Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༢༠༡༣ ལོའི་མདོ་སྨད་དམིགས་བསལ་ཚོགས་ཆེན་དང་གྲོས་ཆོད་ཁག

Posted on 2013-03-222013-03-22 By ཁ་བརྡ་ 19 Comments on ༢༠༡༣ ལོའི་མདོ་སྨད་དམིགས་བསལ་ཚོགས་ཆེན་དང་གྲོས་ཆོད་ཁག

མཁོ་སྤྲོད་པ། རྨེའུ་དཀོན་རྒྱམ།

ཟླ་འདིའི་ཕྱི་ཚེས་༡༤ དང་༡༥ གཉིས་ལ་ངྷ་ས་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅོ་ལྔ་པའི་དམིགས་བསལ་ཚོགས་ཆེན་བསྐོངས་འཚོགས་གནང་ཡོད་ལ། ཉིན་གཉིས་རིང་གི་ཚོགས་ཐོག་ཏུ་མ་འོངས་པར་༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པར་གྱ་སྟོན་དང་། ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་ཕྱོགས། བོད་ནང་གི་ཛ་དྲག་གནས་བབ་ལ་གདོང་ལེན་གནང་ཕྱོགས་སྐོར། དབུས་སའི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་ཡོད།

དེ་ཡང་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་བཅོ་ལྔ་པའི་དམིགས་བསལ་ཚོགས་ཆེན་སྟེང་། སྐུ་མགྲོན་གཙོ་བོར་བཀའ་ཟུར་བོད་མི་མང་སྤྱི་འཐུས་ཐུབ་བསྟན་ལུང་རིག་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག གཞན་མདོ་སྨད་སྤྱི་འཐུས་རྣམ་པ་དང་སྤྱི་ཟུར་ཁག་ཅིག མདོ་སྨད་དབུས་རྒྱུན་ཟུར་བ་ཁག་གཅིག ས་གནས་འགོ་འཛིན་གྱི་སྐུ་ཚབ་དང་། ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་གཙོ་དང་སྐུ་ཚབ། དེ་བཞིན་དུ་མདོ་སྨད་གནད་ཡོད་མི་སྣ་ཁག་གཅིག ཨ་རི་དང་བལ་ཡུལ་སོགས་ས་གནས་ཁག་༡༧ ནས་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་དང་དྲུང་ཆེ་སོགས་ཁྱོན་མི་གྲངས་བརྒྱ་ཕྲག་ལྷག་དབུ་འབྱེད་མཛད་སྒོར་འདུ་འཛོམས་གནང་ཡོད་པ་རེད།

མཛད་སྒོ་དབུ་འབྱེད་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་སྒྲོན་མེ་ཞལ་འབྱེད་དང་། ༸སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་འབུལ་གནང་རྗེས་ཚོགས་བཅར་པ་ཡོངས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་བ་དང་། བོད་བསྟན་པ་ཆབ་སྲིད་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་ངག་བཅད་སྐར་མ་གཅིག་རིང་གནང་།

དེ་ནས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུུན་ལས་ཁང་གི་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས་ཐེངས་འདིའི་ཚོགས་ཆེན་གྱི་ཉིན་གཉིས་རིང་གི་ཚོགས་འདུའི་ལས་རིམ་ངོ་སྤྲོད་གནང་བ་དང་འབྲེལ་གསུང་དོན། ༸གོང་ས་མཆོག་དང་རང་གཞུང་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས་ཕྱོགས་གང་ཐད་ནས་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། སྐབས་དེར་ང་ཚོ་མདོ་སྨད་ཀྱི་མི་རབས་རྒན་པ་ཚོས་རྒྱག་གཅིག་མཆོང་གཅིག་གིས་༸གོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་ཐུབ་པ་བྱུང་ཡོད་པ་རེད། དེ་བཞིན་དུ་བཙན་བྱོལ་ལ་མཚོན་ན་མདོ་སྨད་ཀྱི་མི་འབོར་ཉུང་ཉུང་རེད། ལྷག་ཏུ་དབུས་རྒྱུན་ལས་ཁང་ལ་མཚོན་ན་དཔལ་འབྱོར་ཧ་ཅང་སྐྱོ་བོ་རེད། འོན་ཀྱང་བོད་མིའི་སྤྱི་དོན་ཐད་མདོ་སྨད་ཆོལ་ཁ་འབུར་དུ་ཐོན་མེད་ན་རྗེས་སུ་ལུས་མེད་པ་མངོན་གསལ་རེད། དེ་ནི་མདོ་སྨད་གྱི་རྒན་རབས་པ་རྣམས་ཀྱི་བཀའ་དྲིན་རེད། སོང་ཙང་ང་ཚོས་མདོ་སྨད་ཀྱི་རྒན་རབས་པ་ཚོར་བཀའ་དྲིན་རྗེས་དྲན་ཞུ་གི་ཡོད་ལ། ༸གོང་ས་མཆོག་གིས་གཏན་འབེབས་གནང་པའི་དབུ་མའི་ལམ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད། ཞེས་སོགས་གསུངས་སོང་།

དེའི་རྗེས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དྲུང་ཆེ་རྒྱ་རིག་ཐར་ལགས་ཀྱིས་ལས་བསྡོམས་སྙན་སྒྲོན་ཞུས་སྐབས།  སྔ་ལོའི་དུས་དབང་སྐབས་མདོ་སྨད་རྔ་པ་ཕྱོགས་ཀྱི་མཇལ་སྐོར་པ་ཁག་ཅིག་རྒྱ་གར་དང་བལ་ཡུལ་མཐའ་མཚམས་ནས་རྒྱལ་མཚམས་བརྒལ་བའི་ཉེས་མིང་འོག་རྒྱ་གར་གྱི་བཙོན་ཁང་དུ་ལྷག་ཡོད་པ་རྣམས་བཙོན་གྲོལ་དང་བལ་ཡུལ་ནས་བོད་བར་ལམ་འཇུག་རོགས་རམ་བྱས་པ། འབྲུག་ཡུལ་མ་གཏོགས་རྒྱ་གར་དང་བལ་ཡུལ་ནང་གི་ས་གནས་ཁག་ཚང་མར་ཕྱོགས་སྐྱོད་ཐོག་དབུས་བོད་མིའི་ལངས་ཕྱོགས་དབུ་མའི་ལམ་ངོ་སྤྲོད་དང་། དབུས་ས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས། དེ་བཞིན་དུ་བོད་ནང་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་འབྲེལ་གདོང་ལེན་གནང་ཕྱོགས་སྐོར་ངོ་སྤྲོད་གནང་། རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་མདོ་སྨད་པ་ཉམས་ཐག་དང་ཛ་དྲག་ནད་མནར་བཅུ་ཕྲག་ལྷག་ལ་གང་ཐུབ་གྱིས་རོགས་འདེགས་བྱས་སྐོར། མདོ་སྨད་ཀྱི་ཉམས་ཐག་སློབ་ཕྲུག་རེ་ཟུང་ཞིག་ལ་སློབ་ཡོན་ཐད་རོགས་རམ་བྱས་ཡོད། སྔ་ལོའི་གླིང་ཚ་ཚེ་བརྟན་རྡོ་རྗེའི་བོད་སྐྱོད་གོམ་བགྲོད་སྐབས་མཐུན་འགྱུར་རོགས་རམ་བྱས་ཡོད་སྐོར་གྱི་ངོ་སྤྲོད་གནང་།

དེ་ནས་དམིགས་བསལ་སྐུ་མགྲོན་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་ཁོང་རང་ཉིད་ཀྱང་མདོ་སྨད་པའི་ཆ་ཤས་ཤིག་ཡིན་སྐོར་དང་། ཁོང་གིས་མདོ་སྨད་ཆོལ་ཁ་འདི་གལ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་སྐོར། དེ་བཞིན་དུ་སྔོན་མ་མདོ་སྨད་པ་མི་གྲངས་ཉུང་ཉུང་ཡིན་ཡང་ཆིག་སྒྲིལ་ཧ་ལས་པ་ཡོད་པས་མུ་མཐུད་མཐུན་སྒྲིལ་གནང་དགོས་སྐོར་གྱི་བཀའ་སློབ་གནང་སོང་ལ། ཡང་ཁོང་གིས་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་བཀའ་སློབ་གནང་དོན། ལྷག་ཏུ་ད་ལྟའི་བོད་ནང་གི་བོད་མི་ཚོས་རང་ལུས་མེར་བསྲེགས་གནང་པའི་རྒྱུ་མཚན་བཙན་བྱོལ་བོད་མི་ཚོས་ཅིག་གནང་གི་རེད་དགོངས་ཏེ་བློས་གཏོང་གནང་གི་ཡོད་སྟབས། ཁོང་ཚོའི་བློས་གཏོང་སྟོང་ཟད་དུ་འགྲོ་འཇུག་རྒྱུ་ཡིན་ནམ་གྲུབ་འབྲས་ལྡན་པ་ཞིག་བཟོ་རྒྱུ་བཙན་བྱོལ་བོད་མི་ཚོའི་ལག་ཏུ་ཡོད་པས། ང་ཚོས་ངེས་པར་དུ་ཤུགས་རྒྱབ་ཏེ་ཁོང་ཅག་གི་རེ་བ་དང་མངོན་འདོད་འགྲུབ་ཐུབ་པར་འབད་རྩོན་གནང་དགོས་ཞེས་སོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་སོང་།

མཐར་སྐུ་མགྲོན་གཙོ་ཐུབ་བཀའ་ཟུར་སྤྱི་འཐུས་ཐུབ་བསྟན་ལུང་རིག་མཆོག་གིས། ༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་གནང་འཆར་དེ་འཇིག་རྟེན་ཆོས་བརྒྱད་ཀྱི་ངོ་བོར་མ་སོང་པའི་ཐོག ༸གོང་ས་མཆོག་ལ་མཆོད་པ་འགྲོ་བའི་དོན་དམ་གྱི་གྱ་སྟོན་ཞིག་ཡོང་ཐབས་ལ་འབད་རྩོན་གནང་དགོས་སྐོར་དང་། དེ་བཞིན་དུ་༸གོང་ས་མཆོག་གི་སྐུ་ཕྱཱའི་སྐོར་ལ་ཚང་མས་སེམས་ཁུར་བྱེད་ཀྱི་ཡོད་ཀྱང་དེ་རྒྱ་གར་གཞུང་ལ་བློ་འགེལ་ཆོག་ཅིང་།གཙོ་བོ་ནང་དུ་འགལ་རྐྱེན་མ་བྱུང་པ་དང་༸གོང་ས་མཆོག་གི་དགོངས་བཞེད་ལམ་སྟོན་ལག་བསྟར་བྱེད་ཐུབ་པ་ཡིན་ན། གྱ་སྟོན་ཟེར་ན་འདྲ་སྐུ་ཕྱཱའི་ཞབས་རིམ་དེ་ལས་ལྷག་པ་མེད་སྐོར་གསུངས་ཡོད།

ཡང་ཁོང་གིས་རང་བཙན་རྩོད་མཁན་དང་ལམ་དབུ་མ་རྩོད་མཁན་གཉིས་ཀྱི་སྐོར་ལ་བཀའ་གནང་དོན། ང་ཚོ་སྤྱི་ཚོགས་ནང་རང་བཙན་རྩོད་མཁན་ཡིན་ན་འདྲ། དབུ་མ་བཤད་མཁན་ཡིན་ན་འདྲ། གང་ཡིན་ན་ཡང་མཛུབ་མོ་ནང་ལ་མ་བཙུགས་པར། ཚང་མའི་གདོང་གཏད་ས་དེ་རིའི་ཕ་རོལ་དུ་བྱ་རྒྱུ་གལ་ཆེན་པོ་རེད། དེང་སྐབས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་པ་དང་རེད། རང་ལུས་མེར་བསྲེགས་གནང་མཁན་བརྒྱ་ཕྲག་ལྷག་བསྒལ་ཚར་བ་རེད། ང་ཚོས་གཙོ་བོ་ཁོང་ཚོའི་ཉིང་དགོས་དེ་བསྒྲུབ་ཐུབ་ཀྱི་ཡོད་མེད་ལ་བལྟས་ཏེ་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་འགན་འཁུར་དགོས་པ་དང་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད་ཅེས་དང་། 

ཡང་བོད་ཀྱི་གསར་འགོད་པ་ཚོར་འབོད་སྐུལ་གནང་དོན། སྤྱིར་དེང་སང་རང་དབང་ཡོད་པའི་རྒྱལ་ཁབ་ཁག་གི་ནང་གསར་འགོད་པ་ཚོས་ས་སོའི་གསར་ཤོག་དེ་ཚོང་རྒྱུ་ཆེད་དུ་གསར་འགྱུར་འདྲ་མིན་ཞིག་སྤེལ་བཞིན་ཡོད་པ་རེད། དེ་སྤེལ་བ་དེ་འགྲིག་གི་ཡོད་རེད། འོན་ཀྱང་ང་ཚོ་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ་ཚོ་གསར་འགོད་པ་ཙམ་དུ་མ་ཟད། སོ་སོ་སྐྱབས་བཅོལ་ཞིག་དང་འཐབ་རྩོད་པ་ཞིག རྒྱ་ནག་ལ་བརྡ་ལན་སྤྲོད་མཁན་ཞིག་དང་། བོད་པ་ནང་ཁུལ་མཐུན་འབྲེལ་བྱེད་མཁན་གྱི་ཟམ་པ་ཞིག་ཡིན་པ་མ་བརྗེད་པའི་ཐོག་ནས་གསར་འགྱུར་འབྲི་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

དབུ་འབྱེད་མཛད་སྒོ་གྲུབ་པ་དང་ཚོགས་ཆེན་དངོས་སུ་དབུ་འཛུགས་ཀྱིས་ཉིན་གཉིས་ཀྱི་རིང་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པར་གྱ་སྟོན་དང་། བོད་ནང་གི་ཛ་དྲག་ཐད་ལས་འགུལ་སྤེལ་ཕྱོགས། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་ཕྱོགས། དབུས་སའི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སོགས་ཀྱི་སྐོར་ལ་བཀའ་བསྡུར་གནང་ནས་གྲོས་ཆོད་ཁག་བཅུ་གཅིག་དང་། ཟུར་རྒྱན་གྲོས་ཆོད་གཅིག་བཅས་གཏན་འབེབས་གནང་། ཚོགས་ཆེན་གྲུབ་མཚམས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཕེབས་ནས་ཚོགས་ཆེན་མཇུག་བསྡོམས་ཀྱི་གསུང་བཤད་ཟབ་རྒྱས་གནང་། ཕྱི་ཚེས་ ༡༦ ཉིན་ཚོགས་ཞུགས་ཡོངས་༸གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ་གྲོས་ཆོད་ཁག་སྤྱན་འབུལ་ཞུས་པར་༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་བསྔགས་བརྗོད་གནང་ཡོད།

གསར་འགྱུར་འབྲི་མཁན། མདོ་སྨད་དྲ་རྒྱའི་རྩོམ་སྒྲིག་པ་ཚངས་དབྱངས་རྒྱ་མཚོ།

 མདོ་སྨད་དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་གྲོས་ཆོད་ཁག

༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུ་བཞེས་པའི་སྐུའི་གྱ་སྟོན་དང་འབྲེལ་བའི་གྲོས་གཞི་གྲོས་ཆོད།

གྲོས་གཞི་དང་བོ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་ཆེན་པོ། ཁམས་གསུམ་འགྲོ་བ་ཐམས་ཅད་ཀྱི་སྐྱབས་གནས་མཚུངས་ཟླ་བྲལ་བ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། གངས་ལྗོངས་ཁ་བ་རི་བ་རྣམས་ཀྱི་ལྷ་སྐལ་གཅིག་པུ། བླ་ན་མེད་པའི་དབུ་ཁྲིད། ༸གོང་ས་ལྷ་མིའི་རྣམ་འདྲེན། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་བཞེས་པའི་༸སྐུའི་གྱ་སྟོན་དང་འབྲེལ་བའི་ཞུ་སྒོ་ཁག

གྲོས་ཆོད།

དང་བོ།  བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་གིས་དགུང་ལོ་བརྒྱད་ཅུ་བཞེས་པའི་སྐུའི་གྱ་སྟོན་འདི་བཞིན་ཐུན་མོང་ལས་འབྲས་བཟང་བོའི་བསོད་ནམས་གསོག་པ་དང་བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་པའི་མཐུ་སྟོབས་ཀྱིས་རྒྱལ་བསྟན་མི་རིགས་དང་བཅས་པའི་བདེན་མཐའ་མྱུར་དུ་གསལ་ཕྱིར་སྡིག་སྤོང་དགེ་སྒྲུབ་ཀྱི་ལས་དོན་འབའ་ཞིག་གི་ཐོག་ནས་བསྒྲུབ་དགོས་རྒྱུ།  སྤྱི་མོས།

གཉིས་པ།  ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་འདི་ཉིད་བོད་གཞིས་བྱེས་གཉིས་གཙོ་བོར་གྱུར་པའི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་སྐུའི་གྱ་སྟོན་མཛད་སྒོ་ཞིག་གོ་སྒྲིག་ཞུ་རྒྱུ།   སྤྱི་མོས།

གྲོས་གཞི་གཉིས་པ། སྐུའི་གྱ་སྟོན་གོ་སྒྲིག་ཚོགས་མི་གསར་འདེམས།

གྲོས་ཆོད། 

མི་འགྲོ་ལྔ་ཅན་གྱི་སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་འགན་འཛིན་ལྷན་ཚོགས་ཤིག་དང་། མདོ་སྨད་དབུས་རྒྱུན་རྣམ་པའི་སྟེང་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དྲུག་བཅས་འོས་བསྡུའི་ལམ་ནས་གཏན་འབེབས་གནངས།  (གོང་གསལ་ཚོགས་ཆུང་གཉིས་ཀྱི་ཚོགས་མིའི་མཚན་གཞུང་ཟུར་དུ་གསལ།) སྤྱི་མོས།

གྲོས་གཞི་གསུམ་པ། ༸གོང་ས་རྒྱལ་བའི་དབང་བོ་མཆོག་གི་སྐུ་ཕྱྭའི་སྐོར།

གྲོས་ཆོད།

དང་བོ།  འཛམ་གླིང་སྤྱི་དང་ལྷག་པར་རང་ཅག་བོད་ལྗོངས་ཆོལ་ཁ་གསུམ་གྱི་བླ་ན་མེད་པའི་མགོན་སྐྱབས་དང་། བོད་མི་རིགས་ཀྱི་མཚོན་བྱེད་ ༸ སྤྱི་ནོར་གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་སྐུ་ཕྱྭ་ལས་གལ་འགངས་ཆེ་བ་ཞིག་མེད་པར་བརྟེན་དགུང་ལོ་མཐོ་ནས་མཐོ་རུ་ཕེབས་པའི་བབ་དང་བསྟུན་ཏེ་རང་ཅག་གཞུང་མང་གཉིས་ནས་མཛད་རིམ་ཆུང་ཙག་རིགས་ངེས་པར་ཉུང་འཕྲི་དམ་དོན་གནང་རྒྱུ། སྤྱི་མོས།

གཉིས་པ།  ༸ གོང་ས་མཆོག་གི་སྐུ་སྲུང་ཐད་རང་གཞུང་བདེ་སྲུང་ལས་ཁུངས་ནས་དམིགས་བསལ་སྲུང་སྐྱོབ་ཁྱད་ལས་པ་(special trained security agency)གསོ་སྐྱོང་གནང་རྒྱུ་དང་། ཁྱད་པར་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་གནང་སྐབས་སྐུའི་ཉེན་སྲུང་དམ་དོན་ཚགས་ཚུད་གནང་སྐྱོང་ཡོང་བའི་སྙན་ཞུ་འབུལ་རྒྱུ། སྤྱི་མོས།

གྲོས་གཞི་བཞི་བ། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་འབྲེལ་བྱེད་སྒོ་འཐུས་ཚང་དང་ཁ་སྣོན་ཅི་དགོས་སྐོར།

གྲོས་ཆོད།

དང་བོ། བོད་མིའི་སྒྲིག་འཛུགས་ནི་བོད་གཞིས་བྱེས་གཉིས་ཀྱི་ངོ་ཚབ་དང་ལོ་རྒྱུས་ཀྱི་དན་རྟགས་ཡིན་པས་མདོ་སྨད་ཆོལ་ཁའི་ངོས་ནས་གཞུང་གི་སྲིད་བྱུས་ལངས་ཕྱོགས་ལ་ཤར་སྐྱོད་ཞུ་མུས་ལྟར ། མ་འོངས་པར་ཡང་བོད་བསྟན་སྲིད་མི་རིགས་ཀྱི་བདེན་མཐའ་མྱུར་པར་གསལ་ཆེད་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མུ་མཐུད་དུ་ཤར་སྐྱོད་བྱ་རྒྱུ། སྤྱི་མོས།

གཉིས་པ།  བོད་མི་རིགས་ཀྱི་ལོ་རྒྱུས་དང་གནས་བབ་ཐད་རྒྱ་གཞུང་གི་ལོག་སྒྲུབ་གཏམ་བརྗོད་ཁག་ལ་མདོ་སྨད་ཆོལ་ཁའི་ངོས་ནས་ལན་འདེབས་ཚོགས་ཆུང་ཞིག་ཟུར་འཛུགས་ཀྱིས་དུས་ནས་དུས་སུ་དགག་གཞག་ལན་འདེབས་བྱེད་ཐུབ་པ་བྱ་རྒྱུ། སྤྱི་མོས།

གྲོས་གཞི་ལྔ་བ། བོད་ནང་གི་ཛ་དྲག་གི་གནས་བབ་ལ་གདོང་ལེན་བྱེད་ཕྱོགས་སྐོར།

གྲོས་ཆོད།

དང་བོ།  རྒྱ་གཞུང་གིས་བོད་ཐོག་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་ལ་སོགས་པ་ཡོ་བསྲང་གིས། ཆེས་གདུག་རྩུབ་དང་ནོར་འཁྲུལ་ཅན་གྱི་སྲིད་བྱུས་གང་མགྱོགས་མཚམས་འཇོག་མ་བྱས་པར་བོད་ས་ཡོངས་སུ་རང་སྲེག་གི་མཚོན་པའི་གནས་ཚུལ་རིགས་མུ་མཐུད་དུ་བྱུང་ན་དེའི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁུར་དགོས། སྤྱི་མོས།

གཉིས་པ།  བོད་རྒྱལ་གཅེས་དཔའ་བོ་དཔའ་མོའི་མངོན་འདོད་རྒྱ་ཁྱབ་ཡོངས་བསྒྲགས་བྱ་ཕྱིར་བོད་ནང་ཛ་དྲག་གནས་ཚུལ་བྱུང་རིགས་མི་སྒེར་གྱི་ངོ་དེབ་དྲ་གནས་སོགས་སུ་ཕྱིར་བསྒྲགས་མ་བྱས་གོང་བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་།  བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་གཉིས་ལ་འབུལ་རྒྱུ། སྤྱི་མོས།

གསུམ་པ།    ཕྱི་ལོ་ ༢༠༡༣  ཟླ་  ༠༡  ཚེས་  ༣༡  ཉིན་རྒྱ་གཞུང་གིས་མ་ཉེས་ཁ་གཡོགས་ཀྱིས་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་ལ་རྔ་བ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་ནས་བསམ་བཞིན་དུ་མི་བསད་པའི་ཉེས་མིང་འོག་ལོ་གཉིས་ཕྱིར་འགྱངས་ཀྱིས་སྲོག་ཐོག་གཏང་རྒྱུ་དང་། ཚེ་གང་ལ་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་རྒྱུའི་ཁྲིམས་ཆད་དེ་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཕྱིར་འཐེན་བྱ་དགོས་པ་དང་། དེའི་ཆེད་དབུས་ས་གཉིས་ནས་ལས་འགུལ་སྣ་མང་སྤེལ་རྒྱུ། སྤྱི་མོས།

གྲོས་གཞི་དྲུག་པ། དབུས་ས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སྐོར།

གྲོས་ཆོད།

མདོ་སྨད་དབུས་ས་གཉིས་ཀྱི་འབྲེལ་ལམ་གོང་མཐོར་གཏོང་ཐབས་དང་ལས་དོན་ཡར་རྒྱས་ཚགས་ཚུད་ཡོང་སླད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དུས་ནས་དུས་སུ་མདོ་སྨད་ས་གནས་ཁག་དང་མདོ་སྨད་གནད་ཡོད་མི་སྣ་རྣམས་ལ་འབྲེལ་ལམ་རྒྱུན་འཁྱོངས་བྱ་རྒྱུ། སྤྱི་མོས།

ཟུར་རྒྱན་གྲོས་ཆོད།

མདོ་སྟོད་ཆོལ་ཁ་གསར་རྙིང་གཉིས་ཕྱོགས་གཅིག་མ་ཆགས་བར་དུ་མདོ་སྨད་ཆོལ་ཁའི་ངོས་ནས་མཛད་སྒོ་སོགས་ལ་མཉམ་འབྲེལ་མི་བྱ་རྒྱུའི་གྲོས་ཆོད་ཅིག་ཡོད་པ་དེ་ཚོགས་ཆེན་འདིའི་ཐོག་ནས་ནུས་མེད་བྱས་ཏེ་འབྱུང་འགྱུར་བོད་བསྟན་སྲིད་མི་རིགས་ཀྱི་བྱ་གཞག་ལ་སྨན་པའི་ལས་དོན་སུས་སྤེལ་ཡང་ཕྱར་གྲུ་མཉམ་འདེགས་བྱ་རྒྱུ། སྤྱི་མོས།

བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བོད་རྒྱལ་ལོ་ ༢༡༤༠ ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༡༥ ཉིན།

གསར་འགྱུར།

Post navigation

Previous Post: དཔྱིད་ཀྱི་དཔལ་ཡོན།
Next Post: གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་རྐང་པར་རྨ་བརྒྱབ་ཏེ་དེ་རིང་ངལ་གསོས་འདུག

Comments (19) on “༢༠༡༣ ལོའི་མདོ་སྨད་དམིགས་བསལ་ཚོགས་ཆེན་དང་གྲོས་ཆོད་ཁག”

  1. སངས་དོན། says:
    2013-03-22 at 7:04 am

    ༼བོད་མི་རིགས་ཀྱི་ལོ་རྒྱུས་དང་གནས་བབ་ཐད་རྒྱ་གཞུང་གི་ལོག་སྒྲུབ་གཏམ་བརྗོད་ཁག་ལ་མདོ་སྨད་ཆོལ་ཁའི་ངོས་ནས་ལན་འདེབས་ཚོགས་ཆུང་ཞིག་ཟུར་འཛུགས་ཀྱིས་དུས་ནས་དུས་སུ་དགག་གཞག་ལན་འདེབས་བྱེད་ཐུབ་པ་བྱ་རྒྱུ།༽ ཧ་ཅང་གལ་ཆེན་པོ་རེད། མདོ་སྨད་དབུས་རྒྱུན་ནས་སང་ཉིན་ལས་དེ་རིང་སྔ་འཛུགས་གནང་དགོས་པ་ཞིག་རེད།

  2. སངས་དོན། says:
    2013-03-22 at 7:05 am

    རྗེས་སུ་ཡི་རང་ཡོད།

  3. གནམ says:
    2013-03-22 at 8:31 am

    ནུས་ཅན་དང་ནུས་མེད་བྱེད་པའི་དཔང་ཚད་ཆ་ཚང་ཡོད་ན་ཡག་པོ་རེད།

  4. སྙིང་དཀར། says:
    2013-03-22 at 8:56 am

    ཡག་པོ་འདུག ལག་ལེན་དུ་ཁེལ་ཐུབ་པའི་རེ་བ་ཡོད།

  5. འཇིགས་མེད་ཐོས་པ་རང་གྲོལ། says:
    2013-03-22 at 11:52 am

    སྐད་ཆ་དྲང་མོར་བཤད་རོགས།

    རང་ཉིད་མདོ་སྨད་པ་ཞིག་ཡིན་པའི་ངོས་གནས་གནད་དོན་ཁ་ཤས་ཞུ་རྒྱུ་ཡིན། སྤྱིར་རྡ་སའི་ཚོགས་པ་ཁག་གི་འགྲོ་སྟངས་བཞིན་གྲོས་ཆོད་གང་རྫིག་རྫིག་ཁ་ཤས་བཞག་འདུག་སྟེ། གནད་དོན་ཁ་ཤས་ཀྱི་ཐོག་ཏུ་བསམ་བློ་གནད་དུ་མི་གཏོང་ག་མེད་བྱུང་།

    དང་བོ།

    ༧གོང་ས་མཆོག་དགུངས་གྲངས་༨༠ ལ་ཕེབས་པའི་མཛད་སྒོ་དེ་གཙོ་བོ་བོད་གཞུང་དམངས་གཉིས་ཀྱིས་སྤེལ་རྒྱུ་ལས་མདོ་སྨད་ཆོལ་ཁ་གཅིག་བུའི་བྱེད་རྒྱུ་ཞིག་མིན། འོན་ཀྱང་། རང་གཞུང་གི་མཛད་སྒོ་དང་འབྲེལ་རོགས་འདེགས་དང་ཡང་ན་མདོ་སྨད་རྒྱུན་ལས་ཀྱིས་སྣེ་ཁྲིད་འོག་༧གོང་ས་མཆོག་གི་དགོངས་གཞི་ཁག་འགྲུབ་པར་བྱས་ནས་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འབུལ་རྒྱུ་ཡིན་ཟེར་འོས་མོད། གཞན་དུས་ཆེན་དེ་མདོ་སྨད་ཆོལ་ཁས་བཀོད་སྒྲིག་དང་ཅིག་ཅིག་བྱེད་རབས་ཟེར་བ་དེ། ཡང་བསྐྱར་གོ་སྐབས་ཞིག་བཟུང་ནས་མི་མང་གི་ལག་ནས་ཞལ་འདེབས་བསྡུ་ཐབས་ཡིན་པ་གཏན་ཁེལ་རེད། མི་བདེན་བསམ་ན་གྲ་སྒྲིག་ཚོགས་ཆུང་གིས་༧གོང་ས་མཆོག་གི་མིང་བེད་སྤྱད་ནས་ཞལ་འདེབས་མ་བསྡུས་ན་ངས་བཤད་པ་ཡོད་ཚད་རྫུན་ཡིན་ཁྱེད་ཚོས་ལྟད་མི་ལྟོས་ཨ། འདི་ལ་བཀའ་བཞིན་སྒྲུབ་པའི་མཆོད་པ་གཏན་ནས་མི་ཟེར་རོ།།

    གཉིས་པ།

    ༧གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་གཙོ་བོ་རྒྱ་གར་གཞུང་དང་སྐུ་སྒེར་ཡིག་ཚང་། དེ་བཞིན་རང་གཞུང་བདེ་སྲུང་བཅས་ལ་རག་ལས་ཡོད་པ་ལས་གྲོས་ཆོད་འདི་ཙམ་གྱིས་གང་ཡང་མི་ཕན་ནོ།། དེ་བཞིན་༧ཁོང་གི་མཛད་འཕྲིན་ཉུང་འཕྲི་སོགས་སོ་སོའི་དབང་ཚད་དང་གནས་བབ་ངོས་མ་ཟིན་པའི་གྲོས་ཆོད་མང་བོ་ཞིག་བཞག་འདུག་མོད། མི་མང་གི་མདུན་དུ་གྲོས་ཆོད་དེ་དག་སྙན་མོ་ཞིག་ཡོད་པ་ཙམ་ལས་དོན་ངོ་མར་དེ་ནི་ཆུ་ནང་དུ་རྟུག་དྲི་བཏང་བ་དང་གཅིག་པ་ཉིད་དོ།།

    གསུམ་པ།

    ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་བཞིན་མདོ་སྨད་རོང་བོ་དགོན་ཆེན་དང་། དེ་བཞིན་དཀར་མཛེས་བྲག་དཀར་དགོན་སོགས་ན་གནས་ལུགས་དང་ཡོངས་སུ་མི་མཐུན་པའི་ཁྲིམས་ཆད་དང་ཉེས་འགེལ་བྱེད་བཞིན་པར་ཡོངས་ཀྱི་ཆེད་དུ་གྲོས་ཆོད་བཞག་ན། དངོས་ཡོད་ཐོག་མིག་རྒྱང་རིང་བོ་དང་ཆོལ་གསུམ་ཆིག་སྒྲིལ་ཟེར་ནའང་ཆུང་ས་འདི་འདྲ་ཞིག་ལ་ཟེར་བ་དེའང་ཤེས་བར་བྱོས་ཤིག

    ཟུར་རྒྱན།

    ངས་ཤེས་གསལ་ལ། མདོ་སྨད་དབུས་རྒྱུན་གྱི་ལས་ཁུངས་དེ་སྔོན་མ་ཞིག་ནས་མི་ཚང་སྐོར་ཞིག་གིས་སྒེར་བདག་ལྟ་བུར་བྱས་འདུག ལོ་སྔོན་མར་ང་ལས་ཞོར་ཞིག་ཏུ་སྟབས་ཁེལ་ནས་མདོ་སྨད་ཀྱི་ལས་བྱེད་མི་སྣ་ཞིག་འོས་བསྡུ་བྱེད་བཞིན་པ་དང་འཕྲད་བྱུང་། ཚོགས་ཁང་ཆུང་ཆུང་དེར་མི་ཁ་ཤས་ལས་མི་འདུག་ལ་དེ་ཚོ་ཚང་མའང་ཁོ་རང་ཚོའི་བཟའ་མི་ཉེ་འབྲེལ་འཁོར་དང་བཅས་པ་རེད། གནས་ཚུལ་བདེན་པ་ཡིན་མིན་ལོ་སྔོན་མའི་རྒྱུན་ལས་ཁག་ལ་དྲིས་ན་ཤེས་ངེས་ཡིན།

    དེ་བཞིན་ལོ་ངོ་མང་བོར་མདོ་སྨད་དབུས་རྒྱུན་ཟེར་བ་དེ་འདས་པོ་མི་རྒན་འཇིགས་མེད་ཀྱི་ཆབ་སྲིད་ཚོགས་པ་ལྟ་བུ་ཞིག་ཏུ་གྱུར་མྱོང་ཡོད། དེར་བརྟེན། ཆོལ་ཁའི་མིང་དེ་ཁུར་ནས་སྤྱི་ཚོགས་ནང་གནས་ཚུལ་འདྲ་མིན་སྤེལ་ནས་དཀྲུགས་ཤིང་བརྒྱབས་ཡོད་པ་མ་ཟད་ཐ་ན་མི་ཁ་ཤས་མདོ་སྨད་སྐྱིད་སྡུག་ནས་ཕྱིར་ཕུད་གཏོང་རབས་ཀྱང་བཤད་མྱོང་ཡོད། གནས་ཚུལ་དེ་དག་ཚང་མས་ཁ་ནས་མ་བཤད་པ་མ་གཏོགས་སེམས་ན་ཁྲིག་ཁྲིག་ཡིན་ཁོ་ཐག་ཡིན།

    སྔོན་མའི་སྤྱི་འཐུས་ཀྱི་འོས་ཤོག་སྐབས་སུ་ཡང་མདོ་སྨད་དབུས་རྒྱུན་འདི་མི་སྒེར་ཁ་ཤས་ཀྱི་དབང་ཤུགས་དང་ལྟ་བའི་འོག་ཏུ་ཤོར་ནས་སྤྱི་ཚོགས་ཆུང་ངུ་འདི་ས་དཀྲུགས་གནམ་དཀྲུགས་བྱེད་ཐབས་བྱས་ཡོད། དེར་བརྟེན། རྡ་རམ་ས་ལའི་མི་ཚང་ཁ་ཤས་འདིས་ནམ་ཡང་མདོ་སྨད་རྒྱ་ཆེའི་མི་མང་གིས་ཚབ་བྱེད་མི་ཐུབ་ཅེས་བཤད་མྱོང་ལ་མུ་མཐུད་བཤད་བཞིན་ཡོད། བོད་སྤྱི་བའི་རྩ་དོན་དང་བོད་ཀྱི་ད་ལྟའི་གནས་བབ་སྐྱོ་བོ་འདི་ལ་ཕན་པའི་བྱ་བ་རེ་སྒྲུབ་ན་ད་མི་མང་གིས་རྒྱབ་སྐྱོར་ལོས་ཀྱང་བྱེད་མོད། སྔོན་ཆད་ཀྱི་འཁྲབ་སྟོན་དེ་ཚོ་མུ་མཐུད་ནས་ཡིན་ཚེ་མི་ངོས་བཟུང་གིས་བོད་ཕྱི་ནང་གཉིས་སུ་བསྒྲགས་ཐག་ཆོད་ཡིན་ནོ།།

  6. ཀརྡོ་གཉེར་ཕྱག་པ་ says:
    2013-03-22 at 1:41 pm

    བསྟན་པ་དངོས་གྲུབ་བམ། བསྟན་དཔལ་དངོས་གྲུབ་གཉིས་ལས། ཚོགས་གཙོ་བསྟན་པའི་དངོས་གྲུབ་ཟེར་བ་བོད་སྐད་ལ་མེད།

  7. སྲིན་པོ་རྫ་རྒན། says:
    2013-03-22 at 1:57 pm

    དྲ་གྲོགས་འཇིགས་མེད་ཐོས་པ་རང་གྲོལ་ནས། ༼མི་མང་གི་ལག་ནས་ཞལ་འདེབས་བསྡུ་ཐབས་ཡིན་པ་གཏན་ཁེལ་རེད། མི་བདེན་བསམ་ན་གྲ་སྒྲིག་ཚོགས་ཆུང་གིས་༧གོང་ས་མཆོག་གི་མིང་བེད་སྤྱད་ནས་ཞལ་འདེབས་མ་བསྡུས་ན་ངས་བཤད་པ་ཡོད་ཚད་རྫུན་ཡིན་ཁྱེད་ཚོས་ལྟད་མི་ལྟོས་ཨ།༽ཞེས་བཤད་འདུག་པ་ཅི་མ་བདེན།

    མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ཀྱིས་གྱ་སྟོན་སྐོར་ལ་གསལ་བཤད་《་ཤམ་བྷ་ལ་ཕོ་ཉའི》་དྲ་ཚིགས་སུ་བཀོད་འདུག་པ་དེའི་ནང་། ༼སྐུའི་གྱ་སྟོན་གྱི་འགྲོ་གྲོན་ཡང་བོད་གཞིས་བྱེས་གཉིས་གཙོ་བོར་གྱུར་བའི་འཛམ་གླིང་སྤྱི་ཡོངས་ནས་ཞལ་འདེབས་གང་བྱུང་བ་དེ་བསྡུ་རྒྱུའི་འཆར་གཞི་ཡོད་ཀྱང་། གོ་སྒྲིག་ཚོགས་ཆུང་གི་ངོས་ནས་འགྲོ་གྲོན་ཐད་ཞིབ་ཚགས་ཀྱི་གནས་ཚུལ་གཞི་ནས་གཏན་འབེབས་གནང་རྒྱུ་ཡིན།༽ཞེས་གསལ་འདུག ཞལ་འདེབས་སློང་རྒྱུ་ཡིན་པ་ནི་གཏན་འཁེལ་ཡོད་པ་རེད་འདུག

  8. འཇིགས་མེད་ཐོས་པ་རང་གྲོལ། says:
    2013-03-22 at 2:16 pm

    གོ་ཐོས་ལ་མདོ་སྨད་དབུས་རྒྱུན་ལ་སྤྱི་དངུལ་ཧིན་སྒོར་འབུམ་གཉིས་ལས་མི་འདུག་ལ་དེ་ཀིརྟི་དགོན་པར་བཅོལ་འདུག་ཟེར། ལོ་རེ་བཞིན་ཆོལ་ཁའི་ཁོངས་མི་ཡོད་ཚད་ཀྱི་ལག་ནས་ཚོགས་དངུལ་བསྡུ་རུབ་བྱེད་བཞིན་པ་དེ་དང་ད་དུང་ཞལ་འདེབས་འའདྲ་མིན་དེ་དག་གང་ཞིག་ཏུ་བརླགས་སོང་བ་རེད།

    ༧གོང་ས་མཆོག་བེད་སྤྱོད་བཏང་ནས་ད་ཐེངས་མ་དངུལ་ཕོན་ཆེན་ཞིག་གསོག་རྒྱུ་ཡིན་པར་གདོན་མི་ཟའོ།། སྙིང་རྗེ་བོད་མི་ཉམ་ཆུང་དད་པ་ཁོ་ནའི་རྗེས་འབྲང་མཁན་སྐོར་ཞིག་སྟོང་བར་བཟོ་རྒྱུ་ཡིན་པ་ཐག་ཆོད།

    སྒོར་མོ་དེ་ཚོ་༧གོང་མཆོག་ལ་ཕུལ་ནས་ཁོང་གི་ཐུགས་དགྱེས་སུ་འཇུག་རྒྱུ་ཡིན་ཟེར་ན་ནི་གད་མོ་ཤོར་བའི་གཞི་རེད་འདུག དེ་མིན་སྟོན་མོ་འུར་འུར་ཟང་ཟིང་ཞིག་བྱེད་རྒྱུ་ཡིན་ཟེར་ན་ཐུབ་བསྟན་ལུང་རིགས་ཀྱིས་གསུངས་བ་བཞིན་འཇིག་རྟེན་ཆོས་བརྒྱད་ཀྱི་དབང་དུ་སོང་བའི་ལུགས་སྲོལ་དེས་༧ཁོང་གི་དགོངས་གཞི་ནམ་ཡང་འགྲུབ་མི་སྲིད་དོ།

  9. ཡ་མ་ཚེ་རིང་། says:
    2013-03-22 at 3:12 pm

    དྲ་གྲོགས་ཚོ། མིང་འདྲ་མིན་སྤྱད་ནས་སྤྱི་ཚོགས་མ་བཀྲུགས་རོགས། ཆོལ་ཁའི་ཞེན་ཁོག་འདི་ང་ཚོའི་ན་ཚ་སྡུག་ཤོས་དེ་རེད། མདོ་སྨད་ཆོལ་ཁ་འདི་དྲང་མོ་ཞུས་ན་ང་ཚོའི་བཙན་བྱོལ་གྱི་མི་ལོ་དྲུག་ཅུའི་རིང་གི་ལོ་རྒྱུས་གཙང་ཤོས་དེ་རེད། ལོ་བཅུ་གྲངས་ཀྱི་སྔོན་ལ་ང་ཚོ་གདན་སའི་ཁོར་ཡུག་ན། ན་ཚ་འདི་ཧ་ལམ་ནད་རྟགས་ཙམ་ཡང་མེད་ཟེར་ན་ཆོག་འོན་ཀྱང་མི་ཁ་ཤས་ཀྱིས་རང་དོན་ཁོག་བཅུག་གི་ཆོལ་ཁའི་མིང་ཁུར་ཏེ་སྤྱི་ཚོགས་ཆུང་ཆུང་འདི་འུར་འུར་ཟིང་ཟི་གཏང་སོང། ད་ང་ཚོས་མི་རེ་ངོ་རེ་ནས་རྣམ་རིག་གྲོང་པོར་བྱེད་རྒྱུ་གལ་ཆེ

  10. ལོ་མ་ལྗང་ཁུ says:
    2013-03-22 at 8:01 pm

    མདོ་སྨད་པའི་གྲོས་ཆོད་རྣམས་ལག་ལེན་ཁེལ་བའི་སྨོན་ལམ་།

  11. ཨ་རིག་དགེ་མཐོང་། says:
    2013-03-23 at 5:16 am

    མདོ་སྨད་དབུས་ལ་སྒོར་འབུམ་གཉིས་ལས་མི་འདུག་ཧཧཧཧཧཧཧ་མ་དགའ་བ་རང་རེད།

  12. དགེ་བསམ། says:
    2013-03-23 at 6:39 am

    མདོ་སྨད་རྒྱུན་ལས་ལ་སྒོར་འབུམ་ལས་མི་འདུག་ཟེར།
    ཧ་ཧ་ཧ་སྒོར་མོ་མ་གཏོགས་མི་མཐོང་མཁན་ཞིག་རེད་འདུག

  13. མགར says:
    2013-03-23 at 6:45 am

    འཇིགས་མེད་ཐོས་པ་རང་གྲོལ་ལགས་ང་ཁྱེད་ལ་ངུ་རྒྱུ་དགོད་རྒྱུ་གཉིས་ཀ་ཡོང་གི

  14. དགེ་བསམ། says:
    2013-03-23 at 6:45 am

    མདོ་སྨད་རྒྱུན་ལས་ལ་སྒོར་འབུམ་གཉིས་ལས་མི་འདུག་ཟེར།
    ཧ་ཧ་ཧ་སྒོར་མོ་མ་གཏོགས་མི་མཐོང་མཁན་ཞིག་རེད་འདུག

  15. སྙིང་དཀར། says:
    2013-03-23 at 7:50 am

    གང་ཞིག་ན་བོད་སྤྱི་ལ་སྨན་པའི་བྱ་བ་བཟང་པོ་ཞིག་སྒྲུབ་ཀྱིན་ཡོད་ན། དེ་ལ་བོད་ཡིག་ཅུང་བྲི་ཤེས་མཁན་དྲ་འབུ་ཚོས་དཀྲུག་ཤིང་དང་གཏོར་བརླག་བྱེད་ཀྱི་འདུག ངོ་མ་བློ་ཕམ་པ་ཞིག་རེད།

  16. སྙིང་དཀར། says:
    2013-03-23 at 8:20 am

    འོ་རེད། མདོ་སྨད་དབུས་རྒྱུན་གྱི་ཚོགས་གཙོས་དབུས་པའི་ཚོགས་མི་ཚོས་ནོར་འཁྲུལ་ཞིག་ལ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་སྐུ་པར་སྒྲོན་སྐབས། བཀུར་འོས་བོད་མི་མང་གི་སྤྱི་འཐུས་ཚོགས་གཙོ་མཆོག་༧གོང་ས་མཆོག་གི་གཡས་ཟུར་དུ་བཞུགས་དགོས་མོད། རྒྱབ་ལོགས་སུ་ཕུད་འདུག་པ་ནི་བློ་ཕམ་དགོས་པ་ཞིག་རེད། འུ་ཅག་ཨ་མདོ་བ་རྣམས་སྣང་བ་མཐོ་དྲགས་ཏེ་གཞན་དག་གོང་བཀུར་བྱེད་རྒྱུ་དགའ་བོ་མེད་པའི་རང་རྟགས་དེ་ཡང་མངོན་འདུག་པས་རྗེས་ཕྱོགས་སུ་འདི་རིགས་ལ་གཟབ་དགོས་པར་མཐོང།

  17. བསམ་ཤེས། says:
    2013-03-23 at 9:41 am

    བཀུར་འོས་མདོ་སྨད་ཀྱི་སྤུན་ཟླ་ཚོ།

    མདོ་སྨད་རྒྱུན་ལས་ཚོགས་འདུའི་ཐོག་བསྔགས་བརྗོད་དང་ལེགས་སོ་སྦྱིན་དགོས་པའི་དོན་ཚན་མང་པོ་འདུག་པས། ཡི་རངས་ཞུ་རྒྱུ་དང་། ཁྱེད་རྣམ་པའི་ལྷག་བསམ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    འོན་ཀྱང་དྭོགས་འདྲི་ཞིག་ཡོད་པས། གུས་པའི་མདོ་སྨད་ཀྱི་གྲོགས་པོ་ཚོས་བསམ་ཚུལ་ཞིག་གསུངས་རོགས། ༧གོང་ས་མཆོག་གི་གྱ་སྟོན་འདི་མདོ་སྨད་ཚོགས་པའི་ངོས་ནས་གཏང་ན། ཆོལ་གསུམ་དང་རྩམ་གཟན་པ་བོད་མགོ་ནག་ཡོངས་ཀྱིས་སྤྱི་པའི་ནོར་བུ་ལ་བརྩི་བཞིན་པའི་གོང་ས་མཆོག་གི་གྱ་སྟོན་འདི་ཆོལ་ཁ་བྱེ་བྲག་ཞིག་གི་མཛད་སྒོར་འགྲོ་ཉེན་ཆེ་བས་གྱ་སྟོན་འདི་ཆོལ་གསུམ་བོད་མི་སྤྱིའི་ངོས་ནས་གཏང་ན་མི་ལེགས་སམ།

    དེ་བཞིན། དབུས་གཙང་དང་ཁམས་པ་སོ་སོས་ཀྱང་གྲ་སྒྲིག་ལོགས་སུ་བྱས་ནས་བཏང་ནས། ང་ཚོའི་ཆིག་སྒྲིལ་ལ་ཏོག་ཙམ་མི་གནོད་དམ།

    ལྷག་པར་དུ་བོད་ནང་ལ་གོང་ས་མཆོག་བོད་མི་སྤྱིའི་དབུ་ཁྲིད་ཞིག་ལ་བཀུར་མུས་ལ། ཕྱི་ཕྱོགས་ལ་ཆོལ་ཁ་སོ་སོའི་ལ་རྒྱའི་ཐོག་ནས་གྱ་སྟོན་ལོགས་ཏུ་གཏང་ནས་ང་ཚོའི་སྤྱི་པའི་ངོ་བོ་ལ་གནོད་པ་ལས་ཕན་པ་ཨེ་ཡོད་བསམ།

    གོང་ས་མཆོག་ལ་མཚོན་ན་ཡང་། ཆོལ་གསུམ་ཡོངས་ཀྱི་རྩ་འཛུགས་འོག་གྱ་སྟོན་ཞིག་འབུལ་ན་ཐུགས་སྤྲོ་བ་མེད་དམ།

    འདི་བསམ་འཆར་ཡིན་པས་དགོངས་བཞེས་ཡོད་པ་ཞུ།

    གཞན་མདོ་སྨད་པ་ཚོས་བོད་ཕྱི་ནང་ལ་ད་བར་ལུས་སྲོག་ཚུན་བློས་བཏང་ནས་བོད་སྤྱི་པའི་བདེ་རྩར་ཐུགས་འཁུར་ཆེ་བཞེས་གནང་བ་འདི་ལ་གུས་པས་བཀའ་དྲིན་རྗེས་དྲན་དང་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ལགས། ལྷག་པར་དུ་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་བསྲེགས་ཐོག་བོད་ཀྱི་བསྟན་སྲིད་ལ་ཞབས་འདེགས་སྒྲུབ་པ་འདི་ལ་ཉིན་ལྟར་ཁོང་རྣམ་པའི་བསམ་དོན་སྒྲུབ་པའི་སྨོན་ལམ་འདེབས་བཞིན་ལགས། ཁ་བརྡའི་མདོ་འཛིན་པ་ཞིག་གིས་གུས་པའི་བསམ་འཆར་དི་གཙོ་ངོས་ཐོག་འགེལ་བར་སྐྱབས་འཇུག་ཞུ་རྒྱུ་དང་སུ་འགེལ་ཡང་གུས་པའི་ཆོག་མཆན་ཡོད་དོ།

    གུས་བསམ་ཤེས་ནས།

  18. བན་དེ་བ། says:
    2013-03-23 at 1:30 pm

    ཀློག་དགོས་པ་དང་ཐུགས་སྣང་དགོས་པའི་སྔོན་བརྡ། ལྡི་ལི་ཉེན་རྟོག་པས་གསར་བསྒྲགས་བྱས་པའི་གལ་ཆེ་བའི་གནས་ཚུལ་ཞིག་ནི། frooti ཧྥུ་ཊྲི་རིགས་སུ་གཏོགས་པའི་ཤིང་འབྲས་ཀྱི་མངར་ཆུ་རྣམས་ཉུང་མཐའ་ལ་ཉིན་གྲངས་ཉེར་ལྔའི་རིང་མ་འཐུང་རོགས་གནང་། གང་ཡིན་ཟེར་ན་བཟོ་གྲྭ་དེའི་ལས་མི་གཉེན་ནད་རེག་དུག་ཅན་ཞིག་གིས་ཁོ་རང་གིས་ནད་ཁྲག་ཤིང་འབྲས་ཁུ་བ་དེའི་ནང་བླུགས་ཡོད་པའི་གནས་ཚུལ་འདུག NDTV ལ་གཟིགས་རོགས། འདི་ནི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་པས་ཀུན་ལ་སྤེལ་རོགས་གནང་། READ AND FORWARD; ALERT!! Important msg from Delhi police to all over India For the next few days atleast 25 days do not drink any product of Frooti,as a worker from the company has added his blood contaminated with AIDS. watch NDTV…Pls frwrd this msg urgently to every one you care.

  19. ལྷོ་མཐའི་ཕོ་ཉ says:
    2013-03-24 at 1:52 am

    གོང་དུ་མདོ་སྨད་དབུས་རྒྱུན་གྱི་ངོས་ནས་བཀོད་བསྒྲིགས་ཞུས་པའི་༸སྐུའི་གྱ་སྟོན་གྱི་སྐོར་དེ་ངོ་མ་ཡག་པོ་འདུག་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དྲ་འབུ་རེ་ཟུང་གིས་ཆོལ་ཁའི་མིང་དང་ཆོལ་ཁ་ལ་ཤ་ཞེན་ཡོད་མདོག་གིས་ད་དུང་བོད་སྤྱི་ཡོངས་ལ་སེམས་རྒྱ་ཆེ་མདོག་གིས་སྐད་ཆ་དགོས་མིན་འདྲ་མིན་བཤད་ཡོད་ཀྱང་དེ་ནི་དགོས་མེད་ཀྱི་རྩོད་རྙོད་གཅིག་རེད་ལ་དེ་ལ་ལན་འབྲི་རིན་མེད་པ་ཞིག་རེད། དེ་ནི་གཙོ་བོ་གྱ་སྟོན་ཟེར་བ་དེ་མདོ་སྨད་མ་གཏོགས་དབུས་དང་ཁམས་ལ་ཧ་ལམ་དེའི་ལུགས་སྲོལ་མེད་པ་ལྟ་བུར་སྣང་བས་དེ་ནི་ཆོལ་ཁ་གཞན་ལ་ཨུ་ཚུགས་ཀྱིས་བྱེད་དགོས་གལ་མ་མཐོང། དེ་མིན་གོང་དུ་དྲ་འབུ་ཞིག་གིས་ཞལ་འདེབས་བསྡུ་རུབ་སྐོར་ལ་ཧ་ཅང་ཚད་ལས་བརྒལ་བའི་གཏམ་འཆལ་ཞིག་སྤེལ་པར་ཧང་སང་དགོས་བ་ཞིག་ཏུ་མ་མཐོང་ཡང་ཁོ་རང་མདོ་སྨད་པ་ཡིན་ཁུལ་གྱིས་ཞལ་འདེབས་བསྡུ་རུབ་སྐོར་ལ་སྐད་ཆ་བཤད་པ་དེ་ཆོལ་ཁའི་བར་ལ་དཀྲུགས་ཤིང་ཡིན་པ་ཐག་གིས་ཆོད་པས་ང་ཚོས་ཉན་འཇོག་དང་ཆ་འཇོག་མ་བྱས་ན་བཟང་སྙམ་པ་ཞིག་མཐོང་སོང། དེ་བས་གལ་ཆེ་བ་ཞིག་ལ་དེ་རིང་ངས་འདི་ནས་ཞུ་འདོད་པ་གཞན་ཞིག་ནི། ད་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལོ་གཅིག་གི་ཚོགས་འདུ་གལ་ཆེན་འདིའི་སྟེང་ན་༼ཉེ་བའི་ཆར་བོད་ཀྱི་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་མྱོང་མཁན། དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གཞུང་དངུལ་སྒེར་ཟ་བྱེད་མཁན་ཞིག་གིས་ ད་ལྟའི་སྐབས་མདོ་སྨད་པ་ཡོངས་ཀྱི་ངོ་ཚབ་ཡིན་མདོག་གིས་སྤྱི་འཐུས་ཀྱི་གྲོས་ཚོགས་ར་བའི་ནང་ན་ད་དུང་མགོ་བོ་མཐོ་རུ་བཏེགས་ནས་སྐད་ཆ་བཤད་ཕོད་པ་དེས་༽ང་ཚོ་མདོ་སྨད་པ་ལ་མཐོང་ཆུང་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་གཙོ་བོ་མདོ་སྨད་དབུས་རྒྱུན་ལས་ཀྱི་ཚོགས་མི་ཚོས་མ་འཇོན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ནི་མདོ་སྨད་དབུས་རྒྱུན་ཚོས་མདོ་སྨད་མི་མང་གི་བསམ་ཚུལ་ལ་ཉན་འཇོག་མ་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ཡིན་ཞེ་ན་ས་གནས་ཁག་ནས་མི་མང་གི་བསམ་འཆར་རྩིས་མེད་བཏང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡིན། ང་ཚོས་སྤྱིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་རིག་པ་སྒྲིམ་ནས་བལྟ་དགོས་པ་ཞིག་ཡིན་ན་ཡང་། ང་ཚོའི་ངོ་ཚབ་ཀྱི་ནང་ན་དེ་འདྲའི་ཞབས་འདྲེན་པ་ཞིག་ད་རུང་གྲོས་ཚོགས་ར་བའི་ནང་ནས་སྐད་ཆ་བཤད་ཕོད་པ་དེས་ང་ཚོ་ནི་ཧམ་པ་ཡོད་མཁན་དང་ངོ་ཚ་མེད་མཁན་ཞིག་ཏུ་བཟོས་བ་དེ་ལ་གཏན་གཏན་བསམ་བློ་གཏོང་དགོས་གལ་ཆེ། ཆོལ་ཁ་གཞན་དང་མ་འདྲ་བ་ཞིག་བྱེད་ན་བྱེད་རན་རེད་སྙམ། དེ་མ་གཏོགས་ཤ་ཚ་མདོག་མདོག་གིས་སྐད་ཆ་གང་བཤད་ཀྱང་ཡིད་ཆེས་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme