Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་གིས་ལ་དྭགས་སུ་བསྩལ་བའི་བཀའ་སློབ།

Posted on 2012-09-112012-09-11 By ཁ་བརྡ་ 39 Comments on ༧གོང་ས་མཆོག་གིས་ལ་དྭགས་སུ་བསྩལ་བའི་བཀའ་སློབ།

བཀའ་སློབ་མཁོ་འདོན་པ། ཚེ་དབང་ཕུན་ཚོགས།
ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༨ ཚེས་ ༣ ཉིན་༧གོང་ས་མཆོག་གིས་ལ་དྭགས་སུ་བསྩལ་བའི་བཀའ་སློབ་འདིར་གསན་གཟིགས་གནང་རོགས།

གློག་བརྙན་།

Post navigation

Previous Post: ༧གོང་ས་མཆོག་གིས་ཨི་ཊ་ལིར་བསྩལ་བའི་བཀའ་སློབ།
Next Post: ལམ་དབུ་མར་རྒྱལ་ཁབ་ ༥༠ དང་གྲོས་ཚོཊ་ ༣༠ ལྷག་གི་རྒྱབ་སྐྱོར་ཡོད་ཟེར།

Comments (39) on “༧གོང་ས་མཆོག་གིས་ལ་དྭགས་སུ་བསྩལ་བའི་བཀའ་སློབ།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-12 at 12:28 am

    ༧གོང་ས་མཆོག་གིས་ལ་དྭགས་སུ་སྩལ་པའི་བཀའ་སློབ་ཞུ་བའི་གོ་སྐབས་ཐོབ་པར་སྐལ་བ་བཟང་། ཡང་དག་པའི་བཀའ་སློབ་ལ་གུས་བཀུར་ཞུ། རྗེ་བཙུན་བླ་མའི་ཞབས་འདེགས་ལ་དམིགས་ཏེ། བོད་ཡིག་གི་ཡི་གེའི་དག་ཆ་རྣམས་བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པའི་བཀའ་བསྟན་གསུང་འབུམ་བཅས་ན་ཡོད་པ་ལ་བརྩི་བཀུར་ཞུས་ཏེ། བོད་ཀྱི་ཡི་གེའི་དག་ཆ་རྣམས་ལ་བརྩི་བཀུར་ཞུ་ན། བོད་ཀྱི་རིག་གཞུང་སྲུང་ཐུབ། དེ་ལ་བོད་ལ་གཅེས་པ་རྣམས་ཀྱིས་འབད་རྩོལ་བྱེད་དགོས་པར་མཐོང་། དེ་ཡང་། བཀའ་སློབ་བསྩལ་བ་འདིར། ཅེས་པ་དེ་ཚིག་མཛོད་རྣམས་ན་ནོར་འཁྲུལ་ཡོད་པའི་རྗེས་སུ་འབྲངས་པར་ངེས། ཚིག་མཛོད་དག་ན་ཡང་གཞུང་དཔེ་རྣམས་དང་ཚིག་མི་མཐུན་པ་མང་། དེས་ན། སྔར་བོད་ཀྱི་མཁས་པ་རྣམས་ཀྱི་ལུགས་ལྟར་ན། བཀའ་སློབ་སྩལ་པ་འདིར། ཞེས་འབྲི་དགོས་པར་མཐོང་ངོ་།།

  2. མངའ་རིས་ཕྲིན་ལས། says:
    2012-09-12 at 4:55 am

    ༧གོང་ས་མཆོག་གི་བཀའ་དགོངས་གོ་བ་ལོག་པའི་འུར་མ་རྒྱག་རོགས། ལྷག་དཀར་ལགས་ཀྱི་གསུང་པ་འདིར་སྐྱར་བཀོད་ཞུས་ཡོད་ཡག་པོ་ཞིག་མཐོང་སོང་། རྒྱུ་མཚན་བོད་ནང་གི་མི་མང་པོ་ཞིག་ལ་མཚོན་ན་ནམ་རྒྱུན་རྒྱ་ནག་གི་དམ་དྲག་པའི་སྟངས་འཛིན་འོག་ན་བཙན་བྱོལ་ནང་གི་གནས་སྟངས་ཕྲ་ཞིང་ཕྲ་བ་རེ་རེར་མིག་ལྟོས་དང་རེ་བ་བྱེད་ཀྱི་ཡོད་པ་བཞིན། ཉེ་སྔོན་༧གོང་ས་མཆོག་ནས་ལ་དྭགས་དང་ཨོ་སི་ཁྲི་ལི་ཡ་ནས་གསུངས་པའི་བཙན་བྱོལ་བོད་གཞུང་གི་མིང་བརྗེ་སྒྱུར་ཐད་ཀྱི་གསུང་བཤད་གང་ལའང་མཚོན་ནའང་ཁོང་ནས་བོད་པ་སྤྱི་བའི་ལས་དོན་ལ་འཐུས་ཤོར་ཡོང་ཉེན་གྱིས་ཆུ་མ་ཡོང་གོང་གི་རགས་བྱས་ཏེ་ཚང་མའི་བྱ་བ་གང་ལའང་བབ་ཅོལ་བྱེད་མི་ཉན་པའི་ཉེན་བརྡ་བཏང་བ་ཙམ་ལས་ཚོགས་པ་དང་ཚོགས་པའི་བར་དུ་བསྒྲགས་གཏམ་སྤེལ་ནས་ངོ་རྒོལ་བྱེད་རྒྱུ་ཞིག་ཡེ་ནས་གསུང་མི་འདུག་པར་བསམ། བཙན་བྱོལ་གཞུང་མང་གང་ལ་མཚོན་ནའང་བོད་ནང་གི་མི་རྣམས་ཀྱིས་རྣ་བས་ཉན་ས་དང་སེམས་ཀྱིས་རེ་ས་གཅིག་པོ་ཡིན་པས་གཞུང་སྒེར་གྱི་ཚོགས་པ་གང་ལ་མཚོན་ནའང་སྒེར་གྱི་ཆགས་སྡང་བསགས་ས་ཞིག་ཏུ་མི་འགྱུར་བར་ཚང་མས་རེ་ས་གཅིག་པོ་སྟེ་བོད་མི་ས་ཡ་དྲུག་གི་བདེ་སྡུག་གཞི་ལ་བཞག་ནས་བྱ་བ་གང་ལའང་བསམ་ཤེས་ཀྱིས་ཞུགས་ན་འགལ་བ་ཐལ་ཆའི་རིགས་བྱུང་མི་སྲིད་པ་ཞིག་རེད། དེ་བས་ང་ཚོས་གསུང་གཅིག་ཉིད་དུ་གསུངས་ནའང་།། དུ་མ་ཉིད་དུ་སོ་སོར་གོ་ཞེས་པ་བཞིན་གོང་ས་མཆོག་གི་གསུང་གང་ཡིན་ཡང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བདེ་སྡུག་གི་ཆེད་དུ་གསུང་གི་ཡོད་པ་བཞིན་ང་ཚོ་མི་རེ་ངོ་རེ་ནས་བོད་སྤྱི་བའི་འཕྲལ་ཕུགས་ཀྱི་བདེ་དོན་ལ་བསམ་བློ་བཏང་ནས་མི་སྒེར་དང་ཚོགས་པ་གང་ཡིན་ཡང་སོ་སོ་རང་ངོས་ནས་བསམ་བློ་བཏང་སྟེ་དུས་ལ་དཔག་ནས་བབ་དང་བསྟུན་རྒྱུ་གལ་ཆེན་རེད་བསམ་ལ། དེ་མིན་གོང་ས་མཆོག་གི་གསུང་ཁ་ལ་ཁྱེར་ནས་ཚོགས་པ་སྐྱིད་སྡུག་གི་བར་དུ་ཆགས་སྡང་བསགས་རྒྱུ་ནི་གོང་ས་མཆོག་གི་དགོངས་བཞེད་ཡེ་ནས་མ་ཡིན་པས་ཚོགས་པ་དང་ཚོགས་པའི་བར་དུ་བསྒྲགས་གཏམ་སྤེལ་ནས་ངོ་རྒོལ་བྱེད་པ་ནི་ཐལ་དྲགས་མ་སོང་འང་བསམ་ལ། བཙན་བྱོལ་ནང་གི་ཚོགས་པ་སྐྱིད་སྡུག་གང་ཡིན་ཡང་ལས་དོན་ལ་འཐུས་ཤོར་བྱུང་ས་ཡོད་སྲིད་མོད། ང་རང་སྒེར་ངོས་ནས་གཞོན་ལྷན་སོགས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ནམ་ཡང་རྗེས་སུ་ཡི་རང་བྱེད་ཀྱི་ཡོད་ཀྱི་ཡོད་ལ། ཚོགས་པ་གང་དང་གང་ལ་ཡང་རང་རང་གི་ལངས་ཕྱོགས་དང་རྩ་དོན་ཡོད་པས་སྐབས་རེར་ཕན་ཚུན་བར་ལ་འགལ་ཆའི་རིགས་བྱུང་ཡང་སྲིད་མོད་འོན་ཀྱང་སོ་སོས་ཚོགས་པ་བེད་སྤྱད་ནས་མི་སྒེར་གྱི་ཆགས་སྡང་དང་དུངས་ཞེན་བརྩད་དེ་བོད་པའི་མཐུན་སྒྲིལ་ལ་གཏོར་བཤིག་མི་ཡོང་རྒྱུ་དང་མདོ་དོན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བདེ་དོན་ལ་དམིགས་པའི་ཀུན་སློང་གཙང་མ་ཞིག་གིས་ཕན་ཚུན་ལ་བསམ་ཤེས་བྱེད་རྒྱུ་དང་། དགོན་གྲོང་གང་གིས་ཀྱང་༧གོང་ས་མཆོག་གི་བཀའ་ཆགས་སྡང་སློང་བྱེད་དུ་མི་འཁྱེར་བའི་རེ་བ་ཧ་ཅང་ཆེ།། འདི་ང་རང་སྒེར་གྱི་རེ་བ་ཡིན་པས་བོད་ནང་གི་བོད་མི་ཡོངས་ཀྱི་ཚབ་བྱེད་མི་ཐུབ།

  3. མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས། says:
    2012-09-12 at 12:57 pm

    དྲ་གྲོགས་ལ་དྭགས་བློ་བཟང་འཇམ་དཔལ་ལགས། ཁྱེ་ཀྱིས་《བཀའ་སློབ་བསྩལ་བ་འདིར། ཅེས་པ་དེ་ཚིག་མཛོད་རྣམས་ན་ནོར་འཁྲུལ་ཡོད་པའི་རྗེས་སུ་འབྲངས་པར་ངེས། ཚིག་མཛོད་དག་ན་ཡང་གཞུང་དཔེ་རྣམས་དང་ཚིག་མི་མཐུན་པ་མང་། དེས་ན། སྔར་བོད་ཀྱི་མཁས་པ་རྣམས་ཀྱི་ལུགས་ལྟར་ན། བཀའ་སློབ་སྩལ་པ་འདིར། ཞེས་འབྲི་དགོས་པར་མཐོང་ངོ་།།》ཞེས་སྐུ་ཉིད་ཀྱིས་རང་གི་དགོངས་འཆར་གསུངས་པར་བཀའ་དྲིན་ཆེ། འོན་ཀྱང་བསྩལ་ཞེས་པ་དེ་སྩལ་ཞེས་པའི་འདས་ཚིག་ཡིན་པ་ཉིད་ཀྱིས་ལོས་མཁྱེན། ད་དུང་སྔ་དར་སྐབས་བསྩལད་ཅེས་འབྲི་བཞིན་ཡོད་ཀྱང་། སྐད་གསར་བཅད་སྐབས་ནས་ད་དྲག་བསྡུས་པ། དཔེར་ན། སྩལ། བསྩལ་ བསྩལད། སྩོལད། སྒྲུབ། བསྒྲུབ། བསྒྲུབས། སྒྲུབས། སྒྲོལ། བསྒྲལ། བསྒྲལད། སྒྲོལ། སྟོན། བསྟན། བསྟནད། སྟོནད། སློབ། བསླབ། བསླབས། སློབས། དེ་དག་སོགས་ཧ་ཅང་མང་ཡང་གོང་གསལ་རྣམས་རིམ་བཞིན་ད་ལྟ་བ་དང་། མ་འོངས་པ། འདས་པ། སྐུལ་ཚིག་བཅས་ལ་འཇུག་ཅིང་། དེ་ཡང་རྟགས་འཇུག་གི་གཞུང་གིས་བསྟན་ཚུལ་ལྟར་ཡིན་མོད། སྐུ་ཉིད་ཀྱིས་གསུངས་པ་ལྟར་སྔོན་གྱི་ཡིག་རྙིང་ནང་འདས་ཚིག་ལ་བསྩལ་དང་སྩལ་གཉིས་ཀ་བྲིས་ཡོད་ཀྱང་། འདས་ཚིག་ལ་བསྩལ་ཅེས་བྲིས་ན་ནོར་བ་ཡིན་པ་ཁྱེད་ཀྱིས་གང་དུ་ཁུངས་གཏུག་བཞིན་ཡོད་དམ། གསུངས་རོགས་གནང་།

  4. མགོན་པོ་ཕྱག་གཉིས་པ། says:
    2012-09-12 at 9:27 pm

    དེང་དུས་སུ་མཚོ་སྔོན་དུ་དཔར་བའི་མདོ་མཛངས་བླུན་ནང་འདས་པར་བསྩལ་བྲིས་པ་གང་སར་འདུག་ལ་མི་རིགས་དཔེ་སྐྲུན་ཁག་གིས་བསྐྲུན་པའི་ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་ནང་ཡང་བསྩལ་བྲིས་འདུག དེ་གཉིས་ནང་སྔོན་མ་ནས་དེ་ལྟར་བྲིས་ཡོད་པ་ཡིན་ནམ་ད་ལྟའི་ཞུ་ཆེན་པའི་སྨྱུག་རྩེས་བསླད་བཅུག་པ་ཅི་ཡིན་ལ་བརྟག་རྒྱུ་མ་བྱུང་ཡང་། ད་ལྟ་དུས་གསུམ་ཁག་གང་སར་སྩལ་བྱ་སྩོལ་བྱེད་བསྩལ་སྩོལ་ཅིག་ཅེས་འབྲི་ཁྱབ་སུ་སོང་ཡོད་པས་འདི་རང་གཏན་ཁེལ་ན་ལེགས་པར་མཐོང་།
    ད་དུང་རྒན་འཇམ་དཔལ་ལགས་ནས་དགེ་ཆེས་ཀྱི་རྗེས་སུ་འབྲངས་ཏེ་དེང་ལ་དིང་ཞེས་འབྲི་བཞིན་ཡང་། རྟོགས་བརྗོད་བརྒྱ་པ་དང་མདོ་མཛངས་བླུན་སོགས་གནའ་དཔེ་དེ་དག་ནང་དེང་གིས་གང་སར་ཁེངས་ནས་འདུག་པ་ལའང་ཐུགས་མཉམ་འཇོག་འཚལ། དེ་མི་ད་དུང་ལགས་ཀྱི་ཚབ་ལ་ཁྱེད་ཀྱིས་ལེགས་བྲིས་པ་ཡང་ནོར་བར་མངོན་ཏེ། གོང་གསལ་དཔེ་ཆ་གཉིས་ཀའི་ནང་། འཚལ་དང་ཡིན་པའི་དོན་དུ་ལགས་བྲིས་པ་མགོ་ནས་མཇུག་བར་མང་པོ་མཐོང་རྒྱུ་འདུག ལེགས་ནི་ལེགས་པའི་དོན་སྟོན་བྱེད་དུ་འབྲི་བ་ལས་ཡིན་དང་རེད་ཀྱི་དོན་སྟོན་པའི་ལགས་ཀྱི་ཚབ་ཏུ་བྲིས་པ་གཅིག་ཀྱང་མཐོང་རྒྱུ་མི་འདུག་པ་འདིའང་ཐུགས་གསོའི་ཆེད་དུ་ཕུལ་བ་ཡིན། ད་དུང་ལོ་ཙྰ་བ་དང་ལོ་ཙྪ་བ་གཉིས་ཀྱི་འབྲི་ཚུལ་གྱི་སྐོར་ཡང་ངས་སྔོན་གྱི་དཔེ་ཆ་ཁུངས་ཅན་བཅུ་གྲངས་ཤིག་ཀློག་ནས་ཁྱེད་ལ་གསལ་བཤད་གནང་བ་དེ་ལྟར་ཡང་ཁྱེད་ནས་ལོ་ཙ་བ་དག་ཚུལ་བཤད་ནས་ཁས་ལེན་གྱི་མི་འདུག་པས་ཐབས་གཞན་ཅི་ཞིག་ཡོད། ཁྱེད་ཀྱིས་དང་པོ་དགེ་ཆོས་ཀྱིས་གསུང་ཚུལ་བཤད་ཀྱང་དགེ་ཆོས་དེབ་གསུམ་གྱི་བདག་ཉིད་ཅན་དེའི་ནང་ལོ་ཙྰ་བ་ཞེས་གང་ས་གང་དུ་བྲིས་འདུག ལོ་ཙ་བ་བྲིས་ཡོད་པ་གཅིག་ལས་ང་ལ་རྙེད་མ་སོང་།
    སྔོན་གྱི་བཀའ་བསྟན་ཟེར་ནས་སྤྱི་བམ་པ་ཞིག་བཤད་རྒྱུ་མི་འདུག ལོ་ཙྰ་བ་དང་གཞུང་གང་དུ་དག་ཆ་གང་བྲིས་ཡོད་པ་རེ་རེ་ནས་གླེང་ན་བཟང་བར་སེམས། ག་རེ་རེད་ཟེར་ན། སྔོན་མའི་ལོ་ཙྰ་བ་རྣམས་ཀྱི་ཁྲོད་དག་ཆ་འབྲི་སྟངས་འདྲ་མིན་སྣ་ཚོགས་ཤིག་བྲིས་འདུག་པ་དེ་དག་ད་ཆ་ང་ཚོས་གཅིག་གྱུར་བྱེད་ཐུབ་ན་བཟང་། ད་ཆ་ང་ཚོས་ཡར་མར་ཕྱོགས་འགྲུལ་བྱས་པ་དེ་འགྲུལ་བྲིས་པ་ཡོངས་གྲགས་ཡིན་ཡང་། མདོ་མཛངས་བླུན་ནང་སྔ་ཕྱི་གང་སར་འདྲུལ་ཞེས་བྲིས་པ་དཔེ་མཚོན་ཙམ་ཡིན། དེ་དང་དེ་ལྟ་བུ་མང་པོ་ཞིག་ཡོད་པ་རེད།

  5. ལེགས་བཤད། says:
    2012-09-12 at 11:11 pm

    ཚུལ་ཁྲིམས་འོད་ཟེར་ལགས་ཀྱིས་སྔ་དར་སྐབས་བསྩལད་ཅེས་འབྲི་བཞིན་ཡོད་ཟེར་བ་ཅུང་ཟད་བསམ་དགོས་པ་སྟེ། སྔོན་གྱི་དཔེ་རྙིང་བཀའ་བསྟན་གང་དུ་སྩལ་དུ་གསོལ་ཞེས་པ་མ་གཏོགས་བསྩལ་དུ་གསོལ་ཞེས་པ་འབྲི་སྲོལ་མི་འདུག །བཀའ་སྩལ་དུ་གསོལ། བཀའ་བསྩལ་དུ་གསོལ། བསྩལ་ཞེས་པ་བསལ་བའི་བརྡ་རྙིང་ཡིན་པས་བཀའ་བསྩལ་ཞེས་བྲིས་ན་མི་ལེགས་ཚུལ་མཁས་པ་སྔ་མ་རྣམས་ཀྱིས་གསུང་རྒྱུན་རེད། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་མཆོག་གིས། དུས་གསུམ་གྱི་ཚེ་ཕལ་ཆེར་སྩལ་ཞེས་འབྱུང་ཞིང་སྔོན་འཇུག་སྦྱར་ན་འདས་མ་འོངས་གོ་བར་མ་ཟད་བསལ་བའི་དོན་ཡང་སྟོན། ཞེས་གསུངས་པ་དང་། དགེ་བཤེས་ཤེར་རྒྱམ། ཨ་ལགས་ཚེ་རྟན། དམུ་དགེ་བསམ་གཏན་སོགས་ཕྱིས་ཀྱི་མཁས་པ་དག་གིས་ཀྱང་དེ་ལྟའི་གསུང་རྒྱུན་འདུག ། རྒྱུད་སྟོད་གྲྭ་ཚང་དུ་འགྲེལ་བ་བཞི་སྦྲགས་ལ་ཞུ་དག་གཏོང་བའི་སྐབས། དཔེ་རྙིང་རྣམས་སུ་བཀའ་སྩལ་དུ་གསོལ། ཞེས་པ་ཤ་སྟག་ལན་མང་དུ་བྱུང་བས་མགོ་འཐོམས་དགོས་པ་བྱུང་། སོག་ཡུལ་ནས་ཁྱེར་འོངས་པའི་དཔེ་རྙིང་དགའ་ལྡན་དཔར་མ་ཞིག་འདུག་པ་དེར་ལྟ་སྐབས། སྩལ་དུ་གསོལ། ཞེས་པ་རང་དུ་འདུག །སྩལ་དུ་གསོལ། ཞེས་པ་གནང་བར་མཛོད་ཅེས་པའི་དོན་ཡིན་པས་སྐུལ་ཚིག་དང་མ་འོངས་པའི་དོན་གཉིས་ཀར་འགྲོ །

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-13 at 12:38 am

    མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལེགས་དང་། མགོན་པོ་ཕྱག་གཉིས་པ་མཆོག་ལ། ལྷན་རྒྱས་གཉིས་ཀྱིས་གོང་གསལ་སྩོལ་བའི་འདས་ཚིག་ལ། བསྩལ་བ། ཞེས་མགྲིན་གཅིག་ཏུ་གསུངས་པ་ལ་དགའ་བ་བྱུང་། ཐུགས་རྗེ་ཆེ། འོན་ཁྱེད་གཉིས་ཀྱིས། མདོ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མང་དུ་བཀླགས་ཡོད་ངེས། གལ་ཏེ་ཀློག་མེད་ན་ཀློག་པར་མཛད་དགོས། བཀའ་བསྟན་གྱི་དག་ཆ་རྣམས་རང་རེ་ལ་ལྟ་བདེ་ཕྱིར་བསྡུས་པའི་དག་ཡིག་ཟ་མ་ཏོག་དང་། དག་ཡིག་ངག་སྒྲོན་གཉིས་ཀ་ནས་རིམ་པ་བཞིན་འདི་ལྟར་གསུངས་ཏེ།
    བཀའ་སྩལ་པ་དང་དངོས་གྲུག་སྩལ།
    དངོས་གྲུབ་སྩོལ་དང་སྩལ་དུ་གསོལ།
    ཚིག་རྐང་འདི་གཉིས་སུ་སྩོལ་བའི་ད་ལྟ་འདས་མ་འོངས་སྐུལ་ཚིག་བཅས་ཚང་སྟེ། ད་ལྟ་བ་དང་སྐུལ་ཚིག་གི་ཁྱད་པར་ད་བཤུལ་ཡོད་མེད་ལས་ཕྱེ་བ་ལགས།
    ཞེས་དང་། ངག་སྒྲོན་དུ།
    བཀའ་སྩལ་དངོས་གྲུབ་སྩལ་དང་སྩོལ།
    ཞེས་བཀོད་ཡོད་པ་དང་། བདག་གི་གློག་ཀླད་ན། ཆོས་ཡང་དག་པར་སྡུད་པའི་མདོ། སྡེ་དགེ་སྤར་མ། མདོ་ཞ་པ། ཤོག་གྲངས་གོ་དགུ་རྒྱབ་ཤོག་ན་ཡང་འདི་ལྟར་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ངས་འདི་སྐད་མཐོང་ནས། བཀའ་བསྟན་གསུང་འབུམ་བཅས་ཀྱི་དག་ཆ་རྣམས་སྲུང་དགོས་པ་རང་ཅག་ཚང་མའི་འགན་ཡིན་མིན་གསུང་བར་མཛོད་ཅེས་ཞུ་བ་ལགས། རྗེས་སུ་ལན་ཞུ་ཆོག ད་ལྟ་ལོང་མི་འདུག་ཡིག་ནོར་ལ་ཞུས་དག་མཛོད་ཅིག ལེགས་སོ།།

  7. ཀརྡོ་གཉེར་ཕྱག་པ་ says:
    2012-09-13 at 4:10 am

    མཆན་༥པར་ལེགས་བཤད་ལགས་ཀྱིས།

    ་་་་་་། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་མཆོག་གིས། དུས་གསུམ་གྱི་ཚེ་ཕལ་ཆེར་སྩལ་ཞེས་འབྱུང་ཞིང་སྔོན་འཇུག་སྦྱར་ན་འདས་མ་འོངས་གོ་བར་མ་ཟད་བསལ་བའི་དོན་ཡང་སྟོན། ཞེས་གསུངས་པ་དང་།
    དགེ་བཤེས་ཤེར་རྒྱམ། ཨ་ལགས་ཚེ་རྟན། དམུ་དགེ་བསམ་གཏན་སོགས་ཕྱིས་ཀྱི་མཁས་པ་དག་གིས་ཀྱང་དེ་ལྟའི་གསུང་རྒྱུན་འདུག
    རྒྱུད་སྟོད་གྲྭ་ཚང་དུ་འགྲེལ་བ་བཞི་སྦྲགས་ལ་ཞུ་དག་གཏོང་བའི་སྐབས། དཔེ་རྙིང་རྣམས་སུ་བཀའ་སྩལ་དུ་གསོལ། ཞེས་པ་ཤ་སྟག་ལན་མང་དུ་བྱུང་བས་མགོ་འཐོམས་དགོས་པ་བྱུང་། ་་་་ཟེར།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-13 at 9:51 am

    མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལེགས་དང་། མགོན་པོ་ཕྱག་གཉིས་པ་མཆོག་ལ།
    སྡེ་དགེ་སྤར་མ། མདོ་སྡེ་ཨ་པ། ཤོག་གྲངས། ༡༢༩ མདོ་མཛངས་བླུན། ཡིག་འཕྲེང་༤པ་ན། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། མདོ་དེའི་ཤོག་གྲངས་༤༠རྒྱབ་ཤོག ཡིག་འཕྲེང་ ༡། དེང་། ཞེས་ཡོད་པ་མགོན་པོ་ཕྱག་གཉིས་པ་ཁྱེད་བདེན། འོན་ཀྱང་བདག་གིས་དིང་ཞེས་འབྲི་བ་ནི་རྩ་བའི་སྒྲ་གང་ཡིན་པ་དེ་སྟོན་པའམ་གོ་བའི་ཕྱིར་དུ་ཡིན། དེ་ཉིད་གྱུར་ནས་དེང་ཆགས་པ་དེ། ཁྱེད་ཙམ་དུ་མ་ཟད་སྒྲའི་འགྱུར་སྟངས་ལ་ལྟ་རྟོག་ཅན་རྣམས་ཀྱིས་མཁྱེན་དགོས། དིང་སང་ཞེས་པ་དེ་དགེ་ཆོས་ཀྱིས་བཀོལ་པ་དེ་མ་མཐོང་བའི་སྔོན་དུ་ཀློང་ཆེན་རབ་འབྱམས་པ་དང་། མཁས་གྲུབ་རྗེའི་གསུང་འབུམ་དག་ན་མཐོང་། དགེ་ཆོས་ཀྱིས་སྐད་ཀྱི་ཐོག་ནས་བོད་སིལ་བུར་མི་འགྲོ་བའི་ཆེད་དུ། བསྟན་བཅོས་ན་ཡོད་པའི་ཚིག་དག་བཀོལ་བར་སྣང།
    འཚལ་དང་ཡིན་པའི་དོན་དུ་ལགས་བྲིས་པ་མགོ་ནས་མཇུག་བར་མང་པོ་མཐོང་རྒྱུ་འདུག ཞེས་པའི་བརྗོད་པ་འདི་ནི་བདག་གི་འདོད་པ་ཡིན། བདག་གིས་མཆན་བུ་འགའ་རེའི་མཇུག་ཏུ། ཞུ་བ་ལགས་སོ། ཞེས་བྲིས་ཡོད། ཁ་བརྡའི་གསལ་བསྒྲགས་ལ། མཆན་བུ་༥༦པ་ལ་གཟིགས།
    མིང་གང་གི་མཇུག་ཏུ་ཞེ་སའི་ཕྱིར་དུ། ལེགས། ཞེས་པ་གྱུར་ནས། ལགས། ཞེས་ཆགས་པ་མ་ཡིན་ནམ། འདི་ལ་གཟུ་བོར་གནས་པའི་ཚད་ཐུབ་ཀྱི་ཁུངས་ཡོད་དམ། ལ་དྭགས་ལུང་ཁུགས་ཡིན་པས། བོད་ཀྱི་སྒྲ་མང་པོ་མ་ཞིག་པར་རང་ཅག་གནས་ཡོད། མིང་གི་རྗེས་སུ་ལེགས་ཞེས་པ་དེ་དག་གི་ནང་ན་གཅིག་ཡིན།
    ལོ་ཙ་བདང་་ཞེས་པ་ ལོ་ཙཱ་བ་ཞེས་པ་འདི་དཔེ་ཆ་དག་ན་འབྲི་ཚུལ་མི་འདྲ་བ་མང་ཙམ་འདུག། དག་ཤོས་དེ། ལོ་ཙ་པ། ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།
    མི་ལོ་བརྒྱད་བརྒྱའི་ཡུན་ལ་རྒྱ་གར་དུ།
    མ་སླེབས་ཕྱི་དལ་ཅན་གྱི་ལོ་ཙ་པ།
    ལེགས་སྦྱར་བསྟན་བཅོས་དངོས་སུ་ཀློགས་པ་ཞིག
    ད་ལྟ་མ་ག་དྷ་ན་མཆིས་སོ་སྐད།།
    དེ་ཡང་། ལོ་ཀ་དང་ཙཀྵུ གཉིས་ཀྱི་མིང་ཡིག་དང་པོ། ལོ། ཞེ་ས་པ་དང་། ཙ། ཞེས་པ་ལ་བོད་ཀྱི་བདག་སྒྲ། པ་ཡིག་སྦྱར་ཏེ། ལོ་ཙ་པ། བོད་སྐད་དུ་བསྒྱུར་ན། འཇིག་རྟེན་མིག་ཅན། ཞེས་གྲུབ།
    གོང་གི་དགེ་ཆོས་ཀྱི་ཚིགས་བཅད་དེ། ཆོས་ཀྱི་ཚིགས་སུ་བཅད་པ། རྒྱ་གར་མ་ཧཱ་བོ་དྷིའི་ཆོས་ཚོགས་ནས། ༡༩༤༦ལོར་སྤར་པའིཤོག་གྲངས་༡༥༦ན་མཆིས། བདག་སྒྲ་ལ་བ་ཡིག་མ་ཡིན་པར་པ་ཡིག་དགོས་ཏེ། སུམ་ཅུ་པ་ན།
    གང་མིང་བརྗོད་པའི་མ་མཐའ་ན།
    ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།
    དེ་ལ་ཕོ་ཡི་རྟགས་སྦྱར་ན།
    བདག་པོའི་སྒྲ་རུ་ཤེས་པར་བྱ།།
    ཞེས་པ་ལྟར་ཡིན་ཀྱང་། ཕྱིས་སུ་བརྗོད་བདེ་འདྲེན་པ་མང་དུ་བྱུང་བས།་ བོད་ཀྱི་སྒྲའི་བསྟན་བཅོས་དག་གི་དོན་ལ་ཆ་མ་གནས་པར་ཁ་སྐད་ཀྱི་སྒྲ་བཀོལ་བ་མང་དུ་བྱུང་དང་། འབྱུང་བཞིན་པ་དང་། མ་འོངས་པ་ན་ཡང་འབྱུང་བར་འགྱུར། ལེགས་སྦྱར་སྐད་དུ་དེ་ལྟར་མ་ཡིན་པར་སྔོན་བྲིས་སྒྲའི་བསྟན་བཅོས་རྣམས་ལ་རྩིས་སྟངས་ཆེ་བས། དཔེར་ན། ལོ་ངོ་སྟོང་ཕྲག་སྔོན་ལ་བྲིས་པའི་སྒྲའི་བསྟན་བཅོས་པཱ་ཎི་ཞེས་པ་དེ་ལེགས་སྦྱར་གྱི་སྐད་སྦྱོང་བ་དག་གིས་ད་ལྟར་ཡང་སྦྱོང་བ་ལགས་སོ།།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-13 at 10:09 am

    ལི་ཤི་གུར་ཁང་ན། བསལ་བ་ལ་བསྩལ་བ་དང་། ཞེས་སྐྱོགས་སྟོན་ཆེན་པོས་བྲིས་ཤིང་། སྡེ་དགེ་བཀའ་འགྱུར་གྱི་དཔེ་ཆ་འགའ་ན། སེལ་བའི་འདས་ཚིག་ལ། བསྩལ་ཞེས་པ་མཐོང་ངོ་།།

  10. ཀརྡོ་གཉེར་ཕྱག་པ་ says:
    2012-09-13 at 10:53 am

    དྲིན་ཆེན་བླ་མའི་༸སྐུ་ཚེ་ཡུན་བརྟན་ཤོག །

  11. ཀརྡོ་གཉེར་ཕྱག་པ་ says:
    2012-09-13 at 10:57 am

    སྒྲུབ། བསྒྲུབ། བསྒྲུབས། སྒྲུབས། ལྟར། སྩལ། བསྩལ་ བསྩལད། སྩོལད། མིན་པ་འདི་ཡང་ནོར་མི་འདུག་གམ། རྒན་འཇམ་དཔལ་ལགས།

  12. འཇམ་དབྱངས། says:
    2012-09-13 at 12:54 pm

    མངའ་རིས་ཕྲིན་ལས་ལགས་ཀྱིས་ལུང་འདྲེན་བྱས་པ་ལྟར་བདེན་པ་རེད། ཚོགས་པ་སོ་སོར་ལངས་ཕྱོགས་དང་རྩ་འཛིན་སོ་སོར་ཡོད་པ་རེད། ཡིན་ན་ཡང་དེ་རྒྱུ་མཚན་དུ་བྱས་ནས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་དགོས་དོན་ཅི་ཡིན་ཆ་མ་འཚལ། གལ་ཏེ་༧གོང་ས་མཆོག་གི་བཀའ་སློབ་དང་ལམ་སྟོན་ལ་ཡིད་ཆེས་མེད་ན། ཨ་ཆེ་ཕ་ལུས་སྙིང་གཏམ་བཤད་ཡོད་དོ།། ཉན་དང་མི་ཉན་སོ་སོའི་ལག་པ་རེད།། ཅེས་པ་ལྟར་༧གོང་ས་མཆོག་གི་ངོས་ནས་གནའ་སྔོན་མ་རང་དབང་སྤྲད་ཡོད་པས། ཅི་དགར་སོ་སོའི་འདོད་པ་ལྟར་ལས་འགུལ་སྤེལ་ཆོག ནང་ཁུལ་ལ་ངན་སྨྲས་ཉུང་ཙམ་གྱིས། ཕྱི་དགྲ་ལ་སྙིང་རྩ་དཔའ་ཙམ་གྱིས། ནང་དགྲ་ལ་ནམ་ཡང་གཟབ་ཙམ་གྱིས། བོད་རྒྱལ་ལོ།

  13. ཀརྡོ་གཉེར་ཕྱག་པ་ says:
    2012-09-13 at 2:42 pm

    ཨ་ཆེ་ཕ་ལུས་སྙིང་གཏམ་བཤད་ཡོད་དོ།། ཉན་དང་མི་ཉན་སོ་སོའི་ལག་པ་རེད།།
    འདི་དང་།
    ཁ་ཆེ་ཕ་ལུས་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་འདོད་པ་རེད།
    འདི་གཉིས་དག་པ་རེད། ཁུངས་ལུང་སུས་གསུངས་ཐུབ་བམ།

  14. ཀརྡོ་གཉེར་ཕྱག་པ་ says:
    2012-09-13 at 5:24 pm

    བསེ་རུ་ལགས་ཀྱིས།
    ཡང་།
    ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ།།
    ཉན་དང་མ་ཉན་རང་རང་སོ་སོ་རེད།།

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-13 at 11:43 pm

    ཀརྡོ་གཉེར་ཕྱག་པ་མཆོག

    སྒྲུབ། བསྒྲུབ། བསྒྲུབས། སྒྲུབས། ཞེས་པ་གཞུང་དཔེ་དག་ན་ཡོད་པ་དང་མཐུན། ཕྱི་མ། སྩལ། བསྩལ་ བསྩལད། སྩོལད། ཞེས་པར་བདག་གི་འདོད་པ་བཀོད་ཟིན་ཏེ། མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལེགས་དང་། མགོན་པོ་ཕྱག་གཉིས་པ་མཆོག་གི་ལན་ལ་སྒུག་ཡོད་པ་ལགས་སོ།།

  16. ཀརྡོ་གཉེར་ཕྱག་པ་ says:
    2012-09-14 at 12:33 am

    རྒན་འཇམ་དཔལ་ལགས་ཀྱིས།
    ལོ་ཙ་པ། བོད་སྐད་དུ་བསྒྱུར་ན། འཇིག་རྟེན་མིག་ཅན། ཞེས་གྲུབ། ཅེས་གསུངས་འདུག
    ཁུངས་ནི།
    གང་མིང་བརྗོད་པའི་མ་མཐའ་ན།
    ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།
    དེ་ལ་ཕོ་ཡི་རྟགས་སྦྱར་ན།
    བདག་པོའི་སྒྲ་རུ་ཤེས་པར་བྱ།།ཞེས་དང། དགེ་ཆོས་ཀྱིས་ཀྱང་གསུངས་འདུག་ཟེར།

  17. འཇམ་དབྱངས། says:
    2012-09-14 at 1:25 am

    མ་རྩོམ་ཞིག་ན། “ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་བསམ་བློ་རེད། །”ཅེས་གསལ་འདུག་ཀྱང་། ༧གོང་ས་མཆོག་གིས་དོལ་རྒྱལ་སྐོར་བཀའ་སློབ་ཅིག་བསྩལ་བའི་སྐབས་དེ་ལྟར་གསུངས་པ་ཡིད་འཇགས་སུ་འདུག་པ་ལྟར་བྲིས་པ་ཡིན།

  18. མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས། says:
    2012-09-14 at 12:42 pm

    བཀུར་འོས་ལ་དྭགས་བློ་བཟང་འཇམ་དཔལ་ལགས། རང་རེའི་མི་རིགས་འདིའི་སྲོག་རྩ་སྐད་ཡིག་ལ་དོ་སྣང་ཤུགས་ཆེན་གནང་བར་བཀའ་དྲིན་དཔག་མེད་ཆེ་ཞུ།
    སྐུ་ཉིད་ཀྱིས།
    མི་ལོ་བརྒྱད་བརྒྱའི་ཡུན་ལ་རྒྱ་གར་དུ།།
    མ་སླེབས་ཕྱི་དལ་ཅན་གྱི་ལོ་ཙ་པ། །
    ལེགས་སྦྱར་བསྟན་བཅོས་དངོས་སུ་ཀློགས་པ་ཞིག
    ད་ལྟ་མ་ག་དྷ་ན་མཆིས་སོ་སྐད།།ཅེས་དགེ་ཆོས་ཀྱི་ལུང་དེ་དྲངས་མོད། ལོ་ཙ་པ། ཞེས་དང་། ཀློགས་པ་ཞིག །ཅེས་དང་། མཆིས་སོ་སྐད། །ཅེས་དང་། ཡང་ཚིགས་རྐང་མཐའ་མ་ལ་གཉིས་ཤད་ཡོད་པ་ལས། དང་པོ་གཉིས་ལ་ཤད་རེ་རེ་དང་། ཚིགས་རྐང་གསུམ་པར་ཤད་མེད་པ་བཅས་ཉིད་ཀྱིས་བྲིས་འདུག འོན་ཀྱང་ཕྱི་ལོ་༡༩༨༩ལོའི་ཟླ་༡༠་བར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི་《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག།》ཅེས་པའི་དེབ་ཀྱི་ཤོག་ངོས་༤༡༠་བའི་ཐིག་འཕྲེང་༡་ན།
    མི་ལོ་བརྒྱད་བརྒྱའི་ཡུན་ལ་རྒྱ་གར་དུ། །
    མ་སླེབས་ཕྱི་དལ་ཅན་གྱི་ལོ་ཙཱ་བ། །
    ལེགས་སྦྱར་བསྟན་བཅོས་དངོས་སུ་ཀློག་པ་ཞིག །
    ད་ལྟ་མ་ག་དྷ་ན་མཆིས་སོ་ལོ།། ཞེས་གསལ་འདུག དེ་ཡང་། ལོ་ཙཱ་བ། །ཞེས་དང་། ཀློག་པ་ཞིག །ཅེས་དང་། མཆིས་སོ་ལོ། །ཞེས་དང་། ཚིག་རྐང་གསུམ་པའི་མཐར་ག་ཡི་ཕྱི་རྐང་གིས་ཤད་ཀྱིས་གོ་ཆོད་པ་བྱས་པ་མ་གཏོགས་གཞན་རྣམས་ལ་གཉིས་ཤད་འདུག་ཀྱངཁྱེད་ཀྱིས་དྲངས་པའི་ཚིགས་བཅད་དང་འདི་གཉིས་ལ་ཁྱད་པར་འདི་འདྲ་རེ་ཤོར་དགོས་དོན་ག་རེས་ཡིན་ནམ།
    གཞན་ཡང་དེབ་དེའི་ཤོག་ངོས་༤༩་བའི་ཐིག་འཕྲེང་༡༨་ན། དེས་ན་ལོ་ཙཱ་བ་ཤམྦྷ་ལ་པའི་ཞལ་ནས། ཞེས་དང་། ཤོག་ངོས་༣༥༥་ན། བོད་ཀྱི་ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་གྱི་ལམ་ཡིག་རྒྱས་པ། ཞེས་དང་། ཤོག་ངོས་༣༥༦་པའི་ཐིག་འཕྲེང་༤་ན། དེས་ན་འགའ་ཞིག་ནི་ཡུལ་འདིར་དངོས་སུ་བྱོན་ཏེ། ཡུན་རིང་བཞུགས་པའི་སྔོན་གྱི་ལོ་ཙཱ་བ་ཚད་ཐུབ་དེ་དག་གི་གསུང་ལ་རྒྱས་ཅུང་ཟད་ཀྱང་མེད་པར། ཞེས་སོགས་ཡང་ནས་ཡང་དུ་གསལ་འདུག་པས་དགེ་ཆོས་ཀྱིས་ལོ་ཙཱ་བ་ཞེས་པའི་ཙཱ་ལ་རིང་ཆ་བཞག་ཡོད་པ་དང་། མཐའི་བདག་སྒྲ་ཡང་བ་ཡིག་འབྲི་བཞིན་ཡོད་ཚོད་འདུག་བདག་གིས་ནི་སྙམ་མོད། འོན་ཀྱང་དགེ་ཆོས་ཀྱིས་ལོ་ཙ་པ་ཞེས་ཙ་ལ་རིང་ཆ་མི་འདོགས་ཤིང་། མིང་མཐའི་བདག་སྒྲ་ལ་པ་ཡིག་ཁོ་ན་སྦྱར་ངེས་ཡིན་པར་སྐུ་ཉིད་ཀྱིས་ར་སྤྲོད་ཁུངས་སྐྱེལ་ཇི་ལྟར་གནང་ངམ།
    གཞན་ཡང་དགེ་ཆོས་ཀྱིས་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོའི་ནང་དེང་སང་གི་ཚབ་ལ་དིང་སང་བྲིས་མོད། འོན་ཀྱང་ཀླུ་སྒྲུབ་དགོངས་རྒྱན་ནང་དེང་སང་ཤ་སྟག་བྲིས་ཡོད། སྤྱིར་ཀླུ་སྒྲུབ་དགོངས་རྒྱན་ཉག་རོང་ཟླ་བཟང་སོགས་ཀྱིས་ཟིན་བྲིས་གནང་བ་ཕྱིས་སུ་དགེ་ཆོས་ལ་སྤྱན་འབུལ་ཞུས་པ་བཤད་སྲོལ་ཡོད་མོད། འོན་ཀྱང་ཁོང་གིས་རང་ལུགས་དེང་སང་གི་ཚབ་ལ་དིང་སང་འབྲི་དགོས་ཡོད་ན་ནི། ཟིན་བྲིས་པ་རྣམས་ཀྱིས་དེང་སང་བྲིས་པ་རྣམས་ཁོང་གིས་བཟོ་བཅོས་གནང་ངེས་སྙམ་ཡང་དེ་ལྟར་གནང་མི་འདུག་ལ། མ་ཟད་དགེ་ཆོས་ཀྱིས་བྲིས་པའི་རྒྱ་གར་གནས་ཡིག་ནང་དེང་སང་ཁོ་ན་བྲིས་འདུག་པས་དགེ་ཆོས་དེང་སང་ཡིན་ཚད་ལ་དིང་སང་ཞེས་འབྲི་མཁན་ཞིག་མིན་པར་སྙམ་མོ། འོན་ཀྱང་དགེ་ཆོས་རྩོམ་པ་བོ་གཅིག་གིས་བརྩམས་པའི་ཡིག་ཆ་ཁག་ནང་ཡི་གེའི་དག་ཆ་ལའང་མི་འདྲ་བ་འདི་ལྟར་འབྱུང་དོན་གང་ཡིན་ནམ། ཞེས་ངས་ཁྱེད་ལ་བཀའ་འདྲི་ཞུ་བཞིན་ཡོད།

  19. ཨེ་མི་ལེ། says:
    2012-09-14 at 1:32 pm

    རྒན་བློ་བཟང་འཇམ་དཔལ་དང་སྒོམ་སྡེ་ལྷ་རམ་པ་གཉིས་ལོ་གཉིས་གསུམ་ཞིག་གི་སྔོན་ལ་ཁ་བརྡ་དྲ་བའི་ནང་ཡིག་ནོར་ཐོག་རྩོད་པ་བྱུང་སོང་། དེ་དུས། སྒོམ་སྡེ་ལྷ་རམ་པ་ལགས་ཀྱིས་རྒན་བློ་འཇམ་་་་་་་་་་ཧ་ཧ་ཧ ད་མི་བཤད།

  20. ཀརྡོ་གཉེར་ཕྱག་པ་ says:
    2012-09-14 at 2:25 pm

    ལོ་ཙའམ། ལོ་ཙྰ་དང་ལོཙྪ་སོགས་ནི། ལེགས་སྦྱར་ནང་ལ་གང་བྲིས་པ་དེ་དང་བསྟུན་དགོས་པ་ལས། རང་རིགས་སྐད་གཉིས་སྨྲ་བའི་ཁུངས་དྲངས་ན་ཅུང་མི་འཐད་ལ། བདག་སྒྲ་པ་དང་པོ་གཉིས་མ་གཏོགས་དངོས་བསྟན་ལ་མེད་པ་ཡང་། རྒན་འཇམ་དཔལ་ལགས་ཅུང་བདེན་པ་བདེན་པ་ལྟར་མཐོང་ལགས། ད་དུང་དཔྱད་དགོས་པ་མང་ངོ་སྙམ་ལགས།

  21. ཀརྡོ་གཉེར་ཕྱག་པ་ says:
    2012-09-14 at 2:27 pm

    སྔར་གྱི་སྒོམ་སྡེ་ལྷ་རམ་པ་ལགས་དང་། དེང་གི་མེ་ཏོག་དཀར་པོ་གཉིས་ཀ་ཁ་བརྡར་མཐོང་ས་ལ་ཡང་མི་འདུག་གོ །

  22. འཇམ་དབྱངས། says:
    2012-09-14 at 2:58 pm

    ལ་དྭགས་བློ་འཇམ་ལགས་ཀྱིས། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པའི་ལེགས་བཤད་ལྗོན་དབང་གི་རྩ་བར་དཔྱད་ཞིབ་བྱེད་དགོས། གལ་སྲིད་ཁྱེད་ཀྱི་མིག་ལམ་ལ་ཁང་བ། སྟོང་བ། རྐང་བ་ལྟ་བུ་སོགས་མི་མཛེས་ཤིང་རྣར་མི་སྙན་པའི་དབང་དུ་བཏང་ཡང་། རྟགས་ཀྱི་འཇུག་པའི་སྐབས་ཀྱི་བརྗོད་བདེ་ལ་བརྩི་བཀུར་ཅིས་ཀྱང་བྱེད་དགོས་ངེས་རེད། དེ་མིན་དོན་མེད་ཀྱི་རྩོམ་འཆལ་སྤེལ་ན་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་དེབ་སྔོན་གསར་མའི་གླེང་བརྗོད་ཀྱི་འཆལ་གཏམ་དང་གཅིག་མཚུངས་སུ་འགྱུར་ངེས་རེད།

  23. མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས། says:
    2012-09-14 at 5:14 pm

    བཀུར་འོས་ལ་དྭགས་བློ་བཟང་འཇམ་དཔལ་ལགས། རང་རེའི་མི་རིགས་འདིའི་སྲོག་རྩ་སྐད་ཡིག་ལ་དོ་སྣང་ཤུགས་ཆེན་གནང་བར་བཀའ་དྲིན་དཔག་མེད་ཆེ་ཞུ་བ་དང་ཆབས་ཅིག་ངེད་ཀྱིས་བཀའ་བསྟན་གྱིས་ཡིག་རྙིང་ཁག་མཐོང་བར་མ་ཟད། དེ་དག་ན་ཡི་གེའི་དག་ཆ་འདྲ་མིན་ཡོད་པ་དེ་དག་གང་དག་དང་། གང་མ་དག་པ་ཡིན་སོགས་ལ་གང་འཚམ་བསམ་བློ་བཏང་བའི་ཁུལ་ཡིན་ལགས། བཀའ་བསྟན་ན་ཡི་གེའི་དག་ཆ་འདྲ་མིན་ཡོད་ཀྱང་དེ་དག་གང་ཞིག་གིས་ཁུངས་གཏུག་ས་མཁས་མཆོག་ཐོན་མིའི་བརྡ་སྤྲོད་པའི་གཞུང་གནང་ཡོད་མེད་ལ་ང་ཚོས་བརྟག་དགོས། གཞན་དུ་སྔོན་མའི་ཡིག་རྙིང་ཞིག་ན་འདི་འདྲ་འདུག་ཅེས་ལྐུགས་པས་ཨུ་ཚུགས་ཀྱིས་མཁས་མཆོག་ཐོན་མིའི་གཞུང་ལུགས་ཀྱི་ལྡོག་ཕྱོགས་སུ་ཕྱིན་ན་དེ་ནི་མཐའ་གཅིག་ཏུ་ནོར་བ་ཡིན་པས་གཏན་ནས་འགྲིགས་ཐབས་མེད། དེ་བཞིན་བརྡ་གསར་རྙིང་གི་རྣམ་གཞག་སོགས་སུ་ཡོད་པ་ཙམ་གྱིས་ཤ་གཟུག་ཟ་རྐྱང་མ་གནང་ན་བཟང་སྟེ། རྒྱ་བོད་ཡོངས་ལ་མཁས་པའི་མཚན་སྙན་གྱིས་ཁྱབ་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་ཤེས་རབ་རྒྱ་མཚོའམ། ཡོངས་གྲགས་སུ་རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་འཇམ་དཔལ་རྒྱས་པའི་བློ་གྲོས་ཀྱི་ཞལ་སྔ་ནས་གསུང་འབུམ་པོད་གསུམ་པའི་ཤོག་ངོས་༤༥༢་པའི་ཐིག་འཕྲེང་༦་ན། མཁས་བླུན་སྣ་ཚོགས་པས་མཚོ་ལས་སྐྱོགས་ཀྱིས་བཅུས་པའི་ཚུལ་དུ་སུམ་རྟགས། བརྡ་གསར་རྙིང་། དག་ཡིག་སོགས་ལ་གཞུང་ཆེ་ཆུང་མཐའ་ཡས་པར་སྤེལ་བ་དེ་དག་གི་ནང་ན་ཚད་མར་བྱ་བའི་འོས་མ་མཆིས་པའང་ཤིན་ཏུ་མང་ཞིང་། གྲགས་ཅན་ཆེན་པོ་དག་གི་ཡང་སྨྲ་སྒོ་མཚོན་ཆའི་དབྱངས་བདུན་དང་། ངག་གི་སྒྲོན་མེའི་དབྱངས་ལྔ་ལྟ་བུ་རང་རེའི་རྩ་བའི་མཁན་པོ་ཐུ་མི་འཇམ་པའི་དབྱངས་ཀྱིས། ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཞེས་གསུངས་པ་དང་དངོས་སུ་འགལ་བསཁས་བླང་དུ་མི་རུང་ལ། དེའི་ཕྱིར་གང་དང་གང་ལའང་ཐུ་མི་རང་གིས། བོད་ཁ་བ་ཅན་གྱི་རྒྱལ་ཁབ་འདིར། །མི་མཁས་པ་སླེབས་པའི་སྔོན་མ་ཡིན། །དང་། ཁྱོད་ཁ་བ་ཅན་གྱི་མི་རྣམས་ལ། །ང་ཐུ་མི་བཀའ་དྲིན་མི་ཆེའམ། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །ཅེས་རང་གི་རྣམ་ཐར་མགུར་དུ་བཞེས་པ་ནི། ཕལ་བའི་དྲིན་བགྲང་བ་དང་མི་མཚུངས་པར་བདག་ཅག་རྣམས་ཀྱི་གཙུག་གི་ནོར་བུ་དང་། གདོང་གི་མིག་ལྟ་བུ་ཁོང་ཡིན་པས་དེའི་བཞེད་པ་ལ་ཕྱི་མོས་དམིགས་གཏད་བྱ་དགོས་སོ། ཞེས་གསུངས་པ་ལྟར་སྔོན་གྱི་བཀའ་བསྟན་སོགས་ཡིག་རྙིང་རེ་ཟུང་ན་སྩལ་ཞེས་པ་འདས་ཚིག་ལ་བེད་སྤྱད་ཡོད་ཅིང་། དེའི་རྗེས་སུ་འབྲང་སྟེ། བསྟན་བཅོས་སུ་དེ་ལྟར་འབྲི་མཁན་བྱུང་ཡོད། འོན་ཀྱང་དེའི་རིགས་མ་དག་རྒྱུན་འབྱམས་ཡིན་པར་བརྟེན། ༧གོང་ས་ལྔ་པ་ཆེན་པོས་ཀྱང་རང་རྣམ་དུ་ཀཱུ་ལའི་གོས་བཟང་ལྷ་སའི་ཤིང་དཔར་ཤོག་གྲངས་༣༠་བའི་མདུན་ངོས་སུ། མིང་བློ་བཟང་རྒྱ་མཚོར་བསྩལ། ཅེས་དང་། དེ་བཞིན་ངེད་ཀྱི་སློབ་དཔོན་བཀའ་དྲིན་མཚུངས་མེད་མཁས་དབང་དམུ་དགེ་བསམ་གཏན་གྱིས་བརྩམས་ཤིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༩༠་ལོའི་ཟླ་༡༠་བར་དཔར་ཐེངས་ལྔ་བ་དཔར་བའི་《བརྡ་སྤྲོད་བློ་གསལ་དགའ་སྟོན་》གྱི་ཤོག་ངོས་༡༨༧་པའི་ཐིག་འཕྲེང་༡༢་ན། གནང་སྦྱིན་སོགས། སྩོལ་བ། བསྩལ་པ། བསྩལ་བ། སྩོལ་ཅེས་ད་ལྟ་བ་དང་། འདས་པ་དང་། མ་འོངས་པ་དང་། སྐུལ་ཚིག་བཅས་ཀྱི་དཔེར་བརྗོད་བྲིས་འདུག་པ་དང་།
    མཁས་དབང་ཚེ་ཏན་ཞབས་དྲུང་གིས་བརྩམས་ཞིང་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་གིས་ཕྱི་ལོ་༢༠༠༧་ལོར་དཔར་བསྐྲུན་བྱས་པའི་《《ཐོན་མིའི་དགོངས་རྒྱན་》གྱི་ཤོག་ངོས་༤༧༥་བའི་ཐིག་འཕྲེང་༨་ན། བཀའ་སོགས་ བསྩལ་བྱ། སྩོལ་བྱེད། བསྩལད་ཟིན། སྩོལད་ཅིག ཅེས་གསུངས་པ་དང་།
    མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་ཞིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ཕྱི་ལོ་༡༩༨༧་ལོའི་ཟླ་༦་པར་དཔར་དུ་བསྐྲུན་པའི་《བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས་》ཀྱི་ཤོག་ངོས་༢༤༠་ན། གདམས་ངག་སོགས་ བསྩལ སྩོལ བསྩལད སྩོལད་ ལྟ་བུའོ། ཞེས་བྲིས་འདུག་པས། ཁྱེད་ལྟར་ན་རྒྱལ་སྤྱི་ནང་ལ་དོན་ལྡན་མཁས་པའི་མཚན་སྙན་གྱིས་ཁྱབ་པའི་གོང་གསལ་རྩོད་མེད་ཟླ་བྲལ་གྱི་བོད་ཀྱི་མཁས་ཆེན་ཁོང་དག་གིས་བཀའ་བསྟན་གཟིགས་མྱོང་མི་འདུག་ཞུ་ནུས་སམ། ག་ལ་ནུས་སོ། །
    འོན་ཀྱང་སྐུ་ཉིད་ཀྱིས་བསྩལད་ཅེས་པ་བསལ་བའི་བརྡ་རྙིང་ཡིན་ཕྱིར། གནང་བའི་དོན་ཅན་ལ་སྩལ་ཞེས་པའི་འདས་ཚིག་ལ་སྩལད་གཅིག་པུ་འབྲི་དགོས་གསུངས་མོད། འོན་ཀྱང་བོད་ཡིག་གི་མིང་ཚིག་ཁྲོད་དོན་གཅིག་ལ་མིང་འདྲ་མིན་དང་། མིང་གཅིག་ལ་དོན་འདྲ་མིན་ཡོད་པ་སོགས་ཁྱེད་ཀྱིས་ལོས་མཁྱེན། དེ་ཤེས་ན་བསྩལ་ཞེས་པ་འདི་བསལ་བ་གཅིག་པུ་མ་གཏོགས་མི་འཇུག་དགོས་པའི་རྒྱུ་མཚན་ཅི་ཡོད། འོ་ན་བསལ་བའི་དོན་ཅན་གྱི་བསྩལ་ཞེས་པའི་ད་ལྟ་བ་ལ་སྩལ་ཞེས་འབྲི་མི་རུང་བར་ཐལ། སྩལ་ཞེས་པ་གནང་བའི་དོན་ཡིན་པ་གང་ཞིག་དེ་ཡིན་ན་བསལ་བའི་དོན་ལ་འཇུག་མི་རུང་བར་ཁྱེད་ཀྱིས་ཁས་བླང་ཟིན་པའི་ཕྱིར། འདོད་ཟེར་ན། བསྩལ་ཞེས་པ་དེ་དུས་གསུམ་དུ་གཟུགས་མི་འགྱུར་གྱི་བྱ་ཚིག་ཡིན་པར་ཐལ་ལོ། །
    གཞན་ཡང་བསྩལ་ཞེས་པ་བསལ་བའི་བརྡ་རྙིང་ཡིན་ཟེར་བ་དེ་ཡང་ས་ཁུལ་རེ་ཟུང་ལ་དེ་ལྟར་ཡིན་སྲིད་པ་ལས། བོད་ཁམས་ཡོངས་གྲགས་སུ་བསྩལ་ཞེས་པ་བསལ་བའི་དོན་ལ་མི་གོ་བ་གོང་གི་མཁས་པ་དེ་དག་གིས་གསུང་སྟངས་ཀྱིས་ཤེས་ལ། རང་རེར་ཡང་གྲུབ།
    དེ་བཞིན་ས་ཁུལ་ཁུག་གྱོག་རེ་ཟུང་ལ་བརྩམས་དང་། བརྩེགས་དང་། བརྩིགས་སོགས་ཀྱང་དོན་གཞན་གྱི་བརྡ་རྙིང་སོགས་ཡིན་མི་སྲིད། ཅེས་དང་། ང་ཚོས་གོ་སྟངས་འདི་ཙམ་ཁོ་ན་ལས། གཞན་ཚོས་དོན་གཞན་ལ་གོ་བ་ལེན་མི་སྲིད། དེ་ལྟར་གོ་བའི་ས་ཁུལ་ཡོད་མི་སྲིད། ཅེས་ཤོད་ནུས་སམ། མི་ནུས་ན། འོ་ན་ད་ནི་བརྩམས་ཞེས་པ་བསྟན་བཅོས་སོགས་བརྩམས་པའི་འདས་ཚིག་མིན། བརྩེགས་ཞེས་པ་གཅིག་ཐོག་གཅིག་བརྩེགས་ཀྱི་འདས་ཚིག་མིན། བརྩིགས་ཞེས་པ་ཁང་བ་སོགས་བརྩིགས་པའི་འདས་ཚིག་མིན་ཞེས་ཟེར་རམ། དེ་ལྟར་ཟེར་ན་ནི། ཐོན་མས་སུམ་རྟགས་ཀྱིས་ད་ནི་ཅི་ཡང་གོ་ཆོད་པར་གྱུར་ཟིན་ཏོ། །
    དེའི་ཕྱིར་ད་ནི་འདི་ལྟར་འབྲི་བར་བྱ་སྟེ།
    བརྩམས་རྩོམ་བརྩམས་རྩོམས་དུས་གསུམ་སྐུལ་ཚིག་ལྟར། བསྩལད་སྩོལ་བསྩལ་སྩོལད་འབྲི་བ་ཤིན་ཏུ་འཐད། །བརྩེགས་རྩེག་བརྩེག་རྩེགས་དུས་གསུམ་སྐུལ་ཚིག་ལྟར། །བརྩིགས་རྩིག་བརྩིགས་རྩིགས་འབྲི་བར་རིགས་པས་འཐད། །ཞེས་ཞུའོ། །

  24. ལེགས་བཤད། says:
    2012-09-14 at 10:24 pm

    གསང་འདུས་རྩ་རྒྱུད་ལེའུ་བཅུ་གཉིས་པའི་ནང་། བཀའ་སྩལ་ཏོ། །ཞེས་ཤ་སྟག་ཏུ་འབྱུང་བ་དང་དཔེ་གསར་རྙིང་དག་ན་དེ་ག་རང་རེད། ཤེར་རྙིང་དུ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཞེས་པ་ལྟར་བཀའ་སྩལ་ཞེས་པའི་སྩལ་ལ་འདས་མ་འོངས་གཉིས་ཀར་སྩལ་ཞེས་འབྲི་བ་དེ་ག་རང་ཡིན་པ་ལས་བཀའ་བསྩལ་ཞེས་པ་བཀའ་བསྟན་གང་ནའང་མཐོང་མ་སོང་། འོན་ཀྱང་མ་མཐོང་ན་མེད་པས་ཁྱབ་པ་མེད་ཀྱང་སྔོན་གྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་པ་རྣམས་དང་མཁས་པ་རྣམ་པའི་ལག་ལེན་ལ་བཀའ་སྩལ་ཞེས་འབྲི་བ་མ་གཏོགས་བཀའ་བསྩལ་ཞེས་མི་འབྲི་བ་རྟེན་འབྲེལ་གྱི་གནད་ཅིག་ཡོད་པ་འདྲ། །དེས་ན་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་མཆོག་གིས། དུས་གསུམ་གྱི་ཚེ་ཕལ་ཆེར་སྩལ་ཞེས་འབྱུང་ཞིང་སྔོན་འཇུག་སྦྱར་ན་འདས་མ་འོངས་གོ་བར་མ་ཟད་བསལ་བའི་དོན་ཡང་སྟོན། ཞེས་གསུངས་པ་ལྟར། བཀའ་སྩལ་ཏོ། །ཞེས་པ་འདས་པ་དང་། བཀའ་སྩལ་དུ་གསོལ། ཞེས་པ་ཚིག་གྲོགས་ཀྱི་དབང་གིས་མ་འོངས་བར་གོ །བཀའ་སྩོལ་ཅིག་ལྟ་བུ་སྐུལ་ཚིག །སྤྱིར་ན་བསལ་བ་ལ་བསྩལ་དང་སེལ་བ་ལ་སྩེལ་ཞེས་བརྡ་རྙིང་ལ་དེ་ལྟར་ཡིན་ཡང་། ས་ཁུལ་ཁུག་ཀྱོག་ཙམ་མ་ཡིན་པར་བཀའ་སྩལ་ལྟ་བུ་ལ་བས་འཕུལ་མི་འབྲི་བ་ད་ལྟའི་བར་མདོ་སྟོད་སྨད་དང་དབུས་གཙང་ཁུལ་དུ་མཐོང་བ་བརྒྱུད་པའི་ལག་ལེན་དེ་ག་རང་དུ་བྱུང་ཡོད་པ་རེད།

  25. ལེགས་བཤད། says:
    2012-09-14 at 10:38 pm

    མ་དག་རྒྱུན་འབྱམས་ལ་སོང་བའི་དབང་གིས་སྩལ་བའི་བཀའ་སློབ་དང་བཀའ་སློབ་སྩལ་ཞེས་བྲིས་ན་བློ་ངོར་མི་བདེ་བ་ཞིག་འདུག་མོད། བས་འཕུལ་མ་བྲིས་ན་མ་དག་པ་དང་ངེས་བར་བས་འཕུལ་འབྲི་དགོས་པའི་དོན་གནད་ག་རེ་རེད། དུས་གསུམ་ནི་གཙོ་བོར་བྱ་ཚིག་གི་སྒོ་ནས་དབྱེ་བ་འབྱེད་ཀྱང་དུས་གསུམ་གང་རུང་དང་བདག་གཞན་གང་རུང་ལ་མུ་བཞི་ཡོད་པ་ཡང་ཤེས་དགོས་པ་རེད། སི་ཏུའི་དགོངས་པའོ།།

  26. ཀརྡོ་གཉེར་ཕྱག་པ་ says:
    2012-09-14 at 11:29 pm

    ལེགས་བཤད་ལགས་ཀྱིས།
    ་་་་་ སྤྱིར་ན་བསལ་བ་ལ་བསྩལ་དང་སེལ་བ་ལ་སྩེལ་ཞེས་བརྡ་རྙིང་ལ་དེ་ལྟར་ཡིན་ཡང་། ས་ཁུལ་ཁུག་ཀྱོག་ཙམ་མ་ཡིན་པར་བཀའ་སྩལ་ལྟ་བུ་ལ་བས་འཕུལ་མི་འབྲི་བ་ད་ལྟའི་བར་མདོ་སྟོད་སྨད་དང་དབུས་གཙང་ཁུལ་དུ་མཐོང་བ་བརྒྱུད་པའི་ལག་ལེན་དེ་ག་རང་དུ་བྱུང་ཡོད་པ་རེད། འདིས་ཁུ་ནུ་རིན་པོ་ཆེའི་གསུང་ཚད་མ་ཡིན་པར་ར་འཕྲོད་ངེས་མིའདུག་གམ། འདི་ངས་ཀྱང་ལེགས་བཤད་དུ་མཐོང་ངོ་། །
    སྔར་གྱི་ཡིག་རྙིང་དུ། བསལ་ལ། བསྩལ་དང་། སོགས་ལ། སྩོགས་ཡོད་པས། རྒྱུམཚན་དེ་ལ་བརྟེན་ནས་སྔར་རྒྱུན་བཞིན་བཞག་ན།
    སྩལ་པ་པོ། བསྩལ་ཡ་ཡུལ། བསྩལད་ཟིནད་པ་སོགས་བསྒྲུབ་བྱ། སྒྲུབ་བྱེད། བསྒྲུབས་ཟིན་དང་རིགས་འགྲེས་ན་ཁུངས་ཐུབ་པ་མེད་པ་ཤེས་ཐུབ་པ་འདུག་གོ །

  27. ཀརྡོ་གཉེར་ཕྱག་པ་ says:
    2012-09-14 at 11:37 pm

    འཇམ་དབྱངས་ལགས་ཀྱིས།
    ་་་་་་། ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པའི་ལེགས་བཤད་ལྗོན་དབང་གི་རྩ་བར་དཔྱད་ཞིབ་བྱེད་དགོས། གལ་སྲིད་ཁྱེད་ཀྱི་མིག་ལམ་ལ་ཁང་བ། སྟོང་བ། རྐང་བ་ལྟ་བུ་སོགས་མི་མཛེས་ཤིང་རྣར་མི་སྙན་པའི་དབང་དུ་བཏང་ཡང་། ་་་་་་་ ཟེར།
    ང་འ་ར་ལ་མཐའ་མེད་ལ། །
    བདག་སྒྲ་ཡར་གྱུར་བ་དང་ནི། །
    ཆ་ལ་པ་ཉིད་སྦྱོར་བ་ལེགས། །
    དབྱངས་ཅན་གྲུབ་རྡོར་གྱིས་གསུངས་པ་ལ་ཚད་མར་བཟུང་ནས།
    ཁང་པ་ལ། ཁང་བ།
    སྟོང་པ་ལ། སྟོང་བ།
    རྐང་པ་ལ། རྐང་བ་ལྟ་བུ་སོགས་པ་བོད་མའིའི་རང་བཞིན་གྱི་སྐད་དུ་པ་ཐོབ་སར་བ་ཡིག་བཙན་འབྱར་བྱས་པ་འདི་ནི་རིགས་པ་རྩིང་ལ། ཁ་མིག་ཡོད་བཞིན་དུ་གཡང་ལ་མཆོང་བ་ལྟར་མི་འདུག་གམ། ལགས།

  28. ལེགས་བཤད། says:
    2012-09-15 at 12:50 am

    མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཁྲིམས་ཡིག་ཏུའང་། བྱིས་པ་བརྡ་སྤྲོད་འབྲི་ཀློག་ཡོན་ཏན་སློབས།།ཞེས་པ་ལྟར་ཡོན་ཏན་མཁས་པའི་ལེགས་བཤད་ལས་འབྱུང་གི་བླུན་པོའི་བབ་ཅོལ་ལས་མིན་པ་ལྟར་རིག་གསར་རྗེས་ནས་བོད་ཀྱི་བཀའ་བསྟན་གྱི་ཐ་སྙད་ལ་འགྱུར་བ་ཕྱིན་མེད་ཀྱང་སྔོན་གྱི་མཁས་པ་རྣམས་ཀྱི་ལེགས་བཤད་ལ་མེད་པ་དང་སྔོན་གྱི་ཐ་སྙད་ལ་མེད་པ་བརྡ་སྤྲོད་པའི་རྣམ་བཞག་མང་པོ་ཞིག་བོད་ལ་དར་བ་དང་འདི་ཡང་ཤེས་བྱ་རིག་གནས་དར་བའི་ཁྲོད་འཕེལ་བསྐྱེད་བྱུང་བ་ཞིག་ལོས་ཡིན། ཕོ་གསར་མོ་གསར་ལ་ལ་ཞིག་གིས་ལོང་བའི་འཁར་བ་ལྟར་གར་འཛུགས་ངེས་མེད་ཀྱིས་རྒྱའི་རིག་གནས་ལས་བརྡ་ཆད་མང་པོ་ཞིག་སྤེལ་ཡོད་པ་རེད། འདི་ཡང་བོད་ཀྱི་བརྡ་སྤྲོད་རིག་གནས་འཕེལ་རྒྱས་ཀྱི་ལམ་ཁ་ཞིག་ཡིན་ན་ཐང་མོད། བཀའ་བསྟན་གྱི་ཐ་སྙད་རྣམས་རྗེས་ལུས་ཀྱི་རྣམ་པ་བཟུང་ནས་གོ་མེད་ཚོར་མེད་ཀྱི་དབྱིངས་སུ་བསྟིམས་ཡོད་པ་རེད། འདི་ཡང་ང་ཚོས་ཤེས་དགོས་པ་རེད།

  29. ལེགས་བཤད། says:
    2012-09-15 at 12:54 am

    དཀར་ལེབ་ཀྱི་རྟགས་འཇུག་གི་མཐའ་གཅོད་དུ།
    དེ་ལ་པ་བའི་མཐའ་ཅན་གྱི་མིང་ནི་བརྟན་གཡོའི་དངོས་པོ་མིང་དུ་ཐོགས་ཚད་དེ་དཔེར་ན། པགས་པ། མཇིང་པ། རྣ་བ་སོགས་ལུས་ཀྱི་ཆ་ཤས་ཀྱི་མིང་། ཚར་པ། ཉུག་པ། རུ་བ། གཞུང་པ། རོང་པ།་སོགས་ཡུལ་ཅན་གྱི་མིང་དང་། རྙིང་པ། དམ་པ། ཞར་བ་སོགས་རང་བཞིན་གྱི་མིང་རྣམས་ལ་སུམ་ཅུ་པ་ནས་བཤད་པའི་བདག་སྒྲའི་པོ་ཡིག་ནན་གྱིས་སྦྱར་བར་བྱས་ཀྱང་མིང་གཞན་དུ་འགྱུར་བའམ། འབྲེལ་མེད་ཀྱི་ཚིག་འབྱུང་བ་ལས་བྱེད་པ་པོར་ནམ་ཡང་མི་འགྱུར་རོ།།པ་བའི་མཐའ་ཅན་གྱི་བྱེད་པ་ནི་ལས་སམ་བྱ་བའི་སྒྲ་གསལ་བ་དོན་ལ་བྱེད་ལས་གསལ་བྱེད་ཀྱི་སྒྲ་གང་ཡིན་ཐམད་ཅད་དེ་དཔེར་ན། བཞེད་པ། འཆད་པ། འཛིན་པ། གྱོན་པ། འདེབས་པ། རྡུང་བ་སོགས་ལ་པོ་ཡིག་སྦྱར་བས་བཞེད་པ་པོ། འཆད་པ་པོ། འཛིན་པ་པོ། གྱོན་པ་པོ། འདེབས་པ་པོ། རྡུང་བ་པོ་སོགས་བྱེད་པ་པོ་གང་ཟག་ཏུ་འགྱུར་བ་ཡིན་ནོ། །

  30. ལེགས་བཤད། says:
    2012-09-15 at 1:09 am

    ཁོང་གིས་གསུངས་གསལ་ལ། སྟ་རེས་ཤིང་བཅད་ལྟ་བུའི་སྟ་རེ་ནི་བྱེད་པ་པོའི་རྫས་ཞེས་འདོགས་ཀྱང་བྱེད་པ་པོ་དངོས་མིན་པ་དང་། རླུང་གིས་ཤིང་ཆག་ཟེར་བ་ལས་རླུང་གིས་ཤིང་བཅག་མི་ཟེར་བ་དང་། རྟ་བོང་ལོ་ན་རྒས་པས་ཤི་སོང་ཟེར་བ་ལས་རྟ་བོང་རྒས་པས་བསད་སོང་མི་ཟེར་བ་སོགས་བྱ་བྱེད་ལས་གསུམ་ངོས་འཛིན་མཛད་སྟངས་མི་འདྲ་བའི་དབང་གིས་འདི་འདྲ་ཡོང་ངེས་པ་དང་རྟགས་འཇུག་སྐབས་ཀྱི་བྱེད་པ་པོ་ལ་གང་ཟག་དགོས་པར་འདོད་པ་དང་། ཡང་མཁས་པ་ལ་ལས་རྟགས་འཇུག་སྐབས་ཀྱི་དུས་གསུམ་བདག་གཞན་གྱི་བདག་ལ་གང་ཟག་མི་དགོས་པ་དང་སུམ་ཅུ་བའི་སྐབས་ཀྱི་བདག་སྒྲའི་བདག་ལ་གང་ཟག་དགོས་པར་བཞེད།

  31. ཆབ་མདོ་ངག་ཕུན། says:
    2012-09-15 at 1:18 am

    རྣམ་པ་ཚོས་དཔྱད་བརྗོད་ཡག་པོ་སྤེལ་འདུག་ན་ཕན་ཐོགས་ཆེན་པོ་བྱུང་བས། བཀའ་དྲིན་ཆེ་གནང་།

  32. ཆབ་མདོ་ངག་ཕུན། says:
    2012-09-15 at 1:20 am

    ད་དུང་དཔྱད་བརྗོད་མང་ཙམ་ཞིག་སྤེལ་གནང་ཡོང་བ་ཞུ།

  33. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-15 at 2:47 am

    མདོ་སྨད་སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ལ།
    ལན་གསལ་ཞིང་འཇེབས་པར་སྩལ་པ་ལ་བཀའ་དྲིན་ཆེ། རྟོག་དཔྱོད་བྱེད་པ་ལ་ཕན། འོན་ཀྱང་རང་རེ་གཉིས་རང་རང་གི་འདོད་ཚུལ་དམ་དུ་འཛིན་པ་གཉིས་འཛོམས་འདུག ང་ནི་འདི་ཡི་གསུང་དང་། འདི་ཡི་འདོད་པ་ལྟར་མ་ཡིན་པར་མིག་མཐོང་ལག་ཡོད་ཀྱི་བཀའ་བསྟན་གསུང་འབུམ་བཅས་ཀྱི་དག་ཆ་རྣམས་ཁ་ཆག་རྣ་རལ་དུ་མ་སོང་བ་ལ་ཤུགས་རྒྱབ་པ་ཡོད། རྒྱུ་མཚན་འདི་ཡིས། བཀའ་བསྟན་གྱི་དཔེ་དང་བསྟུན་ནས། དག་ཡིག་བརྩམས་པ་ལ་ཚད་མར་བྱེད་པ་མ་གཏོགས། མིག་མཐོང་ལག་ཡོད་ཀྱི་བཀའ་བསྟན་སོགས་དང་འགལ་བ་མཁས་པ་ཆེན་པོས་བརྩམས་པ་ལ་ཡང་བརྩི་བ་མེད། དེས་ན། གཤམ་གསལ་ཚིག་རྐང་གཉིས་པོ་དེ་ལ་དྭགས་པའི་ཁ་རྒྱུན་ཡིན་ནམ། བོད་སྤྱིའི་ཁ་རྒྱུན་ཡིན་ཏན་ཏན་རང་མི་ཤེས། གང་ལྟར་ཡང་།
    མཁས་པ་བརྒྱ་ལ་ལན་ལན་ཐེབས་ཀྱང་།
    ཨུ་ཚུགས་ཅན་ལ་ལན་མི་ཐེབས།
    ཞེས་པ་ལྟར་འདུག་པས། ད་བཏང་སྙོམས་སུ་བཞག་པ་ལེགས་སོ།།

  34. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-15 at 4:05 am

    འཇམ་དབྱངས་ལེགས

    ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །
    སྔོན་བདག་གཞོན་པའི་སྐབས་སུ་ཚིགས་བཅད་འདི་ལ་གཅེས་པར་འཛིན་ཅིང་། གཞན་ལ་ཡང་འདིའི་དོན་བཤད་པ་རེ་བྱས་པ་དྲན། ཕྱིས་སུ་བཀའ་བསྟན་གསུང་འབུམ་ཚད་ལྡན་དག་གི་སྐད་ལ་སྐད་ལ་སྦྱངས་པ་ན། དེ་དག་དང་འགལ་བ་ལྟ་ཅི། བདག་རང་གི་ལུང་པའི་ཁ་སྐད་དང་འགལ།
    བདག་གི་ལུང་པའི་མིང་ཚིག་མང་པོ། སྔོན་དུས་ཀྱི་བཀའ་བསྟན་སོགས་ཀྱི་སྐད་དང་མཐུན་པར་མཆིས། བདག་གི་སྐད་དུ། ལྷ་ས་པ། ཟེར་བ་མ་གཏོགས། ལྷ་ས་བ། ཞེས་གཏན་ནས་མི་ཟེར། འདི་ཉིད་ཆོས་སྐད་མཐུན་པ་འདུག དེས་ན། བདག་སྒྲ་ལ་པ་ཡིག་མ་གཏོགས་། བོད་རིག་གཞུང་སྐད་དུ་བ་་ཡིག་བཀོལ་བ་མ་མཐོང། ཇི་སྐད་དུ། སུམ་ཅུ་པ་ན།
    གང་མིང་བརྗོད་པའི་མ་མཐའ་ན།
    ཕོ་ཡི་རྟགས་ཀྱི་སྒྲ་མེད་པ།
    དེ་ལ་ཕོ་ཡི་རྟགས་སྦྱར་ན།
    བདག་པོའི་སྒྲ་རུ་ཤེས་པར་བྱ།།
    བ་ཡིག་བདག་སྒྲ་རུ་བཀོལ་ན། སུམ་ཅུ་པ་དང་འགལ། དེས་ན། མཁས་མཆོག་དབྱངས་ཅན་གྲུབ་པའི་རྡོ་རྗེའི་གོང་གསལ་ཚིགས་བཅད་དག་གི་དོན་དེ་དག་དབུས་གཙང་གི་ཁ་སྐད་ལ་ཇི་ལྟ་བ་བཞིན་འགྲིག་ཀྱང་ཆོས་སྐད་དང་ལུང་པ་གཞན་གྱི་སྐད་དང་མི་མཐུན།
    རང་གི་སློབ་དཔོན་དངུལ་ཆུ་དྷ་རྨ་བྷ་དྲ་དཔལ་བཟང་པོ། སི་ཏུ་པཎ་ཆེན་ནས་སུམ་རྟགས་ཞུས་པ་ཡིན་ནམ་མ་ཡིན། བདག་ལ་རྒྱུས་མེད། གང་ལྟར་དྷ་རྨ་བྷ་དྲ་སི་ཏུ་པཎ་ཆེན་གྱི་སུམ་རྟགས་འགྲེལ་པས་ཐུགས་ཡིད་འཕྲོགས་ཏེ། ཁོང་གིས་སི་ཏུའི་ཞལ་ལུང་ཞེས་པའི་སུམ་རྟགས་གྱི་འགྲེལ་པ་བརྩམས། དབྱངས་ཅན་གྲུབ་པའི་རྡོ་རྗེས། རང་གི་བླ་མའི་བླ་མ། སི་ཏུ་པཎ་ཆེན་གྱི་དགོངས་པ་དང་འགལ་བ་ཞིག་རྩོམ་པའི་འོས་མ་ཡིན་ཀྱང་། དེ་ལྟར་བྱུང་བ་དེ་སི་ཏུ་པཎ་ཆེན་གྱི་དགོངས་པ་དང་འགལ་བས། དེ་ལ་ཐུགས་དྲན་བསྐུལ་བ་བྱུང་བ་ཡིན་ན། གོང་གསལ་ཚིགས་བཅད་དེ་ལ་འགྱུར་བཅོས་སྲིད་པར་སེམས་སོ།།

  35. ཨ་ར་དཀར་པོ says:
    2012-09-15 at 11:55 am

    མིང་མཐའི་པ་བ་དང་བདག་སྒྲའི་པ་བ་འདི་ཚོ་ནམ་ཡང་རང་རང་གི་ཞེ་འདོད་ལྟར་ལས་གཅིག་གྱུར་ཅིག་ཡོང་ཐབས་མི་འདུག དེ་བཞིན་བཀའ་སྩལ་དང་སྒྲ་སྒྲོགས་སོགས་ལ་སྔོན་འཇུག་ཐོབ་མིན་དང་ཡང་འཇུག་ཡོད་མེད་སོགས་ཀྱང་དེ་བཞིན་རེད། དོན་དངོས་ཐོག་ང་ཚོས་བཀའ་བསྟན་སོགས་ཀྱི་ཚིག་ཚད་མར་འཛིན་དགོས་སམ་བརྡ་སྤྲོད་པའི་གཞུང་སུམ་རྟགས་ཀྱི་དོན་ཚད་མར་འཛིན་དགོས། ཡོངས་གྲགས་ལ་མཁས་པ་སྔོན་མ་དང་བསྟན་བཅོས་ཕྱི་མ་ཟེར་བ་མིན་ནམ། ངོ་མ་མགོ་འཐོམ་གྱི་འདུག སྔོན་གཅིག་གྱུར་མ་ཡིན་པ་རྣམས་བརྡ་སྤྲོད་ཀྱི་ལུགས་དང་བསྟུན་ནས་གཅིག་གྱུར་ཅན་དུ་བཅོས་ན་བཟང་ངམ་མ་བཅོས་པར་དེ་མུར་བཞག་ན་བཟང་། གལ་སྲིད་དེ་མུར་འཇོག་དགོས་ན་སྒྲ་སྒྲོགས་ལྟ་བུར་ཚིག་གྲོགས་སྦྱར་ན་མ་གཏོགས་རང་ངོས་ནས་དུས་གསུམ་གྱི་རྣམ་དབྱེ་བྱེད་ཐབས་བྲལ། བསྒྲག་བྱ་ སྒྲོག་བྱེད བསྒྲགས་ཟིན་ སྒྲོགས་ཤིག་ལྟ་བུར་བྱས་ན་དུས་གསུམ་བྱེ་བྲག་པ་མགོ་ཅན་མང་བའི་སྡེའི་འགྲོ་སྟངས་གཅིག་གྱུར་བྱུང་བས་མི་ལེགས་སམ། གོང་གི་དེ་དག་ལ་ཚིག་གྲོགས་མེད་ཀྱང་བྱ་བྱེད་འདས་སྐུལ་སོགས་ཀྱི་དོན་སྟོན་ནུས་པས་ཆ་མ་ཚང་བ་ནས་ཚང་བར་གྱུར་བ་མ་ཡིན་ནམ།

  36. ཀརྡོ་གཉེར་ཕྱག་པ་ says:
    2012-09-15 at 1:31 pm

    རྟགས་འཇུག་ནང་གི་བདག་གཞན་དུས་གསུམ་ནང་གི་བདག་ཡིན་ན་གང་ཟག་ཡིན་པས་མ་ཁྱབ་པར་འདོད་པར་ནི། བདག་ཕལ་པ་ཡིན་ན་གང་ཟག་ཡིན་པས་མ་ཁྱབ་པ་ལ་དགོངས་ཀྱང་། སྤྱིར་བདག་དང་བདག་པོ་གཉིས་ཀ་གང་ཟག་མིན་པར་མི་འགྲིགས་སྙམ་ལགས།

  37. ཀརྡོ་གཉེར་ཕྱག་པ་ says:
    2012-09-15 at 11:16 pm

    འདི་རིང་ངའི་དེབ་ཆུང་བྱིས་པ་དག་ཡིག ལྗོན་དབང་དང་། ང་ལ་ཁ་ཐུག་དགོས་པ་འདིའི་འགོ་བརྗོད་དུ། ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་རྩི་ལུགས་ཀྱི་བསླབ་བྱ་བསླབ་བྱ་བཞུགས་སོ།། བསླབ་བྱ་ལེའུ་གསུམ་པ་ནང་ལ། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་བསམ་བློ་རེད། །ཅེས་དང་།
    ༡༡པའི་རྗེས་སུ། རེ་ས་ལྟ་ས་གོ་བརྡྰ་༼ནི་ཁུ་དྰ་༽ཁོང་ལ་ཞུས། །
    དེའི་བར་དུ། །ཁ་ཆེ་ཕ་ལུ་སྨྱོ་བའི་སྨྱོ་ལབ་རེད། །ཅེས་དང། ཚིག་རྐང་མཐའ་མར། །ཁ་ཆེ་ཕ་ལུས་ཀུན་ལ་གདམས་པའོ། །ཞེས་གསུངས་འདུག་པ་འདི་ཡང་སྤྱན་འབུལ་ཞུས་པའོ། །

  38. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-15 at 11:27 pm

    དོན་དངོས་ཐོག་ང་ཚོས་བཀའ་བསྟན་སོགས་ཀྱི་ཚིག་ཚད་མར་འཛིན་དགོས་སམ་བརྡ་སྤྲོད་པའི་གཞུང་སུམ་རྟགས་ཀྱི་དོན་ཚད་མར་འཛིན་དགོས། ཡོངས་གྲགས་ལ་མཁས་པ་སྔོན་མ་དང་བསྟན་བཅོས་ཕྱི་མ་ཟེར་བ་མིན་ནམ། ངོ་མ་མགོ་འཐོམ་གྱི་འདུག
    ཅེས་པ་ཨ་ར་དཀར་པོ་མཆོག་གི་དྲི་བ་དེ་སྔོན་མ་ནས་ཀྱང་། འབྱུང་གི་ཡོད་པ་འདྲ། ལོ་རྒྱུས་སྨྲ་བའི་མཆོག་གྱུར་དགེ་ཆོས་ཀྱིས་སྐད་མ་བྱུང་གོང་དུ་སྐད་འགྲོ་སྟངས་ཀྱི་བརྡ་སྤྲོད་བརྩམས་ཞེས་པ་ལྐུགས་པའི་གཏམ་དུ་གསུངས། སྔར་ཡོད་བཀའ་བསྟན་གསུང་འབུལ་རྣམས་ལ་གཏུགས་ནས། ལོ་ངོ་ཉི་ཤུ་ཙམ་སྔོན་དུ། བདག་རང་གིས་ཀྱང་། ཤོག་གྲངས་གསུམ་བརྒྱར་ཉེ་བའི་བོད་ཀྱི་བརྡ་སྤྲོད་ཅིག་བྲིས་པའི་ཉམས་མྱོང་ལ་ཕན་པ་ཡོད་ཀྱང་། དེ་ཉིད་སྤར་ནས་འགྲེམས་པ་ལ་སོགས་པའི་བྱ་བ་ལ་རྩོན་མེད།
    རང་རེས་བལྟས་པ་ཡིན་ན། སྔོན་བོད་ཀྱི་སྒྲ་སྒྱུར་མཁན་པོ་རྣམས་ཀྱིས་བོད་ཀྱི་སྐད་ལ་སྦྱངས་པ་གཙོ་བོར་མཛད། ཕྱིས་སུ་དེ་རྣམས་ཀྱིས་བྲིས་པའི་སྐད་ལ་མ་སྦྱངས་པར་སུམ་རྟགས་ཀྱི་འགྲེལ་པ་ཞེས་ལུང་པ་སོ་སོའི་ཁ་སྐད་མི་འདྲ་བ་སྣ་ཚོགས་ཡོད་པ་འགའ་རེ་ཚད་མར་བཟུང་བ་ལ་བརྟེན་ནས། དཔེ་ཆ་དག་པ་རྣམས་མ་དག་པར་བྱས་པ་དེ་དག་བྱུང་དང་འབྱུང་བཞིན་པ་ལྟ་བུ་ལགས་པས། བདག་གིས་ནི་བཀའ་བསྟན་གསུང་འབུམ་རྣམས་ཀྱི་སྐད་ལ་ཐོས་བསམ་སྒོམ་གསུམ་བྱེད་དགོས་པར་མཐོང་ནས། དེ་བཞིན་བྱས་དང་བྱེད་བཞིན་པ་ལགས་སོ།།

  39. ཀརྡོ་གཉེར་ཕྱག་པ་ says:
    2012-09-16 at 1:00 am

    འདི་ནིཨ་རི་རླུང་འཕྲིན་ཁང་ཡིན། ལས། འདི་ཨ་རི་རླུང་འཕྲིན་ཁང་རེད། ཅེས་པ་འདི་དག་པ་འདུག
    ཡང་། འདི་རྒྱ་གར་རྒྱལས་ལྡིལ་རིར་གཞོན་ནུའི་རྒྱུན་ལས་གསུམ་གྱིས་ཟས་བཅད་ངོ་རྒོལ་གནང་བཞིན་པ་་་་
    གསུང་སྟངས་འདི་ཡང་།
    འདི་རྒྱ་གར་རྒྱལས་ལྡིལ་རིར་གཞོན་ནུའི་རྒྱུན་ལས་༼པ་༽གསུམ་གྱིས་ཟས་བཅད་ངོ་རྒོལ་གནང་བཞིན་པ་་་་ ཞེས་པའི་བདག་སྒྲའི་པ་འདི། མ་ཆད་པ་ཅིག་གནང་རོགས་གནོངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme