ཕེབས་དུས་གནམ་སྔོན་པོས་ཁེབས་པར་དཀའ་བའི་ས་ཆེན་པོ་གོ་ལའི་སྒང་འདིར། སྟོད་ན་ས་སྐྱ་གོང་མ་དང༌། སྨད་ན་རྒྱ་ནག་གོང་མ་ཞེས་གོང་མའི་མཚན་སྙན་གྱི་གྲགས་པ་ཉི་འོག་གི་རྒྱལ་ཁམས་ཀུན་ཏུ་ཤོང་དཀའ་བ། ཆེན་པོ་ཧོར་དང་སྐུ་རྒྱལ་བོད་ཀྱི་ཡུལ་ཁམས་སུ་ཆོས་སྲིད་ལུགས་གཉིས་ཀྱི་མངའ་དབང་བསྒྱུར་ཞིང་འགྲོ་ཁམས་ཞི་བདེའི་དཔལ་ལ་བཀོད་པའི་དཔལ་ས་སྐྱའི་གོང་མ་རིམ་བྱོན་གྱིས་བྱིན་གྱིས་བརླབས་ཤིང༌། མདོ་རྒྱུད་ལས་བཤད་པའི་གཙུག་ལག་གི་དོན་དང་མཐུན་ཞིང་གཞལ་ཡས་ཁང་གི་བཀོད་པ་དང་མཚན་ཉིད་ཡོངས་སུ་ཚང་བའི་བཅུ་ཕྲག་རིག་པའི་གནས་ཀྱི་བསྟི་གནས་སུ་གྱུར་པ་ཆོས་སྡེ་ཆེན་པོ་དཔལ་ས་སྐྱའི་གཙུག་ལག་ཁང་དུ། ཆོས་ལྡན་ཁ་བའི་ལྗོངས་སུ་བཅུ་ཕྲག་རིག་པའི་གནས་ཀྱི་འབྱུང་ཁུངས་མ་ཧཱ་པཎ་ཊི་ཏ་ཆེན་པོ་ཆོས་རྗེ་འཇམ་པའི་དབྱངས་ཀྱི་བཞུགས་ཁྲི་མཁས་པ་ཟིལ་གནོན་གྱི་ཐོག་ཏུ་ཆོས་ཀྱི་རྗེ་བོ་གོང་མ་ཆེན་མོར་མངའ་གསོལ་པ་ནས་བཟུང་། རིས་སུ་མ་ཆད་པའི་བསྟན་པ་མཐའ་དག་ལ་འཛིན་སྐྱོང་སྤེལ་བའི་ཕྲིན་ལས་བླ་ལྷག་ཏུ་བསྐྲུན་པ་དང་། ལྷག་པར་དུ་དུས་འགྱུར་ཟིང་འཁྲུགས་ཀྱི་དབང་གིས་བོད་འབངས་ཡོངས་ཀྱི་ཕན་བདེའི་གཞི་རྩ་བསྟན་སྲིད་ལ་གོད་ཆག་ཆེན་པོ་ལྷག་སྐབས་སུ། བླ་ན་མེད་པའི་ཐུགས་སྟོབས་བསྐྱེད་དེ་རི་བོ་ཧི་མ་ལ་ཡི་རི་རྒྱུད་ལས་བརྒལ་ཏེ། རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་འཁོད། ཆོས་གཞིས་ཀྱི་གྲྭ་བཙུགས། རྒྱ་གར་གྱི་སྲིད་བློན་སེམས་དཔའ་ཆེན་པོ་ནེ་རུ་དང༌། ཨེན་དཱར་གནྡི་སོགས་རང་དབང་ཅན་གྱི་རྒྱལ་ཁབ་དུ་མའི་དབུ་ཁྲིད་དང་མཇལ་འཕྲད་ཡང་ཡང་གནང་ཏེ། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཁུར་མཉམ་བཞེས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་མཐའ་དག་མི་ཉམས་རྒྱུན་འཛིན་དང༌། དེ་བཞིན་མདོ་དབུས་ཁམས་གསུམ་གྱི་འཁྱམས་པོ་ཡོད་དོ་ཅོག་ལ། བུ་གཅིག་པའི་མ་བཞིན་ཤིན་ཏུ་གཅེས་པས་བསྐྱངས་ཤིང༌། མ་ཟད་དཔལ་ལྡན་ས་སྐྱ་པའི་གསུང་ངག་ལམ་འབྲས་ཀྱིས་མཚོན་ཐུན་མོང་མ་ཡིན་པའི་ཕྱག་ལེན་ཡོད་དོ་ཅོག་དུས་ད་ལྟ་ཡང་གྲ་མ་ཉམས་པ་གྲུ་མི་ཞིག་པར་འདི་ལྟར་གནས་ཡོད་པ་ནི་མགོན་པོ་གང་གི་ཐུགས་རྗེ་ཉག་ཅིག་ཏུ་ངེས་ཤིང༌། དེང་དུས་འདིར་མདོ་དབུས་ཁམས་གསུམ་གྱིས་མཚོན་ས་ཆེན་པོ་གོ་ལའི་སྒང་འདིར་བསྟན་འཛིན་གྱི་སྐྱེས་བུ་རྒྱུ་སྐར་གྱི་གྲངས་དང་མཉམ་པ་མཆིས་མོད། དེ་དག་ལས་མགོན་པོ་གང་ཉིད་ཀྱི་མཁྱེན་རབ་དང་ཐུགས་རྗེ་ཉ་གང་ཟླ་བ་ཇི་བཞིན་མངོན་པ་འཕགས་པ་ནི། ངས་རྨོངས་དད་དང་ཕྱོགས་ཞེན་ཙམ་མ་ཡིན་པར་ཀུན་གྱིས་སྤྱོད་ཡུལ་དུ་གྱུར་པ་འདི་ལྟར་ལགས་ཤིང༌། དེ་ལས་ཀྱང་བཀྲིན་ཆེ་བ་ནི་རིགས་གསུམ་སེམས་དཔའ་ཆེན་པོའི་གདུང་འཛིན་པ། ཁམས་གསུམ་གྱི་འགྲོ་བ་མ་ལུས་པའི་རེ་ལྟོས་ཀྱི་ཞིང་དམ་པ། སྐུ་ཡི་གདུང་སྲས་ཉི་ཟླ་ཟུང་། ས་ཆེན་པོ་གོ་ལའི་ཁྱོན་འདིར་སྤྱན་དྲངས་པ་སོགས་མདོར་ན་སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་དོན་ཁོ་ན་ལ་ཐུགས་བྱོལ་བ་དང་། ཁྱད་པར་དུ་བོད་མི་རིགས་ཀྱི་མགོན་སྐྱབས་དང་འཚེ་མེད་ཞི་བའི་དེད་དཔོན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་ཀྱི་བོད་མི་རིགས་ཡོངས་ཀྱི་ཚབ་མཚོན་གཞུང་འབྲེལ་ལམ་ནས་བརྟན་བཞུགས་འབུལ་སྐབས་འཆི་མེད་ཚེ་ཡི་ལྷ་མཆོག་དང་ཐ་མི་དད་པ་རྡོ་རྗེ་སློབ་དཔོན་ཆེན་པོའི་གཟུགས་སུ་བཞེངས་ཏེ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་དང་མན་དལ་རྒྱས་བཤད་གནང་བར་༧གོང་ས་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོས་དགུང་ལོ་བརྒྱ་ལྷག་བཞུགས་རྒྱུ་ཞལ་བཞེས་བཀའ་དྲིན་ཐོབ་པ། དེ་བཞིན་དུ་དུས་རྒྱུན་དུ་བོད་མི་རིགས་ཡོངས་རྫོགས་མཐུན་འབྲེལ་དམ་ཟབ་དང་བློ་རྩེ་གཅིག་གྱུར་ཐོག་༧གོང་ས་ཐམས་ཅད་མཁྱེན་པའི་བཀའ་དགོངས་ཇི་བཞིན་བསྒྲུབ་པའི་སྒོ་ནས་བོད་མི་རིགས་ཀྱི་ཆོས་དང་རི
ག་གཞུང་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་ནམ་ནམ་ཞར་ཞར་དུ་བསྩལ་གནང་བ་སོགས་མདོར་ན་བོད་མི་རིགས་བསྟན་པ་ཆབ་སྲིད་ཡོངས་ལ་བཀའ་དྲིན་གཞལ་ཟླ་བྲལ་བ་གནང་ཡོད།

དེ་བཞིན་གསུང་ངག་ལམ་འབྲས་ཀྱིས་མཚོན་པའི་ཟབ་ཆོས་རྒྱུད་སྡེ་ཀུན་བཏུས་དང་། སྒྲུབ་ཐབས་ཀུན་བཏུས་སོགས་གངས་རི་ལྗོངས་སུ་འགྱུར་སྔ་ཕྱི་ཡོད་དོ་ཅོག་གི་དབང་ལུང་ཁྲིད་རྒྱུན་ཆོས་ལུགས་ཆེན་པོ་བཞི་ཀའི་ནང་དུ་དར་སྤེལ་གནང་བ་སོགས་རིས་མེད་བསྟན་པ་རྒྱ་མཚོའི་མངའ་བདག་ཏུ་བཞུགས་ཡོད་པ་སོགས་ནི་རྣམ་པར་ཐར་པའི་ཆ་ཤས་ཙམ་ཞུས་པ་ཡིན། དཔལ་ལྡན་བླ་མ་དམ་པའི་སྐུ་ཡི་རྣམ་པར་ཐར་པ་ཕྲ་ཞིང་ཞིབ་པ་ནི་ས་ཆེན་པོ་ལ་གནས་པའི་འཕགས་པ་རྣམས་ཀྱིས་ཀྱང་ཇི་བཞིན་སྤྱོད་ཡུལ་དུ་མ་གྱུར་ན། བདག་ལྟ་བུའི་བློ་ཡུལ་དུ་མ་གྱུར་པར་ལྟ་ཅི་སྨོས། འོན་ཏེ་དེ་རིང་སྐབས་སུ་བབས་པའི་གཏམ་དང་དུས་སུ་བབས་པའི་ཆར་ལྟར་དགོས་དབང་གིས་མདོར་བསྡུས་ཞུས་པའི་དགེ་རྩ་འདི་ཡིས་རྒྱལ་བསྟན་དར་ཞིང་འགྲོ་རྣམས་ཞི་བདེས་འཚོ་བ་དང་། ཁྱད་པར་རང་ཡུལ་གངས་ཅན་ལྗོངས་སུ་མི་འདོད་པའི་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་། གཞིས་བྱེས་ལྷན་འཛོམས་ཀྱི་ཉི་མ་མྱུར་དུ་འཆར་ཐུབ་པ་སོགས་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ་རྒྱུ་ཡིན།

རྩོམ་རིག

Post navigation

Previous Post: བོད་ཀྱི་དམངས་ཁྲོད་རྩེད་མོ་ཐེ་ཁེ་ངོ་སྤྲོད།
Next Post: ཨུཏྤལ་དཀར་པོའི་མཆོད་ཕྲེང་།

Comments (7) on “༧དཔལ་ས་སྐྱ་གོང་མས་དུས་དབང་སྩོལ་སྐབས་སྒྲོགས་སྦྱང་བྱས་པའི་རྣམ་ཐར་ཉུང་བསྡུས།”

  1. ཀརྡོ་གཉེར་ཕྱག་པ་ says:
    2013-08-19 at 12:55 am

    ་་་་་ དེ་ནས་རིང་པོ་མ་ལོན་པར་གསང་རྒྱ་དཀྲོལ་ཏེ་སྩལ་སྟོན་རྒྱ་ཆེར་གནང༌། ཡབ་དམ་པས་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་ཞེས་མཚན་གྱི་ཅོད་པན་གསོལ་གནང་བ་དང་། མཁས་ཤིང་གྲུབ་པའི་དབང་པོ་བླ་མ་ངག་བློ་རིན་པོ་ཆེས། ངག་དབང་སྒྱུ་འཕྲུལ་ལྷ་རིགས་འཁོན་གྱི་གདུང༌།ཞེས་སོགས་ཤོ་ལོ་ཀ་བདུན་ཅན་གྱི་ཞབས་པད་བརྟན་པའི་གསོལ་བ་བཏབས། ་་་་་་

  2. ཨ་ཕྱི་ཆོས་སྒྲོན says:
    2013-08-19 at 2:43 am

    ངའི་བརྩེ་དུངས་ཀྱི་རྒྱལ་སྲས།
    ལང་ཚོ་མེ་ཏོག་པདྨ་མའི་ཡུ་བར་བརྩེ་བ་དཀར་བོའི་མཆོད་སེམས་བཏེགས།།
    འཛུམ་ཆུང་ཟླ་བ་སེར་བོའི་ངོས་ནས་དགའ་བའི་ལྷག་བསམ་སྙིང་ལ་ཟགས།།
    བླ་མེད་བསླབ་བྱའི་གསུང་གི་སྒྲོན་མེ་བདག་གི་མུན་པའི་ཀློང་ལ་བསྒྲོན།།
    ཀྱེ་ཧུད་ང་ཡིས་བརྩེ་བའི་རྒྱལ་སྲས་དྲན་པའི་སྡུག་བསྔལ་གཞོམ་མཁན་སུ།།
    འདས་དང་བྲལ་བ་ཆོས་ཡིན་ཞེས་ལན་རེར་རང་སེམས་རང་གིས་གསོས།།
    མིག་ཀོང་མཆི་མས་ཡང་ཡང་བརླན་དུས་དྲན་པའི་རི་མོ་སྙིང་ལ་ཡོམ།།
    ལོ་ཟླ་འདི་དག་འདི་ལྟར་འདས་སོང་དྲིན་ཆེན་ཕ་ལོ་གང་དུ་བཞུད།།
    ང་ཡི་རྣམ་ཤེས་མཉེན་མོ་འདི་ཡང་དཀར་ནག་ལམ་ནས་རྒས་ཀྱིན་འདུག།
    རྟོག་བཏགས་བརྩེ་བ་གང་སར་ལྡོམ་ནས་སྟོང་གསུམ་འདི་ཡི་མུན་ཀློང་ནས།།
    ཐོབ་པའི་འབྲས་བུ་འདི་ཙམ་ཡིན་མིན་ད་དུང་དོགས་པ་ཟ་བཞིན་དུ།།
    ཡབ་ཆེན་ཁྱོད་ཀྱི་བུ་ཆུང་ང་ཡང་ཁྱེད་དང་འདྲ་དགོས་དམ་བཅས་ཕྱིར།།
    ལག་ཟུང་ཆ་འདི་སྙིང་ལ་སྦྱར་ནས་བསྟན་དང་སྟོན་པའི་རིང་ལུགས་བཟུང་།།
    དྲན་པ་དེ་ཉིད་རླུང་གིས་བཅོམ་སོང་བརྩེ་བ་དེ་ཡང་ལག་ནས་ཤོར།།
    དགའ་བ་དེ་ཡང་སེམས་ནས་ཚར་སོང་ན་ཟུག་དེ་ཡང་སྙིང་ལ་མངོན།།
    ཆོས་ཉིད་རྒྱལ་མོའི་བཀའ་ཁྲིམས་དེ་ཡང་བདག་གི་མདུན་ལ་སླེབས་སྔ་བས།།
    ཡོད་ཚད་མེད་པའི་རང་ཁྱིམ་འདི་ན་འདས་རྒྱུ་མེད་པའི་མིག་ཆུ་མོད།།

  3. མིག་བརྒྱད་པ། says:
    2013-08-19 at 3:40 am

    ཆེད་དུ་བརྗོད་པའི་བསྟོད་ཚིག་གི་མེ་ཏོག་ལ་མངོན་པར་བསྟོད་དོ།།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-08-19 at 8:01 am

    ་་་་་ ཁྱད་པར་དུ་བོད་མི་རིགས་ཀྱི་མགོན་སྐྱབས་དང་འཚེ་མེད་ཞི་བའི་དེད་དཔོན་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞིས་བྱེས་ཀྱི་བོད་མི་རིགས་ཡོངས་ཀྱི་ཚབ་མཚོན་གཞུང་འབྲེལ་ལམ་ནས་བརྟན་བཞུགས་འབུལ་སྐབས་འཆི་མེད་ཚེ་ཡི་ལྷ་མཆོག་དང་ཐ་མི་དད་པ་རྡོ་རྗེ་སློབ་དཔོན་ཆེན་པོའི་གཟུགས་སུ་བཞེངས་ཏེ་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་དང་མན་དལ་རྒྱས་བཤད་གནང་བར་༧གོང་ས་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོས་དགུང་ལོ་བརྒྱ་ལྷག་བཞུགས་རྒྱུ་ཞལ་བཞེས་བཀའ་དྲིན་ཐོབ་པ། ་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2013-08-19 at 8:03 am

    ༇ གང་༸སྐུ་༸སྐུ་ཚེ་ཡུན་བརྟན་ཤོག །

  6. བསམ་ཤེས། says:
    2013-08-19 at 9:46 am

    བླ་མ་འཇམ་དབྱངས་སྤྲུལ་སྐུར་བདག་བསྟོད་དོ། ལམ་ཟབ་ལམ་འབྲས་སྦྲང་ཆར་བདུད་རྩིའི་རྒྱུན། བདག་ཚོའི་སྐོམ་པའི་གདུང་བ་གསོས་གྱུར་ཅིག སྐྱེ་རྒུའི་འཁྲུལ་སྣང་སྡུག་བསྔལ་འཇོམས་པར་ཤོག ཐམས་ཅད་གསལ་སྟོང་ཟུང་འཇུག་ཐོབ་པར་ཤོག དགེ་བ་འདིས་ཀྱང་༧གོང་ས་༧གོང་མ་གཉིས། སྐུ་ཚེའི་ལོངས་ལ་བར་ཆད་མེད་པར་ཤོག 

  7. ཀརྡོ་གཉེར་ཕྱག་པ་ says:
    2013-08-20 at 12:05 am

    སྤྱན་རས་གཟིགས་དབང་༸བསྟན་འཛིན་རྒྱ་མཚོ་དང་། །
    འཇམ་དཔལ་དབྱངས་དངོས་ས་སྐྱ་༸གོང་མ་གཉིས། །
    དུས་ཀྱི་མཐའ་རུ་བོད་འབངས་བདེ་ལ་བཀོད། །
    གང་གཉིས་༸སྐུ་ཚེ་སྲིད་མཐར་བརྟན་འགྱུར་ཅིག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme