Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་གིས་སྐུ་འཆམ་བཞེས་དོན་ཅི་ཡིན་ནམ།

Posted on 2019-04-202019-04-21 By ཁ་བརྡ 29 Comments on ༧གོང་ས་མཆོག་གིས་སྐུ་འཆམ་བཞེས་དོན་ཅི་ཡིན་ནམ།

ཤར་ཕྱོགས་ཁུག་རྟ།

ཁ་སྔོན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཆམ་ཅུང་ཙམ་བཞེས་རྗེས་སེམས་ལ་འདི་ལྟར་དྲན་ཏེ། ང་ལྟ་བུ་ཕལ་བའི་ཕལ་བ་རྣམས་ལ་ར་འཕྲོད་ཡོད་པ་ནི། ༧གོང་ས་མཆོག་ནི་དངོས་དོན་དུ་མི་ཡི་རྣམ་པར་ཕེབས་ཡོད་ཀྱང་། ཕྱོགས་ཐམས་ཅད་དུ་འཇིག་རྟེན་སྟེང་གི་དྲག་ཞན་ཚང་མས་ཡིད་སྨོན་བྱེད་པའི་ཡོན་ཏན་ཐམས་ཅད་ནི་ཚང་། མི་རྣམས་ཀྱིས་མི་འདོད་པའམ་གང་ཟག་སྡུག་བསྔལ་བར་བྱེད་པའི་རྒྱུ་དང་གང་ཟག་བར་གྱི་འབྲེལ་བའི་ས་མཚམས། ངོ་བོ། བྱེད་ལས། དེ་སྤོང་ཐབས་དང་བཅས་པར་བྱང་ཆུབ་པའི་དབང་གིས། ཉམས་མྱོང་རང་སྟེང་ནས་གཞན་གྱི་སྡུག་བསྔལ་སེལ་བའི་ཐབས་ལ་མཆོག་ཏུ་གྱུར་པས་ན། རང་གི་ཆམ་ནད་ཙམ་བྱམས་བརྩེ་སྒོམ་ཐུན་གཅིག་གིས་ལྷག་མེད་ཏུ་བཅོམ་ནུས་པ་ཞུ་ག་ལ་དགོས། ཚོད་དཔག་དང་ཚོད་ལྟའི་བློ་དང་མ་བྲལ་པའི་ཕྱི་ལུགས་གསོ་རིགས་ཀྱི་བཅོས་ཐབས་ཤིག་ལས། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ་མཆོག རང་གི་རྒྱུད་དུ་མངོན་པར་བྱས། གཞན་ལ་སྟོན་པ་ལ་ཐུབ་དབང་སྨྲ་བའི་ཉི་མ་ལས་ཀྱང་འགོངས་པའི་རྩལ་གང་དེས་འཇིག་རྟེན་གྱི་སྡུག་བསྔལ་ཅི་རིགས་གཞོམ་སྲེག་བྱེད་མི་ནུས་པ་ཅི་ལ་སྲིད་སྙམ་པ་དེ་ཡིན་ཀྱང་། དྲི་བ་གཅིག་ནི། ༧གོང་ས་མཆོག་གིས་ཅིའི་ཕྱིར་སྐུ་ཆམ་བཞེས་པའི་ཚུལ་བསྟན་པ་རེད་དམ། བདག་ནི་དྲི་བ་འདིས་ཡུན་རིང་བསམ་གཞིག་གི་ཀློང་དུ་སྐྱེལ། ཉིན་མཚན་ལས་བྲེལ་གྱི་བར་དུ་གནད་དོན་འདི་བཞིན་སེམས་ངོར་འགོག་མེད་རྦབ་ཆུ་བཞིན་བབས།

དེ་ལྟར་ཡུན་རིང་བསམ་ཞིབ་བྱས་འབྲས། བདག་གིས་གཞི་ནས་སྐུ་ཆམ་ཅུང་ཙམ་བཞེས་དགོས་དོན་གྱི་རྒྱུ་རྐྱེན་རྙེད་པ་ལྟར་སྣང་ཡང་། ཞིབ་ཏུ་དུས་ལ་བབ་མིན་གྱིས་བརྗོད་དགོས་མ་མཐོང་། འོན་ཀྱང་རེ་འགའི་སེམས་ངོར། སྐུ་ཆམ་བཞེས་པ་ཞེས་པ་ནི་རང་དབང་མེད་པར་ཕོག་པ་ལྟར་མིན་པར། ཚུར་བླངས་པའམ་བཞེས་པ་ལྟ་བུར་གོ་བས་དེ་ཅི་ལྟར་ཡིན་ནམ་སྙམ་སྲིད། བདག་གིས་དེ་ལ་རྒྱས་བརྗོད་གཏིང་ཟབ་བྱེད་ཤེས་བྲལ་ཡང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྤྱོད་ལམ་མི་དང་བསྟུན་པ་ནི་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་རྩ་བར་ཞིབ་ཏུ་གསལ་ཏེ། བློ་སྦྱོང་གི་དམ་ཚིག་ ༡༨ བསྟན་སྐབས། འདུན་པ་བསྒྱུར་ལ་རང་སོར་བཞག། ཅེས་པའི་འདུན་པ་བསྒྱུར་བ་ནི་ཀུན་སློང་བཅོས་བ་དང་། རང་སོར་བཞག་པའི་དོན་ནི་སྤྱོད་ལམ་རང་སོར་འཇོག་དགོས་པའི་དོན་ཡིན་སྟབས། སྤྱོད་ལམ་འཆལ་པོ་དང་འཇིག་རྟེན་ཡ་རབས་ལུགས་དང་འགལ་བ། དེ་བཞིན་ཡིན་མདོག་རྫུ་འཕྲུལ་སོགས་སྟོན་པ་གཉིས་ཀ་མི་རིགས་པར་བསྟན་པ་ཡིན་པས། མིའི་རྣམ་པར་མིའི་སྐྱེ་རྒ་ན་འཆིའི་རང་གཤིས་རང་སོར་བཞག་པའི་མཛད་འཕྲིན་སྐྱོང་པ་ནི། དོན་ལ་དམ་ཚིག་དེ་དག་ལ་དགོངས་པའང་ཤེས་ན་ལེགས་སྙམ།

དེས་ན་སྤྲོས་པ་དོར་ཏེ་སྐུ་ཆམ་བཞེས་དོན་ལ་བསམ་ཞིབ་བྱ་སྐབས། རང་ཅག་གངས་ཅན་པ་རྣམས་དུས་རབས་ ༩ པའི་མཇུག་ནས་ལོ་བརྒྱ་ཕྲག་མང་པོར་ཁ་འཐོར་ཡ་འཐོར་ཏུ་ཕྱིན་པའི་གནས་བབ་ལ། དུས་རབས་ ༢༠ པའི་མཇུག་ནས་༧གོང་ས་ཐམས་ཅད་མཁྱེན་པ་བཅུ་བཞི་པ་ཆེན་པོས་བཙན་པོའི་སྐབས་ལས་ཀྱང་ལྷག་པའི་བསམ་བློའི་ཆིག་སྒྲིལ་གནང་སྟེ། དུས་རབས་ཕྱེད་ལྷག་རིང་བོད་ཀྱི་གནད་དོན་རྒྱལ་སྤྱིའི་ཁྱོན་དུ་བརྟན་འཛུགས་གནང་། འཛམ་གླིང་མི་མིང་ལ་བོད་ཟེར་པ་ཞིག་ཡོད་པ་ངོ་ཤེས་སུ་བཅུག བོད་ལ་སྙིང་ཉེ་རུ་བཅུག བོད་ལ་རྒྱབ་སྐྱོར་བྱེད་དུ་བཅུག རང་དོན་ཁོག་བཅུག་དང་རང་རྒྱལ་གཞན་ཕམ་ཁོ་ནས་རྒྱལ་སྲིད་སྐྱོང་པའི་རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་ཁ་གཏད་དུ་མཁས་མཛངས་ལྡན་ལ། དོན་དུ་གླགས་མི་རྙེད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གསར་གཏོད་གནང་པས། བོད་ཀྱི་མ་འོངས་པའི་མདུན་ལམ་༧གོང་ས་མཆོག་གི་ལམ་སྟོན་ལྟར་ཕྱིན་ན་གསོན་གནས་ཐུབ་ཅིང་། དེ་ལས་ལྡོག་ན་རེ་བ་བྲལ་བ་ཕྱོགས་གང་ནས་བལྟས་ཀྱང་ས་རིས་ཐང་གསལ་དུ་གྱུར་བའི་སྐབས་འདིར། སེམས་ཅན་སྤྱི་དང་སྒོས་སུ་བོད་གངས་ཅན་པ་ཁོ་ནའི་ཆེད་དུ་འཚོ་ཞིང་བཞུགས་པའི་༧གོང་ས་མཆོག་གིས་སྐུ་ཆམ་བཞེས་དོན་ལ་མཐར་དེད་ན་རྒྱུ་མཚན་གཉིས་འདུག་སྟེ།

གཅིག སྤྱིར་དངོས་པོའི་རང་གཤིས་ང་ཚོར་དམར་ཁྲིད་གནང་བའི་ཐབས་མཁས་ཐུགས་རྗེ་ཆེན་པོའི་མཛད་སྤྱོད་ཡིན་པ་ཞུ་ག་ལ་དགོས། དེས་བོད་མི་ཚོར་སྦྱོང་བརྡར་སྤྲོད་ཀྱི་ཡོད་ཅིང་། རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་སློབ་ཁྲིད་གནང་ཡོད། འོན་ཀྱང་། གངས་ཅན་པ་རྣམས་ཀྱིས་ནི་ད་ལྟའི་ཆར་གཟུགས་སྐུ་རགས་པར་མི་བདེ་བའི་ཚུལ་ཕྲ་མོ་ཙམ་ཡང་མ་སྟོན་རོགས། ༧གོང་ས་མཆོག་ཁྱེད་ཉིད་ཀྱི་གསེར་ཞལ་ལྷམ་མེར་མ་བཞུགས་ཚེ། གུས་ཅག་ཁ་འཐོར་དུ་གནས་ཏེ་རྩ་ཡལ་དུ་འགྲོ་རྒྱུ་ཡིན་པ་ཞུ་ག་ལ་དགོས་པས། བོད་ལ་གཞན་གང་ཡང་མེད་ན་ཆོག་ཀྱང་། ༧གོང་ས་མཆོག་ཉིད་མེད་ན་གསོན་ཐབས་ག་ལ་ཡོད་ཅེས་གསོལ་འདེབས་ཞུ་བཞིན་ཡོད།

གཉིས། བོད་ཀྱི་རང་དོན་གྱི་དབང་དུ་བྱས་ཏེ་བརྗོད་ན། དེ་སྔ་ནས་བདག་ཉིད་ཆེན་པོ་སློབ་དཔོན་ཟམ་གདོང་རིན་པོ་ཆེས་གསལ་བར་ལུང་བསྟན་ཟིན་པ་སྟེ། ༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད། གཟབ་གཟབ་ཞུ་དགོས་ས་གསུམ་ཡོད་པ་ལས། རྒྱ་ནག་གཞུང་དང་དེའི་རྒྱུགས་ཁྱི་དོལ་རྒྱལ་རྗེས་འབྲང་པ་གཉིས་གསལ་བོ་ཆགས་ཟིན་པས། དེ་ལ་སེམས་ཁྲལ་མེད་ཀྱང་། རང་བཙན་དང་མང་གཙོའི་ཕྱི་པགས་གཡོགས་ཏེ། ༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་རྣམས་ཉེན་ཁ་ཆེ་ཤོས་སུ་མཐོང་གསུངས་པ་ནི། ད་ལྟ་གསལ་བོ་ཆགས་མི་འདུག་གམ། སྤྱིར་ན་ངན་སྨྲས་བྱས་པ་ཙམ་ལ་ཧ་ལས་རྒྱུ་ཅི་ཡོད་ཀྱང་། ༧གོང་ས་མཆོག་གིས་སྐུ་ཚེ་གང་པོར་འབད་པ་ཆེན་པོས་བཞེངས་པའི་བོད་མི་ས་ཡ་དྲུག་གི་བདེ་སྐྱིད་སྒྲུབ་ཕྱོགས་ལ། དུས་རྣམ་ཀུན་དུ། དངོས་ཤུགས་བརྒྱུད་གསུམ་ནས། གཞི་མེད་བབ་ཅོལ་གྱི་ལོང་གཏམ་མང་པོས་ཀླན་ཀ་འཚོལ་ཨེ་ཐུབ་ལྟ་ཞིང་། མངོན་ལྐོག་རྒྱབ་མདུན་ཅན་གྱི་བྱེད་བབ་སྣ་ཚོགས་ག་ས་གང་དུ་བསྐྲུན་རྒྱུར་འབད་བཞིན་པའི་བོད་མིའི་གཟུགས་སུ་གནས་པ་རེ་འགའ་ཡོད་པ་དག་ནི། ད་ཐེངས་ཀྱི་སྐུ་ཆམ་བཞེས་དགོས་དོན་གྱི་རྐྱེན་རྩ་གཅིག་ཏུ་འགྲོ་བ་བོད་ཀྱི་ལྷ་མི་ཡོངས་ནས་ངེས་པར་མཁྱེན་དགོས་ཏེ། དཔེར་ན། ཆོས་མེད་འཇམ་དབྱངས་ནོར་བུས་དཀོན་མཆོག་གསུམ་མནར་སྐྱེལ་ཁུལ་གྱིས་༧གོང་ས་མཆོག་ལ་སྐུར་འདེབས་ཚད་ལས་བརྒལ་བ་བྱས་པ། དེ་བཞིན་གཉིས་སྨན་དབུ་མའི་ལམ་ནས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་ལ་ཆེད་མངགས་འགལ་རྐྱེན་བཟོ་ཕྱིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཞུང་འབྲེལ་ཡིག་ཆའི་ནང་ཚུན་ཆད་དུ་དེ་དག་གི་ཕྱོགས་གཏོགས་ཀྱི་བརྗོད་པ་སིམ་འཛུལ་བྱས་ཏེ། མདོར་ན་༧གོང་ས་མཆོག་དང་བོད་མི་མང་གིས་བསམ་ཕྱོགས་གང་དུ་ཆིག་སྒྲིལ་གནང་སར་འགལ་རྐྱེན་གཏོར་བཤིག་ཆེད་བཟོའི་བྱེད་པོར་བསམ་བཞིན་སྐྱེ་བ་བླངས་པ་ལྟ་བུ། རྒྱ་ནག་གཞུང་ལས་ཀྱང་སྡུག་པའི་བོད་མི་རེ་འགའ་མཐོ་ས་དམའ་ས། ལས་ཐོགས་ལས་ཟུར་གང་སར་ཡོད་པ་འདི་དག་ལ་རྟག་ཏུ་གཟབ་གཟབ་བྱེད་དགོས་པ་སྨྲས་མེད་ཡིན་པས། མི་འདི་རིགས་ལ་འབྲེལ་བ་འཇོག་སྟངས་མ་ནོར་བའི་རྩལ་ཐོན་པ་ཞིག་གནང་དགོས་པ་བོད་མི་དམ་གཙང་ཡོངས་ནས་ཡིད་གཟབ་བྱ་དགོས་པ་དུས་ལ་བབ་འདུག

སྤྱིར་ན། མི་འདི་རིགས་རེ་ཟུང་གིས་ལངས་ཕྱོགས་དང་ལམ་ལུགས་གང་ཞིག་ཁ་ལ་འཁྱེར་ཀྱང་། ཐ་ན་མི་འདི་དག་གིས་བོད་རང་དབང་སྒྲུབ་ཐུབ་པའི་དབང་དུ་བཏང་ཡང་། བོད་མི་མང་གིས་དེ་དགོས་མེད་དུ་ཤར་ཤར་འདོར་བ་སྨྲས་མེད་ཡིན་པས། རྩ་དོན་གྱི་རིམ་པ་གང་ཞིག་ཏུའང་འདི་དག་གིས་ཕན་ཐོགས་ཕྲན་བུ་ཙམ་བསྐྲུན་མི་ཐུབ་པ། བསྐྲུན་པའི་ལྷག་བློ་མེད་པ། བསྐྲུན་པའི་ལས་བསོད་མེད་པ་བཅས་ལ་ངོས་འཛིན་གསལ་བོ་དགོས་པའང་གསལ་བརྗོད་ཞུ་འདོད་བྱུང་།

བོད་མི་རིགས་ལ་བྱུང་བའི་ཆག་ཆེ་ཉམས་ང་གང་གི་སྐབས་སུའང་། དང་པོར་རྐྱེན་ནང་ན་གནས་པ་མ་ཚོར་པའི་འཐུས་ཤོར་རབ་དང་རིམ་པ་བཏང་ཡོད་སྟབས། ངེས་པར་དུ་མི་འདི་རིགས་ལ་གཟབ་གཟབ་བྱས་ཏེ། ནོར་བུའི་ནོར་ཉམས་ཆོད་པ། རང་གི་བསོད་ནམས་རང་གི་ཁ་ཕོར་དུ་ཤོང་ཐུབ་པ་ཞིག་ཡོང་ཕྱིར། དུས་ནམ་རྒྱུན་དུ་སྤྱི་མཐུན་བསོད་ནམས་གཙིགས་སུ་བཟུང་སྟེ། ཉལ་ན་དབུ་མའི་ལམ། ལངས་ན་དབུ་མའི་ལམ། རྒྱུན་གྱི་ཚོགས་བསགས། ཁ་ཏོན་དགེ་སྦྱོར། སྨོན་ལམ་ཚུན་བསྐྱོན་སྐབས་ནམ་ཞག་ཆགས་མེད་དུ་རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་རྒྱུད་ཀྱི་ཆགས་སྡང་ཞི་ཐབས། བོད་རིགས་ནང་ཁུལ་གྱི་བསོད་དམན་སྐྱེས་བོ་དེ་རིགས་ལེགས་ལམ་དུ་བསྐྱོད་ཐབས། རྒྱ་ནག་གཞུང་ལ་བོད་མི་མང་གིས་བཏོན་པའི་དབུ་མའི་ལམ་ལ་ཡིད་ཆེས་རྙེད་ཐབས། དེ་ཡང་༧གོང་ས་མཆོག་གསེར་ཞལ་འཚོ་བཞུགས་སྐབས་འདིར་ཡོང་ཐབས། རང་རང་གི་སྒོ་གསུམ་གྱི་ཡ་རབས་ཀུན་སྤྱོད་བཅས་ལ་ཞུ་དག་བཏང་ན། ལོ་གཅིག་གཉིས་ནང་༧གོང་ས་མཆོག་གིས་བཀའ་ཕེབས་པ་ལྟར་དབུ་མའི་ལམ་གྱི་བདེན་མཐའ་གསལ་ངེས་པ་རྒྱུ་དང་འབྲས་བུའི་རྣམ་པར་ར་འཕྲོད་པ་ཞིག་མི་འདུག་གམ། བདག་གི་གངས་ཅན་པ་རྣམས།།

༢༠༡༩ ཟླ་ ༤ ཚེས་ ༢༠ ཉིན། ནོར་བུ་འཚིག་ཇ་ཁང་དུ་བྲིས།།

བསམ་ཚུལ།

Post navigation

Previous Post: རྫོང་དཔོན་Aདང་།ཁོའི་ཟུར་བསྟེན་Bགཉིས་ཀྱི་ཁ་བརྡ།
Next Post: ཡབ་ཀྱིས་བུ་མོར་སྤྲིངས་པའི་འཕྲིན་ཞེས་པའི་མུ་འབྲེལ་བཀླགས་བྱང་། (23)

Comments (29) on “༧གོང་ས་མཆོག་གིས་སྐུ་འཆམ་བཞེས་དོན་ཅི་ཡིན་ནམ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-04-20 at 10:19 am

    དབུ་མའི་ལམ་གྱི་བདག་དབང་བཀའ་ཤག་ལ་ཡོད་པ་སྤྱི་འཐུས་གྲོས་ཚོགས་ནང་སྲིད་སྐྱོང་མཆོག་ནས་གསུང་འདུག་ན་ད་རང་བཙན་གྱི་
    བདག་དབང་སུ་ལ་ཡོད་བཀའ་སྤྱི་གཉིས་ནས་མི་མང་ལ་
    གསལ་བཤད་གནང་དགོས་པ་དང་མ་གཞི་བཙན་བྱོལ་བོད་མིའི་བཅའ་
    ཁྲིམས་ནང་རང་བཙན་དང་དབུ་མའི་ལམ་གང་ཡང་མ་འཁོད་པ་ནས་བོད་དོན་བདེན་མཐའ་གསལ་ཐབས་ཟེར་བའི་ཐ་སྙད་འདི་རང་བཙན་ལ་ཁ་ཕྱོགས་དགོས་པ་རེད་དམ་དབུ་མའི་ལམ་ལ་ཁ་ཕྱོགས་རེད་མི་མང་གི་འཐུས་མི་ཁྲིམས་བཟོ་སྤྱི་འཐུས་ཚོའི་གསུང་བྱོན་རོགས་གནང་ཐུགས་རྗེའི་གཟིགས་བཀྲིན་ཆེ་ང་ཚོ་མི་མང་ཉམས་ཆུང་ཚོ་མགོ་འཐོམ་མ་བཅུག་
    རོགས་ཐུགས་རྗེའི་གཟིགས།

  2. མྱི། says:
    2019-04-20 at 12:00 pm

    བོད་རིགས་ནང་ཁུལ་ལ་ཆིག་སྒྲིལ་གནང་སར་འགལ་རྐྱེན་གཏོར་བཤིག་ཆེད་དུ་བཟོས་ཏེ། མང་ཚོགས་ཀྱི་གུས་བརྩི་ཞུ་སའི་འགོ་གཙོ་དག་ལ་དགྲ་ཁ་གཏད་དུ་ལངས་མཁན་ཤར་ཁུག་རང་ཉིད་ཡིན་པར་ཤེས་པར་བྱོས། མི་ངོ་ནས་ཤིག་འགྲོ་བ་རིག་དུས། རང་ངོ་ནས་གཡག་འགྲོ་བ་མི་རིག་མཁན་ཁྱེད་ཚོས་སྤྱི་ཚོགས་དཀྲུག་བཞིན་ཡོད། རང་མང་ཚོགས་ཀྱི་འགོ་ཁྲིད་མིན་སྐབས་སྐད་ཆ་གང་ཞིག་བཤད་ཀྱང་དེ་ཙམ་འགན་ཁུར་མི་དགོས་ཤིང་སྤྱི་ཚོགས་ལ་ཤུགས་རྐྱེན་དེ་ཙམ་མེད། རང་མི་མང་གི་འགོ་ཁྲིད་ཆགས་རྗེས་འགན་ཁུར་མེད་པའི་སྤྱི་ཚོགས་དཀྲུག་བྱེད་ཀྱི་གཏམ་འཆར་དག་གིས་བཙན་བྱོལ་ནང་གི་བོད་པ་སྤར་མོ་གང་དེ་ཁ་འཐོར་དགུ་འཐོར་དུ་བཟོས་སོང་། དེའི་རྐྱེན་གྱིས་བོད་རིགས་ནང་ཁུལ་ལ་ཚིག་མཚོན་བར་མེད་དུ་འདེབས་བཞིན་ཡོད། ཕྱི་སྡོད་བོད་པ་ཡོངས་རྫོགས་བླ་མ་གཅིག་གི་སློབ་མ་ཡིན་ངེས་པས། ནང་ཁུལ་འཁོན་འཛིན་དང་ཚིག་མཚོན་བཏབ་ན་དམ་ཚིག་ལ་འབྲེལ་བ་ཡོད། དེ་ལ་བརྟེན་ནས་བླ་མའི་སྐུ་ཚེ་ལ་འགལ་རྐྱེན་ཡོང་ངེས་པས། དེས་ན་གཟབ་གཟབ་གནང་རོགས།

  3. རང་བྱུང་རིག་པའི་རྡོ་རྗེ says:
    2019-04-20 at 5:21 pm

    སྐུ་འཆམ་ཞིག་བཞེས་པ་ལའང་འགྲེལ་བཤད་འདྲ་མིན་རྒྱ་གི་འདུག བྱང་ཆུབ་སེམས་དཔའ་ཡིན་ཀྱང་ཟག་བཅས་ཉེར་ལེན་གྱི་ཕུང་པོ་བླངས་ན་སྐབས་རེ་མི་བདེ་བ་འོངས་རྒྱུ་སྨོས་ཅི་དགོས། སྡུག་བདེན་གྱི་ཕུང་པོ་ཡིན་པས་སོ། །

  4. དགེ་འདུན། says:
    2019-04-20 at 10:34 pm

    ཆམ་པ་ལ་འཆམ་པ་ཟེར་དགོས་དོན་ཅི་ཡིན་ནམ། འཆམ་པ་ནི་ན་ཚ་ཞིག་ཡིན་ནམ། བོད་ཀྱི་ཐ་སྙད་ལ་ཆམ་པ་ཟེར་བ་ནི་ལུས་པོའི་ཟུངས་བདུན་ཉམས་པའམ་ཤུགས་ཟད་པར་བྱེད་པ་སྟེ། ལུས་ཟུངས་ཆམ་ལ་ཕབ་པའི་ཆ་ནས་ཆམ་པ་ཞེས་མིང་བཏགས་པ་ཡིན་ཡང་། ད་རེ་ཤར་ཁུག་ནས་སྐུ་འཆམ་པ་ཞེས་བྲིས་འདུག་པས་ཅི་ཡིན་ཆ་མ་འཚལ། དེ་ལྟ་བུ་མང་བས་མུ་མཐུ
    ད་ཀློག་འདོད་མ་བྱུང་ངོ་།།

  5. ཨ་ཤོ་ཀ says:
    2019-04-20 at 11:33 pm

    སྐུ་འཆམ་བཞེས་ོ་འདིན་ནི། ཤར་ཁུགས་ཁྱོད་ལྟ་བུ་སྤྱི་འཐུས་དམ་ཉམས་ཡིན་པས་སོ། ༧གོང་ས་མཆོག་ནས་ཨོ་རྒྱན་རིན་པོ་ཆེར་བཀྲིན་དྲན་ཏེ་གསོལ་འདེབས་ཞུ་བཞིན་པར་། ཁྱོད་ལྟ་བུ་ནི་གུ་རུ་བཀུར་འདེབས་བྱེད་མཁན་ཅན་གྱིས་དམ་ལག་ཅན་དུག་རླང་འཕྱོ་བར་དམ་གྲིབ་འགལ་རྐྱེན་ཁྱབ་བཞིན་པས་ཤེས་པར་བྱོས། ད་ནས་མདོ་སྨད་པ་རྣམ་ཀྱིས་སྤྱི་འཐུས་ཁྱོད་ལ་མི་འཕེན་ཐག་ཆོད་ཟིན།

  6. ཀརྡོ་རབ་འབྱམས་པ་ says:
    2019-04-20 at 11:49 pm

    མདོ་སྨད་སྤྱི་འཐུས་ཤར་ཕྱོགས་ཁུག་རྟས།
    ་
    ་་་་་་་་་་་་་ མདོར་ན་༧གོང་ས་མཆོག་དང་བོད་མི་མང་གིས་བསམ་ཕྱོགས་གང་དུ་ཆིག་སྒྲིལ་གནང་སར་འགལ་རྐྱེན་གཏོར་བཤིག་ཆེད་བཟོའི་བྱེད་པོར་བསམ་བཞིན་སྐྱེ་བ་བླངས་པ་ལྟ་བུ། རྒྱ་ནག་གཞུང་ལས་ཀྱང་སྡུག་པའི་བོད་མི་རེ་འགའ་མཐོ་ས་དམའ་། ལས་ཐོགས་ལས་ཟུར་གང་སར་ཡོད་པ་འདི་དག་ལ་རྟག་ཏུ་གཟབ་གཟབ་བྱེད་དགོས་པ་སྨྲས་མེད་ཡིན་པས། མི་འདི་རིགས་ལ་འབྲེལ་བ་འཇོག་སྟངས་མ་ནོར་བའི་རྩལ་ཐོན་པ་ཞིག་གནང་དགོས་པ་བོད་མི་དམ་གཙང་ཡོངས་ནས་ཡིད་གཟབ་བྱ་དགོས་པ་དུས་ལ་བབ་འདུག ་་་་་་་་་་་ཟེར།

  7. ཀརྡོ་རབ་འབྱམས་པ་ says:
    2019-04-20 at 11:50 pm

    ་་་་་་་་་་་་་་་་ ལས་ཐོགས་ལས་ཟུར་གང་སར་ཡོད་པ་འདི་དག་ལ་རྟག་ཏུ་གཟབ་གཟབ་བྱེད་དགོས་པ་སྨྲས་མེད་ཡིན་པས། ་་་་་་་་་་་་་་

  8. ཀརྡོ་རབ་འབྱམས་པ་ says:
    2019-04-20 at 11:54 pm

    ༸གོང་ས་མཆོག་ལ་དད་ལོག་མི་མི་མིན། །
    དབུས་ལམ་མངས་གཙོར་བར་ཆད་བཀག་རྡོ་སོགས། །
    སྨོན་ལོག་དམ་ཉམས་མི་དང་མི་མིན་རྣམས། །
    ཐལ་བར་རློགས་ཤིག་གཟུགས་ཅན་གཟུགས་མེད་ཀྱིས། །
    ཀརྡོས།

  9. AྀBHARU JIGWANG says:
    2019-04-21 at 2:13 pm

    ༄༅། བཀའ་བློན་བརྒྱ་ཆ་མ་ལོང་པའི་སྐོར་ལ་ཁྲིམས་ཞིབ་ཁང་ནས་གསལ་བཤད་
    ཐེངས་གཉིས་གནང་སོང་། ད་སྤྱི་འཐུས་ཚོགས་གཙོའི་གསལ་བཤད་སྒུག་ནས་བསྡདཡོད།
    ཁྲིམས་མཐུན་བྱུང་ཡོད་མེད་ངེས་པར་དུ་མང་ཚོགས་དོགས་སེལ་གནང་དགོས་པ་
    ཤིན་ཏུ་གལ་ཆེ་བ་ཞིག་མངོན་ལ།

  10. སྐལ་བཟང says:
    2019-04-21 at 2:24 pm

    ཤར་གླིང་ཟླ་སྒྲོན་འགྲོ་སའི་ལམ་ཁ་དང་གཅིག་པ་མིན་འགྲོ

  11. ནོར་བུ says:
    2019-04-21 at 9:01 pm

    གདུང་སེམས་མཉམ་སྐྱེད་ཟེར་བའི་གྲོས་ཆོད་དེ །
    དགག་རྒྱག་པ་ནི་ ཤར་ཕྱོགས་ཁུག་རྟ་ ཡིས །
    ལོ་རྒྱུས་ནག་ཐིག་ཅན་ལ་གཟིགས་འདོད་ན །
    ཚད་མཐོའི་མང་མོས་སྤྱི་མོས་ཚབ་ཏུ་གནས །།

  12. ཟུར་གནས། says:
    2019-04-21 at 11:42 pm

    བླ་མ་སྐུ་འཆམ་བཞེས་པར་འགྲེལ་བཤད་མང་པོ་མི་རྒྱོབས། དོན་དངོས་དང་བསྟུན་ནས་བླ་མའི་ཞབས་ཕྱི་ཞུས་ཤིག

    སྐུ་ངོ་ཤར་ཁུག་ངོ་མ་བླ་མའི་ཞབས་ཕྱི་བསྒྲུབ་འདོད་ན། ཁ་ཡོད་ལག་ཡོད་ཀྱི་མཐུན་སྒྲིལ་ཚོགས་པ་ཞིག་ཚུགས། དེའི་ནང་ལ་ཆོལ་གསུམ་ཆོས་ལུགས་ལྔ་བཅས་པའི་མི་སྣ་གདན་དྲོངས། སྲིད་སྐྱོང་དང་འབྲེལ་བ་བྱས་ནས་མཐུན་སྒྲིལ་ཆེན་མོའི་ལས་འགུལ་ཞིག་སྤེལ་དང་། དེས་སྐུ་འཆམ་དང་ནད་མང་པོ་ཞིག་དྲག་བསྐྱེད་ཡོང་ངེས།

    གོང་ས་མཆོག་སྐུ་ཞིང་ལ་མ་ཕེབས་གོང་ལ། ང་ཚོས་མཐུན་སྒྲིལ་ཆེན་མོའི་ལས་འགུལ་སྤེལ་ནས་བོད་མི་ཚང་མ་རྡོག་རྩ་གཅིག་བསྒྲིལ་བཟོ་ཐུབ་ན། ཁོང་ལ་ལག་རྟགས་ལེགས་ཤོས་འདི་རེད།

    དེ་ལ་སྒོར་མོ་དགོས་ན་རོགས་པ་ངས་བཙལ་ཆོག ཁྱེད་ཀྱི་མཚན་ངོ་མ་ཕྲིས་དང་། ངས་ཟུར་ནས་འབྲེལ་བ་བགྱིས་ནས་དངུལ་བཙལ་ཆོག

  13. ཀརྡོ་རབ་འབྱམས་པ་ says:
    2019-04-22 at 12:19 am

    ང་ཚོའི་མཁས་མཆོག་གི སཻིད་སྐྱོང་བློ་སེང་སྐབས་དང་པོའི་སྐབས་ལ་ཤར་གྱི་བྱ་ཁུག་རྟའམ་ག་རེ་ཆོས་འབྱོར་ཟ། ད་ལྟའི་མདོ་སྨད་སྤྱི་འཐུས་འདི་སྐྱག་པ་ཤོར་བ་རེད། སྲིད་སྐྱོང་སྲིས་མཁས་བློ་སེང་མཆོག་གི་སྐབས་གཉིས་པའི་སྐབས་ཡང་ཤར་གླིང་ཟླ་སྒྲོན་རྙང་མ་ཟོར་དུ་བཅུག་པ་རེད། བོད་པའི་ནང་འཁྲུགས་ཆབ་སྲིད་འཕྲུག་པོ་འདི་ཡི་ནང་ཤར་གྱི་མིང་ཅན་ཤར་ཁུག་དང་གཉིས་མྱངས་དག་སོང་སྙིང་གཅེས། ཡིན་ན་ཡང་། ངས་ཁོང་གཉིས་གུས་ཞབས་བྱེད་དགོས་རེད་པ་། ད་ཆ་བོད་པའི་ཆབ་སྲིད་འུ་ཐུག་དྔ་ྦླངས་སྤྱི་དོན་བྱེད་མཁན་རེད་པའ།། །།ཧ་ཧ།།བགད་མོ་ཞིག་ཀྱང་ཐལ་སོང་། དགོངས་དག་གོ། །།

  14. ཀརྡོ་རབ་འབྱམས་པ་ says:
    2019-04-22 at 12:24 am

    ༡༩༠༡༡ གཉིས་སྟོང་བཅུ་གཅིག་ནས་བཟུང་བའི་བོད་པའི་ལས་བྱེད་དེ་ཚོ། དང་བླང་བརྩིས་ནས་གུས་བརྩི་བྱས་པ་ལས། གས་ཀར་དྲང་བདེན་ཡོད་མེད། ལྐོག་ཟ་ཡོད་མེད་སོགས་བཙིར་བྱས་ཞིབ་འཇུག་བྱས་ནས། བཟང་པོ་ལ། བཟང་བསྟོད་དང་། ངན་པ་ལ། ངན་སྨྲས་མ་བྱས་ན། བོད་མི་སྒྲིག་འཛུགས་ཉམས་འགྲོ་བ་མ་ཟད། བོད་མི་དང་། བོད་རིགས་ས་ཡ་མང་པོའི་མི་ཚེ་མདུན་ལམ་ལ གནོད་བགྱིད་རེད་དོ།།

  15. སྤར་ཤད། says:
    2019-04-22 at 12:28 am

    ཆོས་ལུགས་ལྔ་ལབ་ན་ག་རེ་རེད། གལ་ཏེ་ཆོས་རྒྱུད་ལབ་ཀྱི་ཡོད་ན། རྙིང་མ། ས་སྐྱ། བཀའ་རྒྱུད། དགེ་ལུགས། ཇོ་ནང་ཞེས་ལྔ་འཇོག་དགོས། དེ་མི་བོད་རང་གི་གདོད་མའི་ཆོས་ལུགས་བོན་ཆོས་བཅས་ཆོས་རྒྱུད་གྲུབ་མཐའ་ལྔ་དང་ཆོས་ལུགས་ཆེན་པོ་གཉིས་ཡོད་པ་ཤེས་དགོས་སོ།།

  16. ཀརྡོ་རབ་འབྱམས་པ་ says:
    2019-04-22 at 12:33 am

    ད་ལྟའི་བོད་རིགས་ཆབ་སྲིད་པ་མཁས་ཤོས། མཁས་དབངའབུམ་རམས་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། གཏམ་བཤད་དེ་ཚོས་ཞི་ཅིན་ཕིང་དང་། ཁོང་གི་རྒྱ་ནག་གི་སྲིད་གཞུང་གཉིས་ཀར་སྐྱག་པ་དང་། རྐྱང་མ་གཉིས་ཀ་ཤོར་དུ་བཅུག་བགྱིད་འདུག་ཀྱང་། དེས་ད་ལྟའི་དབུ་མའི་ལམ་གྱི་ཆབ་སྲིད་དང་མཐུན་བགྱིད་ཡོད་དང་མེད་ནི་ཤེས་མ་སོང་ངོ་།། །།

  17. རིན་ཆེན་དོན་གྲུབ says:
    2019-04-22 at 5:29 am

    དང་ཐོག་བཞུགས་སྒར་ནས་མདོ་སྨད་པ་རྒས་རྒོན་རྨོངས་དད་ཅན་རེ་ཟུང་དང་། དེ་ནས་ཡང་བསྐྱར་བཞུགས་སྒར་ནས་ཤེས་ལྡན་པ་ཧོར་གཙང་འཇིགས་མེད་དང་། དེ་རྗེས་སླར་ཡང་བཞུགས་སྒར་ནས་ཆབ་སྲིད་པ་སྤེན་པ་ཚེ་རིང་དང་། དེང་སང་མུ་མཐུད་དེ་མཁས་མཆོག་དགེ་འདུན་ཆོས་འཕེལ་གྱི་ཡང་སྲིད་ཡིན་ཟེར་མཁན་ཤར་ཕྱོགས་ཁུག་རྟ་བཅས་མདོ་སྨད་ཚོས་དུས་ནམ་ཡིན་ཡང་རང་རེའི་རྩ་དོན་ལ་དུང་ཞེན་ཟབ་ཅིང་རབ་ཏུ་དཀར་ལ། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཁྲོད་ཡོད་ཚད་བློས་གཏོང་གིས་བྱས་རྗེས་ཀྱང་གཟེངས་སུ་ཐོན་པ་འཇོག་མྱ྄ོང་ཞིང་། འཛམ་གླིང་ཐོག་མཚན་སྙན་ཆེ་བའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་འཇམ་དབྱངས་ནོར་བུར་གཞི་མེད་སྐྱོན་འཛུགས་ཁོ་ན་བྱེད་དགོས་དོན་ཅི་ཡིན་ནམ? གསལ་བཤད་ཅིག་གནང་རོགས། བཀའ་དྲིན་ཆེ།

  18. བོད་ཁམས་སྡེ་ says:
    2019-04-23 at 1:51 am

    ཨ་ངོ་མ་ཡ་མཚན་ཆེ། རང་ངོ་མི་ཤེས་མཁན་གྱིས་མི་འགའ་རེས་སེམས་ནས་གང་དྲན་བཤད་མཆོག་དུས། འཇམ་ནོར་ལྟ་བུ་ཉུང་ཤས་ཞིག་གིས་བོད་མི་རིགས་འདི་ཡི་དངོས་ཡོད་ལོ་རྒྱུས་བཤད་མི་མཆོག་པ་འདི་འང་བོད་མིའི་བསོད་ནམས་ཟད་པའི་སྔ་ལྟས་མ་ཡིན་ནམ། མ་གཞི་མི་འདི་ཚོའི་ཁོག་ན་ཡོན་ཏན་ཅུང་ཙམ་རེ་ཡོད་རེ་བྱས་ཀྱང་དེ་ལས་ལྡོག་ཏེ་ཕྲག་དོག་དང་འགྲན་སེམས་ཀྱིས་ཚོས་པའི་མི་དག་ལ་ངོ་མ་ཞེ་མེར་རྒྱག་སོང་།
    དྲང་པོར་བཤད་ན་ད་ལན་༧གོང་ས་མཆོག་གནོད་དོན་གསུམ་གྱིས་ཐོག་ནས་སྐུ་ཆམ་བཞེས་ཡོད་ དང་པོ་འཕགས་མཆོག་ཐུགས་རྗེ་ཆེ་པོར་མི་ཡི་གཟུགས་སུ་བྱོན་པ་ཡིན་དུས་སྐུ་ན་བགྲེས་སུ་འཕེབ་པ་དང་། གཉིས་པ་སེམས་ཅན་གྱི་དོན་དུ་མཛད་བྲེལ་ཧ་ཅང་ཆེ་སྐྱོན་དང་། གསུམ་པ་ལོ་གཅིག་གི་དུས་བཞིའི་འགྱུར་ལྡོག་གི་དབང་གིས་ཡིན་པ་ལས། ཁྱེད་ཀྱིས་བཤད་པ་བཞིན་འཇམ་དབྱངས་ནོར་བུའི་སྐད་ཆས་སྐུ་ཆམ་བཞེས་རེད་མདོག་མདོག་གི་ལོ་གསུམ་བྱིས་པའི་སྐད་ཆ་ལས་སྡུགས་པ་འདི་བཤད་རྒྱུ་ངོ་མི་ཚ་འམ།།

  19. ཀརྡོ་རབ་འབྱམས་པ་ says:
    2019-04-23 at 2:36 am

    ་་་་་་་་་་་་་་་་་ གསུམ་པ་ལོ་གཅིག་གི་དུས་བཞིའི་འགྱུར་ལྡོག་གི་དབང་གིས་ཡིན་པ་ལས། ཁྱེད་ཀྱིས་བཤད་པ་བཞིན་འཇམ་དབྱངས་ནོར་བུའི་སྐད་ཆས་སྐུ་ཆམ་བཞེས་རེད་མདོག་མདོག་གི་ལོ་གསུམ་བྱིས་པའི་སྐད་ཆ་ལས་སྡུགས་པ་འདི་བཤད་རྒྱུ་ངོ་མི་ཚ་འམ།། ་་་་་་་་་
    ཟེར་བ་འདི་ཤིནད་ཏུ་བདེན་པས། ཤར་ཁུག་ཁོ་སྤྱི་འཐུས་གྲོས་ཚོགས་ནང་ལ། གོས་མེད་གཅེར་བུར་སྟོན་པ་དང་མཚུངས་སོ།། །།ང་ནི་འཇམ་ནོར་ལ་ཅང་མི་དགའ་ཡང་། བདེན་པ་ལ་དགའོ།། །།

  20. ཀརྡོ་རབ་འབྱམས་པ་ says:
    2019-04-23 at 2:38 am

    ཀླུ་འབྱམས་དང་། ཤར་ཁུག་དེ་ཚོ་བོད་མི་རིགས་ལ་ཕན་ཐོགས་སྲིད་པའི་མི་ཞིག་མིན་པནི། ངེས་པ་གཏིང་ནས་རྙེད་དོ།།

  21. ཀརྡོ་རབ་འབྱམས་པ་ says:
    2019-04-23 at 2:40 am

    ཤར་ཁུག་ཁྱོད་མིག་ལྡང་། རྣ་བ་གཉིས་ཡག་པོ་གཏད་ནས་ཉོན་དང་། འཇམ་ནོར་ལགས་ལ། ཡོན་ཏན་གྱི་ཆ་ཡང་ཡོད་རེད་དོ།། །།

  22. འཚུབ་མ་རྒོད་པོ། says:
    2019-04-23 at 3:13 am

    གལ་སྲིད་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ལ་གནོད་པའི་ལས་ཤིག་ཡོད་ཚེ། དེ་ནི་གྲོས་ཚོགས་ར་བའི་ནང་གི་མདོ་སྟོད་སྨད་ཀྱི་གླེན་རྒན་སྐབས་འཚོལ་བ་འགའ་རེས་བཞག་པའི་བག་ཆགས་ངན་པ་དང་བྱེད་སྟངས་སྐྱོ་བོ་དེ་དག་ལས་གཞན་ཡོད་རྒྱུ་མ་རེད། འདི་ཚོའི་ཁ་རུ་ནང་ཁུལ་ཁོ་ནར་འདེབས་པའི་ཚིག་མཚོན་ཙམ་ལས་སྤྱི་བར་སྨན་པའི་ཚིག་འབྲུ་སྣ་གཅིག་མེད།

  23. ཀརྡོ་རབ་འབྱམས་པ་ says:
    2019-04-23 at 4:08 am

    བོད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། > ལ་དྭགས་ཡུལ་མི་དང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་འཛིང་ཤོར།
    ལ་དྭགས་ཡུལ་མི་དང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་འཛིང་ཤོར།
    བོད་ཀྱི་དུས་བབ། ཆུ་ཚོད་ ༡༨ སྔོན་ལ། རིག་པ། (༤)
    ་
    http://tibettimes.net/2019/04/22/176978/

  24. ཀརྡོ་རབ་འབྱམས་པ་ says:
    2019-04-23 at 4:36 am

    ལ་དྭགས་ཡུལ་མི་དང་བོད་པའི་གཞོན་སྐྱེས་ཁག་ཅིག་བར་འཁྲུག་འཛིང་ཤོར་བ་མ་རེད། བོད་རིགས་མི་འདྲ་བ་གཉིས་གསོད་རེས་བྱུང་བ་ཙམ་ལས། ལ་དྭགས་པ་དང་། བོད་པ་གཇསི་བར་གྱི་འཁྲུགས་འཛིང་མ་རེད་དོ། དུས་བབ་མཁྱེན་ཡོན་ཡོད་མདོག་ཅན་གྱི་ཀླད་མེད་གསར་འགྱུར་བ་ཚོ།།

  25. སྤར་ཤད། says:
    2019-04-24 at 2:06 am

    གཞི་མེད་སྐྱོན་བརྗོད་ཅེས་པ་ནི་འཇམ་ནོར་སོགས་ཀྱིས་རང་བཙན་ཁར་ཁྱེར་ནས་བོད་མི་རིགས་ལ་བཀའ་དྲིན་བླ་མེད་ཆེ་བའི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཉེས་མེད་བསྙོན་འཛུགས་དང་། གཞི་མེད་སྐྱོན་བརྗོད། ཡང་མཚམས་རེར་རང་ཉིད་ཀྱི་དགོས་མཁོ་འབའ་ཞིག་གི་ཆེད་དུ་སྙིང་ཉེ་མདོག་གིས་༸གོང་ས་མཆོག་ཆབ་སྲིད་ཀྱི་ལག་ཆ་སོགས་བྱས་དང་བྱེད་ཀྱིན་པ་ནི་ཉེ་རབས་ཀྱི་ལོ་དུས་བཅས་ལ་མང་དུ་མཐོང་། མ་ཟད། རྫུན་དང་ཧམ་པ་བཤད་དེ་༸གོང་ས་མཆོག་གིས་མ་གསུང་པ་གསུངས་སོང་ཞེས་༸གོང་ས་མཆོག་དང་བོད་མི་་མང་ལ་དབུ་སྐོར་དང་བསླུ་བྲིད་རྐྱང་གཉེར་བཞིན་པ་ལྟར། ཁོ་བས་རྫུན་རྐུབ་དངོས་དོན་གྱིས་བརྟོལ་ན་དེ་ཡང་ནོར་སོང་པ་རེད་པས། ང་རང་ཆེས་ཡ་མཚར་ས་ནི་འཇམ་ནོར་སོགས་རང་བཙན་ཁར་ཁྱེར་ཏེ་རང་དོན་བསྒྲུབས་མཁན་དག་ལས་ཀྱང་། ཁོ་བ་ཚོས་༸བོད་མི་རིགས་ཀྱི་སྣོད་བཅུད་གཉིས་ལ་བཀའ་དྲིན་བླ་ན་མ་མཆིས་པ་༸གོང་ས་རྒྱལ་བའི་མཆོག་ལ་གཞི་མེད་སྐྱོན་བརྗོད་དང་། མཚན་སྨོད་བྱེད་སྐབས་མིག་ཞར་ར་དང་། རྣ་འོན་པ་བྱེད་མཁན་དག ཁོ་བ་ཚོའི་རྫུན་རྐུབ་བརྟོལ་ན་དེ་ལ་ཀུ་ཅོ་འདོན་པ་དེ་རེད། འདི་ལ་རྒྱུ་མཚན་གཅིག་མ་གཏོགས་མེད་དེ། དེ་ནི་ཆོལ་ཞེན་ཞེས་པ་དེ་ཁོ་ན་ལས་ཅི་ཡང་མིན། ཆོལ་ཞེན་འདིས་ཁོ་བ་ཚོས་འདི་ཕྱིའི་སྐྱབས་གནས་ཡིན་མིན་མི་བསམ་ལ། བོད་སྤྱི་ལ་བཀའ་དྲིན་ཆེ་མིན་ལ་ཡང་འདང་མི་རྒྱག་ཅིང་། ཐ་ན་དངོས་དོན་ཡིན་མིན་ལའང་མི་བསམ། འོན་ཀྱང་། མཐའ་མཇུག་གྱོང་གུད་ནི་བོད་མི་རིགས་སྤྱི་ལ་རག་གི་ཡོད་པ་ལས་ཆོལ་ཁ་བྱེ་བྲག་པ་དང་ས་ཁུལ་བྱེ་བྲག་པའང་རག་པ་དེ་འདྲ་ལར་མིན།

  26. ཨ་ཤོ་ཀ says:
    2019-04-24 at 8:40 am

    ཤར་ཁུག་ཁེང་སེམས་ཅན་དེར། ཁོ་རང་ད་ཕན་ཆད་ཟམ་མདོང་རིན་པོ་ཆེ་མཆོག་དང་། ཀི་རྟི་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་མཚན་ཤད་བཟོ་ཉེན་འདུག་་་ཁོང་རྣམ་གཉིས་སྐུ་བཅར་བ་ཚོས་་་་ཤར་ཁུག་ལ་བཀག་སྡོམ་གནང་ན་དགའ་་་མི་འདི་བསྟན་སྲིད་གཉིས་དང་། ཁྱད་པར་དུ་ཆོས་ལུགས་སྡང་ཟུག་ཅན་ཡིན་

  27. བོད་ཁམས་སྡེ་ says:
    2019-04-25 at 8:30 am

    ང་ཚོ་བོད་ཀྱི་་མི་རིགས་འདི། དབུ་མའི་ཐོག་ལ་འགྲོ་མཆོག་ལ།
    རང་བཙན་ཁ་ནས་བཤད་ལོས་མཆོག།
    ༧གོང་ས་མཆོག་ལ་དད་མཆོག་ལ།
    འཇམ་ནོར་ལའང་དགའ་ལོས་མཆོག།
    གོ་ན་རྣ་བའི་བདུད་རྩི་ཡིས།
    མ་གོ་སྙིང་ལ་སྦར་ཤད་རྒྱག།།།

  28. རིན་ཆེན་དོན་གྲུབ says:
    2019-04-27 at 7:05 am

    གལ་སྲིད། རྩོམ་པ་པོ་གྲགས་ཅན་འཇམ་དབྱངས་ནོར་བུའི་ཕ་མ་གཉིས་ཀར་ཨ་མདོ་བ་ཡིན་པའམ། ཡང་ན། སྤྱི་འཐུས་ཚོགས་གཙོ་ཟུར་བ་སྤེན་ཚེ་དང་འདྲ་བར། ཕ་མ་གཉིས་ནས་གང་རུང་ཞིག་ཨ་མདོ་བ་ཡིན་ན། ཨ་མདོ་བ་ཚང་མས་ཁོང་ངེས་དོན་གྱི་མཁས་པའི་དབང་པོ་ཞིག་དང་བསམ་བློ་བ་ཞིག བོད་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་བའི་མཁས་པ་ཆེན་པོ་ཞིག་རེད་ཟེར་འུད་སྒྲོག་ཁོ་ནས་བསྟོད་པ་་ལས། ད་ལྟ་ནང་བཞིན་གྱིས་འཇམ་ནོར་རང་དོན་ཁོ་ན་སྒྲུབ་་མཁན་ཞིག་དང་༧གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་པོ་ཞིག་རེད་་ཟེར་སྐྱོན་འཛུགས་རྩ་བ་ནས་མི་བྱེད་མི་སྲིད་དོ། རྒྱུ་མཚན་ནི་ཁོང་ཨ་མདོ་བ་ཞིག་ཡིན་པས་སོ་ཞེས་རྗེས་དཔག་གི་རིགས་པས་བསྒྲུབ་ཐུབ་པ་ཡིན། དེ་མིན། རང་བཙན་རྩོད་མཁན་གྱི་ཁོངས་སུ་ཨ་མདོ་བ་ཁག་ཅིག་དེ་སྔ་ནས་ཡོད་ཀྱང་། ཨ་མདོ་བ་ཚོས་ཞེན་ཁོག་ཁོ་ནས་སྐྱོན་བརྗོད་བྱེད་མི་ཤེས་མུ་ནུས་སོ།

  29. རྒྱ་མ་ཚང་ says:
    2019-04-27 at 9:17 am

    མཁས་མཛང་ལྡན་པའི་བོད་མི་རིགས་ཀྱི་རྩ་དོན་སླད་ཆེད་ཆེར་འགན་ཁུར་ཆེ་བའི་བོད་མི་མང་གི་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ནས་ དོན་གྱི་རྩོམ་འབྲི་མཛད་པ་རྣམས་་
    གང་ཅན་བོད་ཀྱི་བློ་གསར་མྱུ་གུ་གསར་པ་ཚོར་ཕན་རླབས་ཤིན་ཏུ་ཆེ་བ་ཡོང་རྒྱུ་ནི་
    གདོན་མི་ཟ་ ཕྱོགས་མཚུངས་གཟུར་གནས་མཁས་དབང་རྣམ་དང་རྒྱ་ཆེའི་མང་ཚོགས་ཚོའི་བསྔགས་པར་འོས་པའི་ཡུལ་དུ་འགྱུར་ ཁོ་བོས་ཐུགས་རྗེ་ཆེ་ཞུ
    དོན་ཏུ་བོད་རང་བཙན་བློས་གཏོང་མི་བྱེད་པའི་རྩ་འཛིན་པ་རྣམ་ནས་ལྟ་བའི་ཆ་ནས་ལམ་དབུ་མའི་ཆབ་སྲིད་དང་དེ་བརྒྱུད་འཛིན་པ་རྣམ་ལ་འགག་པའི་ཚིག་སྨ་བ་ནི་རྒྱུ་ཚན་ལྡན་པ་ཞིག་རེད་ཁོ་བོས་ཀྱངདེ་དག་ལ་རྗེས་སུ་ཡི་རང་ཞུ་
    འོན་ཀྱང་དེང་གི་ཆར་སྐབས་ཚོལ་བའི་ནང་དམ་ཉམས་པའི་ལོག་བྲིས་དང་རང་བཙན་ཁ་ལ་ཁྱེར་བའི་རྒོད་ངན་བདུད་ཀྱི་ཀླང་པོའི་ཀླད་པ་ཅན་རེ་ཟུང་ནས་ངན་ལམ་ཁྲིད་པའི་བོད་པའི་མིང་གཟུགས་ཚོར་ཆ་ཚོན་ན་བོད་རང་བཙན་འཐབརྩོད་པའི་ཞབས་འགྲེད་པ་ཞིགད་ལས་དེ་ཚོས་བོད་རང་བཙན་ཕན་པའི་ལས་ཀ་སྣེ་ཟུར་ཙམ་གྲུབ་ཡེས་རེ་བ་མེད་པ་གསལ་པོ་རེད་ལྷགས་པར་དུ་ གོང་ག་ི་མཆན་བཀོདཔ་གསུམ་པའི་རང་བྱུང་རིག་པའི་རྡོ་རྗེ་་ཞེས་པས་༧ གོང་ས་སྐྱབས་མགོན་ཆེན་པོའི་མཚུངས་མེད་བལྟ་བས་མི་ངོམས་པའི་ཟ་མ་ཏོག་ཡི་སྐུ་ལ་སྡུག་བདེན་གྱི་ཕུང་པོ་ཡིན་པས་སོ་ཟེར་རྒྱུ་ཚན་དེ་རང་ནས་ཁོ་པ་ནམ་ཉམ་ཞིག་ཡིན་པ་གསལ་པོ་རེད་ཙ་བའི་ལོག་སྨོན་ཅན་ལ་སངས་རྒྱས་ཀྱི་སྐུ་ཡིས་གསང་གསུམ་མཇལ་བའི་སྔར་ལས་ཀྱི་བསྐོད་ཐང་མེད་ལ་དེ་ཚོར་དེང་སྐབས་ཀྱི་སྐད་ཆ་ཤོད་སྟངས་བྱས་ན་ཐོབ་ཐངས་ཡང་མེད་ དོན་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤང་དང་ཡི་ཤིས་ཕུན་ཚོགད་སངས་རྒྱས་ཀྱང་འདུས་བྱའི་དབང་གི་ཉན་ཐོས་ཚུལ་འཛིན་པའི་སྐྱེ་བ་རང་དབང་ཐོབ་པའི་གང་ཅན་བོད་ཀྱི་མེ་ཏོགས་གངས་ལ་འཕོད་པའི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ལ་བོད་གང་ཅན་པའི་ལས་དག་ལྷ་མི་ཡོང་གི་དུས་ནས་དུས་སུ་མགོན་པོ་གང་ཉིད་ལ་སྐུ་ཚེ་ཞབས་པད་སྲིད་མཐའི་བར་དུ་བརྟན་པའི་བརྟན་བཞུག་འབུལ་དང་འབུལ་མོས་རེད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme