Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་གི་ཞལ་དངོས་སུ་མཇལ་བའི་དྲན་ཐོ་ཐུང་ཐུང་།

Posted on 2015-07-052015-07-05 By ཁ་བརྡ 11 Comments on ༧གོང་ས་མཆོག་གི་ཞལ་དངོས་སུ་མཇལ་བའི་དྲན་ཐོ་ཐུང་ཐུང་།

མི་ཉག་ཀུན་དགའ་བཀྲ་ཤིས།

 
ཉེ་ཆར་༧གོང་ས་མཆོག་དབྱིན་ཡུལ་ལ་ཞབས་སོར་བཀོད་ནས་སྐུ་ངལ་གསོ་བའི་དུས་ཚོད་ཆེས་མེད་པར་ཉིན་རིང་པོ་བཞིའི་དུས་ཡུན་ལ་སྔར་ལྟར་མཛད་འཕྲིན་བརྗོད་ལས་འདས་པ་དང་། བསམ་གྱིས་མི་ཁྱབ་པ་བསྐྱངས་ནས་སྡུག་བསྔལ་གྱི་འདམ་རྫབ་ནང་འཁར་བའི་རྨོངས་པའི་འགྲོ་བ་མང་པོ་བདེ་སྐྱིད་དང་དགའ་སྤྲོ་ཁྲི་མ་འབུམ་གྱིས་ཧ་ཅང་ཚིམ་པར་མཛད།

དེ་ཡང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གིས་བཀའ་མངགས་ལྟར་༧སྐུ་མདུན་མཆོག་དབྱིན་ཡུལ་དུ་བཞུགས་ཡུན་རིང་དྭང་བླང་སྐུ་སྲུང་གི་ལས་ཁུར་ཞུ་པའི་སྒེར་གྱི་མི་ཚེ་ནང་སྔར་བྱུང་མ་མྱོང་བའི་སྐལ་བཟང་གི་ཉི་མ་ཞིག་ཤར། སོ་སོས་ཀྱང་རང་འགུལ་གྱིས་ལས་ཀ་ནས་ཉིན་འགའི་རིང་དགོངས་པ་ཞུས། ཚེ་སྔོན་མར་བསགས་པའི་ལེགས་ཚོགས་ཀྱི་ཆ་རྣམས་ཚེ་འདིར་རྣམ་པར་སྨིན་པ་ཡིན་ན། ཡང་ན་ཚེ་འདིར་འདེབས་བཞིན་པའི་སྨོན་ལམ་ཀྱི་འབྲས་བཟང་རྣམས་ཚེ་འདི་རང་ལ་གཡུར་དུ་ཟ་བ་ཡིན། གང་ལྟར་ཉིན་འདི་དག་གི་རིང་ལ། སྐབས་རེར་ཉིན་མོ་དང་། སྐབས་རེར་མཚན་མོ་བྱས་ནས་༧སྐུ་མདུན་གྱི་གཟིམ་ཆུང་གི་སྒོ་འགྲམ་དུ་དྭང་བླང་སྐུ་སྲུང་དཀྱུས་མ་ཞིག་གི་ཚུལ་དུ་ལངས་པའི་གསེར་ལྟ་བུའི་གོ་སྐབས་བྱུང་བས་ཆུ་ཚོད་དེ་དག་ནི་ཧ་ཅང་ཐུང་དྲགས་སོང་བའི་ཚོར་སྣང་རེ་སླེབས་ཡོང་། དུས་རྒྱུན་གྱི་ལུས་སེམས་ངལ་ནས་དུས་མིན་དང་དགོས་མིན་ལ་གཉིད་ཁུག་པའི་གོམས་གཤིས་ཁྱད་མཚར་པོ་དེ་ཡང་རེ་ཞིག་ཁ་དོག་ལྔ་ལྡན་གྱི་འཇའ་ཚོན་ནམ་མཁའི་དབྱིངས་སུ་ཡལ་བ་ལྟར་རྩ་བརླག་ཏུ་སོང་། དེ་ནི་ཕལ་ཆེར་དད་དམ་གྱི་དར་དཀར་མཚོ་མོ་ལྟར་འཁྱིལ་ཡོད་པའི་རྐྱེན་གྱིས་ཡིན་པ་འདྲ།

༧རྒྱལ་བ་རིན་པོ་ཆེ་མཆོག་ནམ་རྒྱུན་ཞོགས་པའི་ཕྱག་ཚོད་༣:༣༠ ཡས་མས་ལ་གཟིམ་མལ་ལས་སྐུ་བཞེངས་ནས་ཞལ་འདོན་གནང་བ་དང་། སྒོམ་ལ་ཞུགས་པ་སོགས་དགེ་སྒྲུབ་སྡིག་སྤོང་ཀྱི་ལས་ལ་ཧ་ཅང་བརྩོན་པ་དང་། མ་གྱུར་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་ཕན་བདེ་མ་ལུས་པ་འབྱུང་བའི་དོན་དུ་བསྔོ་སྨོན་ཡང་ཆུ་བོ་བཞུར་བ་ལྟར་རྒྱུན་མི་ཆད་པར་མཛད་བཞིན་ཡོད། དབྱིན་ཡུལ་ལ་བཞུགས་རིང་ཡང་མཛད་སྤྱོད་དེ་ག་རང་ལས་ཅང་མ་མཆིས། ཞལ་འདོན་གནང་ཚར་བ་དང་ཞོགས་ཇ་མ་མཆོད་གོང་གི་བར་མཚམས་སུ་སྐུ་དཀྱིལ་གསལ་ཐང་ཡོང་ཆེད་༧མགོན་པོ་མཆོག་ཉིན་ལྟར་གཟིམ་ཆུང་ཕྱི་རོལ་གྱི་བར་ཁྱམས་སུ་ཞབས་ཐང་ལ་ཕེབས་ཀྱི་ཡོད།

དབྱིན་ཡུལ་ལ་ཕེབས་ཚར་རྗེས་ཀྱི་ཉིན་གཉིས་པ་སྟེ། སྤྱི་ཟླ་༠༦ པའི་ཚེས་༢༨ ཀྱི་ཞོགས་པར་ཁོང་གཟིམ་ཆུང་གི་སྒོ་ནས་ཕྱི་ལ་ཞབས་གོམ་གནང་སོང་། ཞལ་འཛུལ་དང་བཅས་ཡར་མར་ཐེངས་འགའ་གཟིགས་རྗེས་དང་ཐོག་ང་ལངས་སའི་ཁུག་ཁུག་དེར་ཐད་ཀར་ཕེབས་པ་དང་། དེ་ནས་ངའི་ལས་རོགས་རྣམས་ལངས་སའི་ཁུག་ཁུག་གཞན་དེར་ཕེབས། ང་ཡོད་སར་ཕེབས་ཡོང་བ་མཇལ་དུས་ངའི་ལུས་པོ་ཡོངས་རྫོགས་དང་རྩ་ཁམས་རྣམས་རྐང་འོག་གི་ས་གཞི་ཅི་ཞིག་གིས་དབང་ཤུགས་ཀྱིས་འགུལ་བ་ལྟར་ཚད་ལས་རྒལ་བའི་འཕར་ལྡིང་བྱེད་མགོ་བརྩམས། ཡང་སྙིང་འཚམས་འདྲི་གང་འདྲ་ཞིག་ཞུ་དགོས་མིན་དང་ལུས་ཀྱི་རྣམ་འགྱུར་ཇི་འདྲ་ཞིག་བསྟན་དགོས་མིན་ཐད་བསམ་བློ་བཏང་ཁོམ་དང་གྲ་སྒྲིག་བྱེད་ལོང་ཞིག་གཏན་ནས་མ་བྱུང་བར་༧རིན་པོ་ཆེ་ནི་འཕུར་མདའ་ཞིག་དང་འདྲ་བར་གློ་བུར་དུ་ངའི་སར་ཕེབས་ཚར་འདུག སྐབས་དེར་ཅུང་ཟད་ངག་ལྐུགས་སུ་ཆགས་པའི་ང་ལ་མཚོན་ན་ཕྱོགས་གཅིག་ནས་ཞལ་མཇལ་དེ་རྨི་ལམ་རྨིས་པ་ལྟ་བུ་ཞིག་དང་། ཡང་ཕྱོགས་གཞན་ཞིག་ནས་སྔ་མོ་ཞིག་ལ་བཏང་ཚར་བའི་རྨི་ལམ་ཞིག་མངོན་འགྱུར་བྱུང་བ་ལྟ་བུར་གྱུར། ༧སྐུ་མདུན་གྱིས་ཐུགས་བརྩེ་ཆེན་པོས་ཕྱག་གཡོན་པས་ངའི་ལག་ལ་དམ་དུ་བཟུང་གནང་དུས་ངའི་ལག་ཟུང་གི་སྦར་མོ་གཉིས་དངངས་འཚབ་དང་སྤྲོ་སྣང་གཉིས་ཀས་གསར་དུ་བསྐྲུན་པའི་རྔུལ་ཆུས་རབ་ཏུ་སྦངས་ཚར། ང་ལ་མཚོན་ན། ཚུལ་ཁྲིམས་ཀྱི་དྲི་བསུང་རབ་ཏུ་འཐུལ་བའི་༧སྐུ་མདུན་གྱི་ཕྱག་ཟུང་ལ་ངའི་ལག་གི་རྔུལ་དྲི་ངན་པ་དེ་བགོས་པའི་འདོད་པ་གཏན་ནས་མེད་མོད། སྐུ་མདུན་ཁོང་རང་གིས་ཕྱག་ནས་ལྷོད་མ་གནང་ན་ང་ལ་བྱ་ཐབས་གཞན་ཞིག་གཏན་ནས་མ་རྙེད།

རིན་པོ་ཆེས་ངའི་མགོ་ལ་གཟབ་ནན་གྱིས་གཟིགས་རྗེས་”ཁྱོད་ཀྱི་མགོ་དེ་དགེ་སློང་གི་མགོ་རེད་ཤག་” ཅེས་བཞད་མོ་དང་བཅས་ཏེ་གསུངས་པ་མ་ཟད་ཕྱག་གཡོན་པས་སྐད་སྒྲ་དང་སྦྲགས་ང་ཡི་མགོ་ལ་ཐལ་ལྕག་ཆུང་ཆུང་འགའ་བཞུས་གནང་བྱུང་། དགེ་སློང་མགོ་རེད་ཅེས་གསུངས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་ང་མགོ་རིལ་ཡིན་པས་རེད། སོ་སོའི་སེམས་སུ། མི་ཕྱེད་པའི་དད་དམ་ཡོད་པའི་དབང་གིས་ཐལ་ལྕག་ཆུང་ཆུང་དེ་ཚོས་སོ་སོས་སྔ་ཕྱིར་བསགས་པའི་སྡིག་པ་དང་། སྒྲིབ་པ་མང་པོ་ཞིག་གཡའ་དག་པར་གྱུར་པ་དང་། བློ་རིག་ཀྱང་སྔོན་དང་བསྡུར་ན་ཇེ་བཀྲ་དང་ཇེ་གསལ་དུ་ཕྱིན་སོང་བསམ་པའི་ཚོར་བ་ཞིག་རང་བཞིན་གྱིས་སླེབས་སོང་།

ངའི་ལག་ནས་ཕྱག་མ་ལྷོད་པར་༧ གོང་ས་མཆོག་མུ་མཐུད་དུ་དབྱིན་ཇི་རྒྱལ་སའི་གནམ་ཐང་ཆེ་ཤོས་ཀྱི་ས་ཚིགས་ལྔ་པར་ཁ་ཕྱོགས་པའི་མགྲོན་ཁང་གི་ཤེལ་གྱི་སྒེའུ་ཁུང་ཆེན་པོ་དེའི་ཕྱོགས་སུ་ཕེབས། སྒེའུ་ཁུང་ཕྱི་རོལ་གྱི་ཞོགས་པའི་མཛེས་ལྗོངས་ལ་གཟིགས་མོ་གཟིགས་དུས་ང་ཡི་ལག་པ་ནས་གཞི་ནས་ལྷོད། ངས་ལམ་སང་ཉེ་ཆར་ཉོས་པའི་ཕྱི་ལུགས་གྱོན་ཆས་གསར་པ་དེས་རྔུལ་ཆུས་ཁེངས་པའི་ལག་པའི་སྦར་མོ་ཕྱིས་ནས་སྐམ་པོར་བཟོས།
གློ་བུར་དུ། ང་ལ་”ཁྱོད་གང་ནས་ཡིན་”ཅེས་བཀའ་འདྲི་གནང་བྱུང་བས་ངས་”ཕ་ཡུལ་མི་ཉག་ནས་ཡིན་”ཞེས་དངངས་འཚུབ་དང་བཅས་ཞུས་པས་༧སྐུ་མདུན་གྱིས་ཡང་སྐྱར་ངའི་ལག་པར་དམ་དུ་བཟུང་གནང་ནས་” དཔེ་ཡག་པོ་རེད། དགའ་པོ་ཞེ་དྲག་བྱུང་” ཞེས་དམིགས་བསལ་གྱིས་དགྱེས་ཚོར་ཆེན་པོ་གནང་། འདི་ནི་བཙན་བྱོལ་ནང་མི་ཉག་བ་ཧ་ཅང་ཉུང་བའི་རྐྱེན་གྱིས་ཉམ་ཆུང་དང་གྲངས་ཉུང་ལ་ལྷག་པར་དུ་ཐུགས་སྣང་དང་བྱམས་བརྩེ་གནང་བ་འདྲ། མུ་མཐུད་དུ་ཁོང་གིས”སློབ་སྦྱོང་བྱེད་ཀྱི་ཡོད་པས་” གསུངས་པར་ངས་ཡང་སྐྱར་” ཨང་རྩིས་དང་དབྱིན་ཇི། དེ་བཞིན་དེང་དུས་བརྒྱུད་ལམ་དང་འབྲེལ་ལམ་སོགས་ལ་སྦྱངས་ནས་སློབ་གྲྭ་ཆེན་མོར་འགྲོ་བའི་ཆ་རྐྱེན་ཡོངས་རྫོགས་གྲ་སྒྲིག་བྱས་ཚར། ད་ལོ་ནས་སློབ་ཆེན་འགྲིམ་རྒྱུ་ཡིན་” ཞེས་ཞུས་པས་སྐུ་མདུན་གྱི་ཞལ་ལ་འཛུམ་གྱི་མེ་ཏོག་ཅིག་སླར་ཡང་འབུས། “དཔེ་མི་སྲིད་པའི་ཡག་པོ་རེད། ཞེ་དྲག་ཡག་པོ་རེད། དགའ་པོ་བྱུང་། སློབ་སྦྱོང་གྱིས། སློབ་སྦྱོང་གང་བྱས་པ་དེ་སྤྱི་ལ་ཕན་པ་ཞིག་བྱེད་པར་བསམ་བློ་ཐོངས་” ཞེས་མུན་ནག་ཅན་གྱི་རང་སེམས་གསལ་བར་བྱེད་པའི་ལམ་སྟོན་གྱི་སྒྲོན་མེ་གནང་། ངས་ཀྱང་”བསམ་བློ་དེ་ག་རང་ཡོད་”ཅེས་གུས་གུས་ཞུམ་ཞུམ་གྱིས་ཞུས།

ཉིན་དེ་ནས་བཟུང་སྐུའི་མཛད་རིམ་རྣམས་སྐྱོང་ཆེད་ཁོང་ཕྱི་ལ་ཕེབས་དུས་དང་། ཚུར་བཞུགས་གནས་སུ་ཕེབས་ཡོང་བ་སོགས་ཉིན་རེ་༧ སྐུ་མདུན་ཐེངས་འགའ་ཤས་རེ་མཇལ། མཇལ་བ་དང་”དགེ་སློང་ལགས། དགེ་སློང་ལགས་” ཞེས་ང་ལ་མིང་འདོགས་གསར་པ་ཞིག་ཀྱང་གནང་། གོང་སོང་ལྟར། ང་ནི་སྔར་ནས་སྐྲ་བཞར་རྒྱུ་ལ་གོམས་པས་ད་ཐེངས་ཀྱང་གྲྭ་བ་ཞིག་དང་འདྲ་བར་མགོ་རིལ་རིལ་ཡིན་པས་རེད།

མཚན་གྱི་སྐུ་སྲུང་བའི་ལས་འགན་དེ་བསྒྲུབས་ཚར་ནས་ཉིན་མོར་མགྲོན་ཁང་དུ་གཉིད་ཁུག་དུས་ཀྱི་ཆུ་ཚོད་༡༢:༣༠ ཙམ་ཞིག་ལ་སྟེ། ཚེས་༢༨ ལ་མགྲོན་ཁང་ཕྱི་ལོགས་སུ་འདྲེ་ལ་དུང་ཞིང་ལྷ་ལ་སྡང་བའི་མི་ཚོགས་ཆེན་པོ་ཞིག་གིས་ཤེས་བཞིན་དུ་དོན་དངོས་ཀྱི་གནས་ལུགས་ལ་མ་བརྟག་པར་གང་དྲན་བྲིས་པའི་འཕྲེད་དར་གང་བྱུང་གནམ་ལ་འཕྱར་བ་དང་ངོ་རྒོལ་གྱི་སྐད་འབོད་དྲག་པོ་བྱེད་པ་སོགས་ཀྱི་རྨི་ལམ་སྡུག་ཅག་ཅིག་བཏང་བྱུང་བས་སེམས་ཁྲལ་ཆེན་པོས་ང་རང་ཧོབ་སྟེ་གཉིད་ལས་དཀྲོགས། རྨི་ལམ་ནི་རྫུན་མའི་རང་བཞིན་ཡིན་པ་སྔར་ནས་ཤེས། འོན་ཀྱང་མཚམས་དེ་ནས་བཟུང་ང་ནི་ཡང་སྐྱར་གཉིད་ཀྱི་ཞིང་ཁམས་སུ་ཕྱིར་ལོག་མ་ཐུབ་པར་ལུས། དེ་ནས་ཡང་སྐྱར་ལས་དུས་གཞན་དེ་ཡོང་བར་སྒུག་ནས་བསྡད།

སྤྱི་སྒེར་སུ་ཞིག་གིས་དམིགས་བསལ་གྱི་རེ་སྐུལ་ཞུས་མེད་ན་ཡང་༧སྐུ་མདུན་གྱིས་སྐུ་སྲུང་བ་རྣམས་དཀའ་ལས་ཁག་ཡོད་པ་རེད་ཅེས་གསུངས་ནས་ཚང་མར་ཁོང་དང་མཉམ་དུ་སྐུ་པར་བསྒྲོན་པའི་གསེར་ལས་རིན་ཆེ་བའི་གོ་སྐབས་བསྩལ། པར་བསྒྲོན་ཚར་བའི་མཇུག་མཚམས་དེར་རིན་པོ་ཆེས་”དམ་ཚིག་སྲུང་བ་ལ་བཀའ་དྲིན་ཆེ་” ཞེས་གསུངས་བ་དང་”སྤྱི་ལ་ཕན་པའི་བྱ་བ་བསྒྲུབ་”ཅེས་ཤ་ཚ་བ་དང་སྙིང་ཉེ་བའི་བཀའ་སློབ་བསྩལ། དེ་དུས་སྐུ་མདུན་དང་ལྷན་དུ་སྐུ་པར་བསྒྲོན་པའི་བགོ་སྐལ་བཟང་པོ་ཐོབ་པར་ཧ་ཅང་དགའ་བ་དང་ལྷན་དུ་སེམས་འགུལ་ཡང་ཤིན་ཏུ་ཐེབས། ཁོང་གིས་སྐུ་ངལ་འབུམ་ཕྲག་ལྷུར་བཞེས་གནང་ནས་བོད་འབངས་རྣམས་ཐུགས་རྗེའི་འོད་རླབས་ཀྱིས་བསྐྱངས་དང་སྐྱོང་བཞིན། དུས་ནམ་ཡང་གསབ་ཐབས་བྲལ་བའི་བཀའ་དྲིན་གྱི་ཕུང་པོ་རྣམས་ཡིད་ལ་དྲན་པས་མིག་མཐའ་ནས་མཆི་མ་བསྙིལ།

ཐེངས་འདིའི་ཆིབས་སྒྱུར་སྐབས། ང་རང་ལ་མཚོན་ན་ཁོང་གིས་”དགེ་སློང་ལགས་” གསུངས་པ་འདི་ཚེ་ཕྱི་མར་སླར་ཡང་བོད་རིགས་སུ་སྐྱེས་ནས་བོད་ལ་ཕན་ཐོགས་པའི་དགེ་སློང་ཞིག་ཡོང་བའི་རྟེན་འབྲེལ་དུ་བརྩི་བ་དང་། “སློབ་སྦྱོང་གྱིས་” གསུངས་པ་དེ་ནམ་ཡང་སེམས་གི་གཏིང་ལ་ནོར་བུ་བཞིན་ཉར་ནས་མ་འོངས་པར་སློབ་སྦྱོང་ལ་གང་ཐུབ་འབད་རྒྱུ་ཡིན། “སྤྱི་དོན་སྒྲུབ་” ཅེས་ལམ་སྟོན་གནང་བ་དེ་ཡིད་ལ་ཡང་ཡང་བཅངས་ནས་སྤྱི་དོན་ལ་འབད་རྒྱུ་དང་། སྤྱི་དོན་བསྒྲུབས་མ་ཐུབ་ཀྱང་། སྤྱི་དོན་བསྒྲུབ་པར་གནོད་པའི་ལས་ལ་མི་ཞུགས་རྒྱུ་དང་། “དམ་ཚིག་སྲུང་བར་བཀའ་དྲིན་ཆེ་” ཞེས་གསུངས་པར་རྟག་ཏུ་རྗེས་སུ་དྲན་ནས་རང་ཅག་གི་གོང་ན་མ་མཆིས་པའི་བླ་མའམ་དབུ་ཁྲིད་ཀྱི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་སོགས་བྱ་བ་ཐམས་ཅད་དོན་འཁྱོལ་ཡོང་བར་འབད་སྒྲུབ་གང་ནུས་ཞུ་རྒྱུ་ནི་ཁོང་ལ་དད་འདུན་ཡོད་མཁན་གྱི་གང་ཟག་ཅིག་གི་ལྡོག་ཏུ་མེད་པའི་འགན་འཁྲི་ཞིག་ལ་ངོ་འཛིན་མ་ཞུ་ཀ་མེད་རེད། དེ་ནི་སྐུ་མདུན་དངོས་སུ་མཇལ་རྗེས་རང་ཉིད་བོད་མི་རྣལ་མ་ཞིག་བྱེད་པའི་སྤྱི་ཚོགས་འཚོ་བའི་ཉམས་ལེན་ཞིག་ཀྱང་ཡིན་པ་ཅི་ནས་ཀྱང་ཡིན་པ་འདོད་ཡོད།།

༢༠༡༥ ལོའི་སྤྱི་ཟླ་༠༧ ཚེས་ ༠༢ ལ་དབྱིན་ཇིའི་སྦི་སྦི་སིའི་མུ་འབྲེལ་བརྙན་གར་ཞིག་གི་ཆེད་དུ་ལྟ་ན་ངོ་མ་དང་འདྲ་བའི་སྨན་ཁང་རྫུན་མ་ཞིག་ཏུ་ནད་པ་རྫུན་མ་ཞིག་འཁྲབ་དུས་ཀྱི་དུས་ཚོད་སྟོང་པ་རྣམས་སྤྱད་དེ་བྲིས་པའོ།།

དྲན་ཐོ།

Post navigation

Previous Post: རེ་འདོད།
Next Post: བྱམས་བརྩེའི་འོད་སྣང་།

Comments (11) on “༧གོང་ས་མཆོག་གི་ཞལ་དངོས་སུ་མཇལ་བའི་དྲན་ཐོ་ཐུང་ཐུང་།”

  1. རྫ་ཚེ་རིང་བཀྲ་ཤིས། says:
    2015-07-06 at 2:43 am

    བྲིས་པ་ཧ་ཅང་ལགས། སེམས་འགུལ་ཐེབས་པ་བྱུང་། བཀའ་དྲིན་ཆེ། མང་པོ་ཞིག་གསར་འབྱོར་དང་པོ་ཡོང་དུས་ཀྱི་དད་པ་དང་ཡིད་ཆེས་དེ་རིམ་བཞིན་བརླགས་འགྲོ་གིན་ཡོད། ད་དུང་ཅི་ཞིག་མགོ་ཚོད་པ་ལྟར་༸གོང་ས་མཆོག་ལ་ཡང་གོང་ཚད་རྒྱག་གྲབ་བྱེད་ཡོང་། དེས་ན་ཁྱེད་ཀྱི་དད་པ་དང་དམ་ཚིག་ལ་ང་ཡང་ཧ་ཅང་འཐད། ཚེ་རིང་ལོ་བརྒྱ།

  2. དམུ་ཐག་གི་བུ་རྒྱུད། says:
    2015-07-06 at 3:26 am

    མུ་མཐུད་དུ་སློབ་སྦྱོང་གྱིས་ ་འདི་བོད་རིགས་སློབ་མ་ཕྱི་གླིང་ལ་འགྲོ་མཁན་ཚོར་དམིགས་ཀྱིས་གནང་བའི་བཀའ་ཟབ་མོ་ཞིག་རེད་དྲན། འདིའི་རྒྱབ་ན་གོ་རྒྱུ་མང་པོ་མང་པོ་ཞིག་ཡོད།

  3. ལུང་རྟོགས། says:
    2015-07-06 at 4:29 am

    ངོ་མ་ཡག་པོ་བྲིས་འདུག སེམས་འགུལ་ཐེབ་བྱུང་།

  4. བློ་གྲོས། says:
    2015-07-06 at 5:06 am

    དངོས་གནས་ཡག་པོ་བྲིས་འདུག སེམས་འགུལ་ཐེབས་པ་ཞིག་འདུག ཨ་མའི་བུ་རྗེས་ནས་མ་བརྗེད་པ་གནང་རོགས།
    ང་ཚོ་བསམ་བློ་གཏོང་ཤེས་མཁན་ཁྱོད་འདྲ་བ་དགོས་རེད།

  5. ཀུན་དགའ། says:
    2015-07-06 at 5:48 am

    ངོ་མ་ཡག་པོ་བྲིས་འདུག སེམས་འགུལ་ཐེབ་བྱུང་།

  6. ཆོས་འཕེལ་དར་རྒྱས་ says:
    2015-07-06 at 6:09 am

    རྨི་ལམ་སྡུག་ཅག་རྨིས་བ་དེ་ནི་མངོན་ཤེས་སུ་གྱུར་འདུག། ༦་༢༩་ཉིན་དབྱིན་ལན་ལྷོ་ཕྱོགས་སུ་གོང་ས་མཆོག་བྱོན་སྐབས་ལྷ་ཡིན་འདྲེ་ཡིན་མེད་པའི་མི་ཚོགས་དེས་སྐད་འབོད་བྱས་སོང་། སེམས་སུན་པོ་དང་ཡིད་སྐྱོ་བོ་བཟོས་སོང་།།
    ༜༜༜༜༜༜༜༜
    ལྷ་ཡི་ཞལ་ནི་མཇལ་བྱུང་ལ།།
    ལྷ་ཡི་གསུང་ནི་གོ་ལ་ཉེ།།
    འདྲེ་ཡི་གཟུགས་ནི་མེད་མ་ཡིན།།
    འདྲེ་ཡི་སྐད་ནི་རྣ་བར་སུན།།
    ཞེས་ཡུལ་ངོས་ནས་སེམས་ཚོར་རང་ཤར་ལ་༢༠༡༥་༦་༢༩་ཉིན་བྲིས།།

  7. རིན་ཆེན་དར་རྒྱས། says:
    2015-07-06 at 8:29 am

    ཡག་པོ་བྲིས་འདུག སེམས་འགུལ་ཐེབས་པ་འདུག བཀའ་དྲིན་ཆེ།

  8. མི་ཉག་ཀུན་དགའ་བཀྲ་ཤིས། says:
    2015-07-06 at 9:37 am

    ཚང་མར་ཐུགས་རྗེ་ཆེ་ཞུ། ང་ནི་ཡི་གེ་ཡག་པོ་འབྲི་ཤེས་མཁན་ཞིག་མིན། འོན་ཀྱང་ད་རེས་དངོས་བྱུང་གནས་ཚུལ་ཞིག་ཟིན་ཐོར་བཀོད་པ་སྙན་པོ་བྱུང་ཡོད་ས་རེད།

  9. ཐིའུ་སྟོབས་ལྡན། says:
    2015-07-06 at 10:06 am

    ཀུན་དགའ་ལགས། ང་ལ་དམིགས་བསལ་གང་ཡང་ཞུ་རྒྱུ་མེད། ཁྱེད་ཀྱི་ཉིན་ཐོ་ལྟ་བུའི་རྩོམ་ཡིག་འདི་འགོ་ནས་མཇུག་པར་ཐེངས་ཤིག་བམ་ཀློགས་བྱས་པས། བདག་ལ་༧གོང་ས་མཆོག་གི་མཛད་རྣམ་གྱི་བརྙན་འཕྲིན་དུམ་བུ་ཞིག་ལྟ་བའི་ཚོར་བ་ཞིག་བྱུང་། ངོ་མ་སྙན་པོ་ཞིག་བྲིས་འདུག་པས་དགའ་བསུ་དང་སྦྲགས་བཀའ་དྲིན་ཆེ་ཞུ་འདོད་པ་ཙམ་ཡིན།

  10. གངས་སྤྲེལ་ཚ། says:
    2015-07-07 at 12:27 am

    ཁ་དགའ་ངོ་བསྟོད་ཙམ་གྱིས་གང་ཡང་མི་ཡོང་་་་་་་དེ་བས་རང་རངགི་ལག་ཏུ་ལེན་་གལ་་་་་ཁྱད་པར་xxགོ་སྐབས་རང་ལུགས་པ་ཚོས་གང་ཡང་བཤད་སྲིད་ལ་སྤེལ་སྲིད་་་་་་་་་་་་

  11. མི་ཉག་ཀུན་དགའ་བཀྲ་ཤིས། says:
    2015-07-07 at 8:00 am

    གངས་སྤྲེལ་ཚ་ཞུ་བའི་མཆན་པ་པོ་འདི་དོགས་པ་ཚ་བ་ལ་དཔེ་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme