Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༡༩༥༩དང་༦༠ནང་༧གོང་ས་མཆོག་གི་ཧིན་ངྷིའི་གསུང་སྒྱུར་གནང་མྱོང་བའི་ཨ་ཁུ་པད་མ།

Posted on 2017-03-252017-03-25 By ཁ་བརྡ་ No Comments on ༡༩༥༩དང་༦༠ནང་༧གོང་ས་མཆོག་གི་ཧིན་ངྷིའི་གསུང་སྒྱུར་གནང་མྱོང་བའི་ཨ་ཁུ་པད་མ།

unnamed—–ནམ་མཁའ།

 
ང་རང་རྒྱ་གར་ལྷོ་ཕྱོགས་ཀྱི་དགའ་ལྡན་དུ་འབྱོར་བའི་ཉིན་ཤས་རྗེས། མགོ་ལ་རྩྭི་ཞྭ་གྱོན་ཞིང་ལག་རྟེན་བཟུང་བའི་རྒན་པོ་ཞིག་ཁང་ཚན་གྱི་གྲྭ་བ་ཞིག་གིས་ཁྲིད་ནས། ང་ཚོར་འཚམས་འདྲི་བྱེད་དུ་སླེབས་སོང་།ཁོས་ཁྱེད་ཚོ་བདེ་མོ་ཡིན་ན།ལམ་བར་ནས་རྒྱ་མིའི་ལག་ཏུ་ཚུད་མ་སོང་ངམ་ཞེས་ང་ཚོར་འཚམས་འདྲི་བྱས་སོང་པས། ང་ཚོས་ཀྱང་ལམ་བར་ནས་དཀའ་སྡུག་ཅི་བྱུང་གསལ་བོར་ཁོང་ལ་བཤད་པ་དེ་རིང་ད་རུང་ཡང་ངའི་ཡིད་ན་གསལ་བོར་འདུག
ངའི་ཡིད་ལ་བག་ཆགས་ཆེན་པོ་ཞིག་བཞག་ཡོད་པའི་རྒྱུ་མཚན་ནི། ལམ་བར་ནས་རྒྱ་མིའི་ལག་ཏུ་ཚུད་མ་སོང་ངམ་ཟེར་བ་འདི་རེད། ང་ཚོ་བྲོས་བྱོལ་དུ་ཡོང་བའི་སྐབས་ཀྱི་སེམས་ཁྲལ་ཆེ་ཤོས་ནི། རྒྱ་མིའི་དམག་མིའི་ལག་ཏུ་ཚུད་ཡོང་སྙམ་པའི་སེམས་ཀྱི་དཀའ་ངལ་དང་འཇིགས་སྐྲག་ཆེ་ཤོས་དེ་རེད།

ཁོའི་ལག་ཏུ་བཟུང་བའི་ཕྲེང་བ་ཟད་པོ་དེ་བསྒྲེངས་ཞོར་དུ། ཅུང་སྐད་གདངས་དམའ་བོ་ཞིག་གིས་ངས་མིག་གིས་མཐོང་གི་མ་རེད་ཟེར། སྐབས་དེར་ཁོ་ལ་སུས་བལྟས་ཀྱང་ཁོའི་གདོང་ན་ཅུང་ཟད་སྐྱོ་ཉམས་ཞིག་ཡོད་པ་མཐོང་ཐུབ་ཀྱི་རེད། ཡིན་ན་ཡང་ཁོའི་གདོང་གི་སྐྱོ་ཉམས་དེ་འཛུམ་མདངས་ཞིག་ཏུ་བསྒྱུར་ཏེ། ང་ཚོ་རེབ་གོང་གི་གོ་རེ་ཡག་ཤོས་དང་ཆོང་བ་ལི་ཞིམ་ཤོས་དེ་ང་ཚོའི་སྨད་པ་སྡེ་བདུན་གྱི་དེ་ཡིན་ན་ཞེས་ཀུ་རེ་ཡི་ཚིག་དང་མཉམ་དུ། ཁོའི་གདོང་ལ་འཛུམ་མདངས་ཞིག་གིས་རྒྱན་ཏེ། ཧ་ཧ་ཞེས་གད་མོ་ཤུགས་ཆེན་ཞིག་བགད་སོང་པས་དེ་རིང་ད་རུང་ཡང་ངའི་རྣ་ལམ་དུ་འདུག

དེ་རིང་ཁོང་ཚེ་ལས་འདས་པའི་གནས་ཚུལ་ཐོས་དུས། སྐབས་དེའི་དགོད་གཏམ་ནང་དྲན་གདུང་དང་སྐྱོ་གདུང་ཟུང་འབྲེལ་ཞིག་ཡོད་པ་ཤེས་ཐུབ་ཀྱི་འདུག ཁང་ཚན་གྱི་གྲྭ་བ་ཚོས་ཨ་ཁུ་པད་མ་ཁྱོད་བདེ་མོ་ཡིན་ན་ཞེས་འཚམས་འདྲི་བྱེད་དུས། ཁོས་གྲྭ་བ་ཚོའི་གདོང་དབྱིབས་མཐོང་གི་མེད་ན་ཡང་། སྐད་གདངས་ལ་ཉན་ཏེ་གྲྭ་བ་རེ་རེའི་མིང་གིས་བཟུང་སྟེ། གྲྭ་བ་ཚོ་ངོས་འཛིན་བྱེད་ཐུབ་ཀྱི་འདུག་པས།ཁོང་གི་མིག་གཉིས་ལོང་པ་ཡིན་ན་ཡང་ཁོའི་དབང་པོ་གཞན་ཚང་མ་ཐང་པོ་ཡིན་པ་མ་ཟད།སེམས་ཚོར་སོགས་རྣོན་པོ་ཞིག་ཡོད་པ་ཡང་རྟོགས་ཐུབ། ལོ་ཟླ་རིམ་འདས་ཀྱིས་ཁང་ཚན་གྱི་གྲྭ་བ་གཞན་ལྟར་ང་རང་ཡང་ཁོང་བཞུགས་སའི་རྒན་གསོ་ཁང་ལ། ཁོམ་པ་གང་ཡོད་སྐབས་ཁོང་ལ་བལྟ་སྐོར་བྱེད་དུ་འགྲོ་གི་ཡོད་པས། ཁོང་བཞུགས་སའི་རྒན་གསོ་ཁང་ནི་མོན་གྷོ་འདོད་རྒུ་གླིང་དུ།བོད་མིའི་གཞི་ཆགས་གྲོང་སྡེ་བརྒྱད་དམ་དགུ་ཡོད་པའི་ནང་ནས་གྲོང་སྡེ་གསུམ་པ་དེ་རེད།

སྤྱིར་མོན་གྷོ་ཊི་འདི་ནི་རྒྱ་གར་གྱི་མངའ་སྡེ་karnartakaཟེར་བ་འདིའི་ཁོངས་སུ་གཏོགས་ཤིང་། མངའ་སྡེ་འདི་ལ་སྐད་དང་ཡི་གེ་ཡང་ལོགས་སུ་འདུག དེ་རིང་གི་དྲན་ཐོ་ཐུང་ངུ་འདིའི་གླེང་གཞི་མིན་ན་ཡང་།འཕྲོས་བཤད་ཀྱི་ཚུལ་དུ་མཚམས་འདིར་བརྗོད་འདོད་པ་ཞིག་ལ།ང་རང་དང་པོར་ལྷོ་ཕྱོགས་སུ་འགྲོ་བའི་སྐབས། གྲོང་ཁྱེར་ཧོབ་ལིའི་ཟེར་བ་དེ་ནས་སྤྱི་སྤྱོད་རླུང་འཁོར་ཞིག་གི་ནང་དུ་བསྡད་དེ་མོན་གྷོ་ཊིར་ཟེར་བའི་གྲོང་ཁྱེར་ཆུང་ཆུང་ཞིག་ལ་སླེབས། དེ་གར་ནས་ང་ཚོ་དགའ་ལྡན་ཕྱོགས་སུ་འགྲོ་མ་ཤེས་བར་ཤིང་སྡོང་ཞིག་གི་འོག་ངལ་གསོ་རྒྱབ་སྟེ་བསྡད་པ་ཡིན།
ངའི་མདུན་ཕྱོགས་སུ་ལྕགས་རྩི་དཀར་བོ་བྱུགས་པའི་ལྕགས་ལེབ་ཞིག་གི་ངོས་སུ། ཚོན་རྩི་དམར་བོས་བྲིས་པའི་ཡི་གེ་འགའ་བོད་ཡིག་འདྲ་བ་ཞིག་མཐོང་པས། ངའི་སེམས་སུ་དགའ་ལྡན་ཕྱོགས་སུ་འགྲོ་སའི་ལམ་སྟོན་ཡི་གེ་བོད་ཡིག་ནང་བྲིས་ཡོད་ས་རེད་སྙམ་སྟེ། ང་རང་དེ་མ་ཐག་ཡར་ལངས་ཏེ་མདུན་དུ་སོང་ནས་བལྟ་དུས། བོད་ཡིག་མ་ཡིན་པ་རྗེས་ནས་ཤེས་མོད།འོན་ཀྱང་བོད་ཡིག་མི་ཤེས་མཁན་ཞིག་གིས་བྲིས་པ་བཞིན། བོད་ཡིག་གི་ཡིག་གཟུགས་འགའ་དང་འདྲ་བ་དཔེར་ན།༼ཙ ཚ ཆ ཉ༽ད་རུང་ཡི་གེ་འགའ་འདུག་བསམ་མོད། ཡིན་ཡང་དེ་རིང་ངའི་ཡིད་ངོགས་སུ་གསལ་བོར་ཞིག་མི་འདུག

ཡིན་་ཡང་། ངས་མཐོང་བའི་ཡི་གེ་དེ་karnartaka ཡི་གེ་ཡིན་ནམ།ཡང་ན༼ཀེ་ལྰ་ར༽ཟེར་བའི་ས་ཁུལ་དེའི་ཡི་གེ་ཞིག་ཡིན་ཕྲན་གྱིས་དེ་རིང་ད་དུང་ཡང་མི་ཤེས་མོད། འོན་ཏེ། སྐབས་དེར་ངའི་འགྲོ་རོགས་ཚོར་གལ་སྲིད་དགེ་ཆོས་རྒྱ་གར་ལྷོ་ཕྱོགས་འདི་གར་སླེབས་ཡོད་ཚེ། བོད་ཡིག་ས་འདིའི་ཡི་གེ་ལ་བལྟས་ནས་བཟོས་ཚུལ་བཤད་ཡོད་སྲིད་ཅེས་སྐད་ཆ་འདི་ལྟར་བཤད་པ་ད་རུང་ཡང་ངའི་ཡིད་ལ་གསལ་བོར་དྲན་ལ། འདི་གར་ཡོ་རུབ་ནས་ཀྱང་སྔོན་ལྷོ་ཕྱོགས་ནས་བསྡད་མྱོང་མཁན་སྐོར་ཞིག་ལ་དེའི་སྐོར་གླེང་མྱོང་མོད། འོན་ཀྱང་ཁོང་ཚོས་དོན་སྣང་བྱས་མ་མྱོང་ཟེར། དགའ་ལྡན་དགོན་པའི་འོག་གི་གྲོང་སྡེ་གཉིས་པའི་འདབས་འབྲེལ་༼ཀོ་སྰོ༽ཟེར་བའི་ས་གནས་དེའི་ནགས་ཚལ་ཞིག་ཡོད་སའི་ཤིང་ནགས་དཀྱིལ་དུ། གྲོག་མཁར་ཆེན་པོ་དེ་འདྲ་ཡང་མང་པོ་མཐོང་རྒྱུ་ཡོད།

གང་ལྟར་ཡང་།ཨ་ཁུ་པད་མ་བཞུགས་སའི་རྒན་གསོ་ཁང་གྲོང་སྡེ་གསུམ་པ་འདིར་རུ། མོན་གྷོ་གཞི་ཆགས་ཀྱི་བོད་གཞུང་གི་ལས་ཁུང་གཞི་མགོན་དང་།བདེ་ལེགས་སྨན་ཁང་གི་ཡན་ལག བོད་གཞུང་སྨན་རྩིས་ཁང་གི་ཡན་ལག འཛིན་རིམ་༡༢་བར་དུ་ཡོད་པའི་བོད་ཀྱི་སློབ་གྲྭ ད་རུང་བཙུན་མའི་དགོན་པ་སོགས་ཡོད་པས། མི་དམངས་འདུ་འཛོམས་བྱེད་སའི་ལྟེ་གནས་ལྟ་བུ་ཞིག་ཏུ་གྱུར་ཡོད་སྟབས། བོད་ཀྱི་ཟ་ཁང་དང་ཚོང་ཁང་འགའ་རེ་ཡང་ཡོད། སྤྱིར་མོན་གྷོ་ཊི་རུ་བོད་མི་གཞི་ཆགས་སའི་གནས་འདི་ནི། རི་བོ་མེད་པའི་ཐང་ཆེན་ཞིག་ཡིན་མོད།འོན་ཀྱང་གནས་དེར་ས་སྒང་ཅུང་ཟད་འབུར་ཡོད་པ་ཞིག་དེའི་མིང་ལ། བོད་མི་ཚོས་༼ནོར་བུ་རི་༽ཞེས་མིང་སྙིང་རྗེ་བོ་ཞིག་བཏགས་ཏེ། སྐུའི་འཁྲུངས་སྐར་སྐབས་བོད་མི་ཚོས་ས་སྒང་དེའི་ཐོག་ནས་བསང་གསོལ་གཏོང་གི་ཡོད།
དགུན་དུས་ཚ་བ་ཆེ་སྟབས་ཐང་ཆེན་དེ་ནས་ཕར་ཐག་རིང་ལ་བལྟ་སྐབས། བྱེ་ཐང་གི་སྨུག་རྒྱུ་མཐོང་བ་ལྟར་ཚ་རླབས་རྒྱུ་བ་མིག་ལམ་དུ་སྣང་ཐུབ། འོན་ཀྱང་དབྱར་དུས་ཆར་ཞོད་སྐབས་ཅུང་ཟད་གྲང་བའི་དུས་སུ་བརྩི་ན་ཡང་། མོན་གྷོ་ཊིའི་ཡུལ་ལྗོངས་སུ་གོས་ཆེན་སྔོན་པོ་ཞིག་ཐང་ལ་བཀྲམས་པ་བཞིན། ཡུལ་ལྗོངས་ཡོངས་སུ་ལྗང་མདོག་གིས་རྒྱན་ཏེ། ཤིན་ཏུ་ཡིད་དབང་འཕྲོག་པ་ཞིག་ཡིན་པས། གྲྭ་བ་ཚོས་ཡོ་རུབ་གླིང་གི་སུད་སི་ལ་སླེབས་ཡོད་ཞེས་དགོད་གཏམ་བཤད་སྲོལ་འདུག

གྲྭ་བ་རྒན་པ་ཚོས་གསུངས་ཚུལ་ལ། དང་པོ་དགོན་པ་འདིར་རུ་གཞི་ཆགས་དུས་སུ་ཤིན་ཏུ་རྫོང་སྟུག་པོའི་ནགས་ཚལ་རེད་ཟེར། མ་ཟད་ཙན་དན་དཀར་བོའི་ལྗོན་ཤིང་ཡང་མང་པོ་ཡོད་པར་བཤད་ལ། ང་རང་ལྷོ་ཕྱོགས་སུ་ཡོད་དུས་ཀྱང་རྒྱ་གར་ཡུལ་མི་ཚོས་སྐབས་རེ་ཙན་དན་དཀར་བོ་ཡིན་ཟེར་ནས་ལྐོག་བཙོང་བྱེད་བཞིན་ཡོད་པ་ཐོས་མྱོང་ཡོད། གང་ལྟར་ཡང་། སྐབས་དེར་ཤིང་ནགས་གཅོད་འབྲེགས་བྱས་ཏེ་དགོན་པ་གསར་རྒྱག་བྱས་ཚུལ་གསུངས་རྒྱུན་ལ་འདུག བོད་མི་སྐྱ་སེར་གཉིས་ཀྱིས་འཚོ་རྟེན་ནི་ཞིང་ལས་ལ་གཙོ་བོ་རྟེན་ཡོད་པས།མ་རྨོས་ལོ་ཏོག་དང་འབྲས་ད་རུང་སྤྲིན་བལ་ཡང་འདེབས་ཀྱི་ཡོད། དེ་ཡང་ཆར་བ་ཁོ་ན་རྟེན་ནས་འདེབས་དགོས། གང་ལྟར་ཡང་མོན་གྷོ་གཞི་ཆགས་འདིར་རུ་བོད་མིའི་གྲངས་ག་ཚོད་ཞིག་ཡོད་མེད་ངས་མི་ཤེས་མོད། འོན་ཀྱང་རྒྱུ་མཚན་ཅི་ཞིག་ཡིན་མིན་ལ་མ་ལྟས་པར་། བོད་མི་ཚང་མས་༼ཨ་ཁུ་པད་མ༽མི་ཤེས་མཁན་ཕལ་ཆེར་ཡོད་ཀྱི་མ་རེད་སྙམ། གཅིག་བྱས་ན་ཁོ་རང་མིག་ལོང་པ་ཡིན་པས་རྒྱུ་མཚན་གྱིས་ཡིན་སྲིད། ད་རུང་གཞི་ཆགས་དེའི་བོད་མི་བྱིས་པ་ཡན་ནས་བཟུང་། ཨ་ཁུ་པད་མ་ཞེས་ཁོང་ལ་བརྩེ་སེམས་ལྷད་མེད་ཞིག་བཅངས་ཡོད་པ་ཡང་སྨྲས་མེད་ཡིན།

ཐེངས་ཞིག་ལ། ང་རང་ཁོ་བལྟ་རུ་འགྲོ་སྐབས་གྲོང་སྡེ་གསུམ་པའི་ཟ་ཁང་ཞིག་ནས། མོག་མོག་སྡེར་མ་གང་ཉོས་ཏེ་ཁོང་ལ་ཁྱེར་སོང་པ་ཡིན། ངས་ཁོང་ལ་ཨ་ཁུ་པད་མ་ཞེས་བོས་མ་ཐག་ཁོའི་ངའི་མིང་གིས་བཟུང་སྟེ་ངོས་འཛིན་བྱས་སོང་། ངས་ཁོང་ལ་ཉོས་པའི་མོག་མོག་བྱིན་ཏེ་ཚ་བོ་ཟ་རུ་བཅུགས་པས། ཁོས་ལག་ཉོབ་བྱེད་ཞོར་མོག་མོག་རྐང་གཅིག་གཉིས་ཞིག་ཟས་རྗེས། ཁོས་ང་ལ་འདི་ལྟར་དྲིས་སོང་།མོག་མོག་འདི་ཟ་ཁང་གི་སྦྱིན་བདག་གི་མིང་གིས་བཟུང་སྟེ་དེའི་ཟ་ཁང་ནས་ཉོས་པ་འདྲ་ཟེར། ཕྲན་གྱིས་ཟ་ཁང་སྦྱིན་བདག་གི་མིང་མི་ཤེས་ན་ཡང་། སྦྱིན་བདག་གི་གཟིགས་དབྱིབས་དང་ཟ་ཁང་ཡོད་སའི་ས་གནས་སོགས་གསལ་བོར་བཤད་དུས། རེད་ཁོ་རེད་ཟེར་ཞོར་རྗེས་ནས་ཁོའི་ཟ་ཁང་ནས་མ་ཉོ། ཤ་རྙིང་པ་ཆགས་ནས་དྲི་མ་ཁ་གི་འདུག་ཟེར་པས། ངའི་སེམས་སུ་རྒད་པོ་ཁོ་ཁ་མང་ཅན་ཞིག་རེད་སྙམ་པ་ལས། ཁོང་ལ་ཅི་ཡང་བཤད་མེད།ཕྱིར་ཁང་ཚན་ལ་སླེབས་ནས་གྲྭ་བ་གྲོགས་པོ་ཞིག་ལ་གནས་ཚུལ་བཤད་དུས། ཁོས་ཀྱང་ཨ་ཁུ་པད་མས་བཤད་པ་བདེན་པ་རེད་ཟེར་པས། ངའི་སེམས་སུ་མོག་མོག་སྡེར་མ་གང་པོ་ཡག་པོ་བྱུང་མི་འདུག་སྙམ་ནས་འགྱོད་པ་དང་ཕངས་སེམས་ཞིག་བྱུང་།

རྒྱུ་མཚན་ནི། སྐབས་དེར་ང་རང་ལྟ་བུ་གདན་སར་འབྱོར་མ་ཐག་པའི་གྲྭ་རྐྱང་ཞིག་ལ། ཟ་ཁང་ནང་ནས་ཤ་མོག་མོག་ཟ་བའི་ཆ་རྐྱེན་དཀོན་པོ་རེད། དེས་རྐྱེན་ངས་ཡོ་རུབ་ནས་དེའི་སྐོར་ཡང་ཡང་གྲོགས་པོ་ཚོའི་མཉམ་དུ་གླེང་མྱོང་ཡོད། ང་རང་ཨ་ཁུ་པད་མ་དང་འབྲེལ་འདྲིས་ཅུང་ཟད་བྱུང་བ་ནས་བཟུང་། ཁོང་གི་མི་ཚེ་ལོ་རྒྱུས་ཀྱི་གླེང་མོལ་ཕྲན་བུ་རེ་བྱས་མྱོང་ཡོད། ཁོང་གིས་དུས་རྒྱུན་མིག་ཤེལ་གྱོན་གྱི་འདུག་པས། ངས་ཁོང་ལ་དྲི་བ་ཞིག་འདི་ལྟར་དྲིས་མྱོང་ཡོད། ཨ་ཁུ་པད་མ། མིག་ཤེལ་འདི་གྱོན་ན་ཅུང་ཟད་མཐོང་བ་ལ་ཕན་ཐོག་ཡོད་དམ་ཞེས་དྲིས་པས། ཁོང་གིས་ལམ་གྱི་དཀར་ཆ་ཅུང་ཟད་ཙམ་མཐོང་གི་འདུག་ཟེར་ཞོར། ཁོའི་སེམས་ཀྱི་སྐྱོ་གདུང་དེ་གདོང་ལ་མངོན་སོང་པས། ངའི་སེམས་སུ་དོན་མེད་ཀྱི་དྲི་བ་འདི་ཅི་ཞིག་ལ་དྲིས་པ་ཡིན་སྙམ་ནས་འགྱོད་པ་ཞིག་སྐྱེས་མྱོང་པ། དེ་རིང་ད་རུང་ཡང་ངའི་ཡིད་ན་འགྱོད་སེམས་ལྟ་བུ་ཞིག་གིས་མནན་འདུག

ཉིན་ཞིག་ཁང་ཚན་གྱི་གྲྭ་བ་ཚོའི་མཉམ་དུ་ཁ་བརྡའི་འཕྲོས་ཞོར་ཞིག་དུ། ཨ་ཁུ་པད་མའི་སྐོར་གླེང་སོང་པས།ཁོང་ཚོས་༡༩༥༩ལོར་བོད་མི་བཙན་བྱོལ་དུ་འབྱོར་མ་ཐག ཨ་ཁུ་པད་མས་༧གོང་ས༧མཆོག་དང་བོད་མིའི་གཞི་ཆགས་སྐྱབས་བཅོལ་བ་ཚོར་ཧིན་ངྷིའི་སྐད་བསྒྱུར་བྱས་ཚུལ་སོགས་གླེང་སོང་ཡང་། དྲང་མོར་བཤད་ན།དེ་དུས་ང་རང་ཡིད་ཆེས་བྱུང་མ་སོང་། ཡིན་ན་ཡང་ངའི་སེམས་སུ་ཨ་ཁུ་པད་མ་ཁོང་ལ་དངོས་སུ་སྐད་ཆ་ཞིག་འདྲི་འདོད་ཤུགས་ཆེན་བྱུང་།
གུང་སེང་ཞིག་གི་གོ་སྐབས་དང་བསྟུན་ནས་ཨ་ཁུ་པད་མའི་སར་སོང་པ་ཡིན། དེའི་ཉིན་མོར་ཁོས་ཀོ་ཐུམ་ནག་པོ་རྒྱབ་ཡོད་པའི་སྒྲ་སྡུད་འཁོར་ལོ་ཞིག་བཟུང་སྟེ། ཧིན་ངྷིའི་སྐད་ཐོག་གསར་འགྱུར་ལ་ཉན་བཞིན་འདུག་པས། ངས་ཁོ་ལ་ཨ་ཁུ་པད་མ་ཞེས་སྐད་བརྡ་འཕྲད་མ་ཐག་ཁོས་ངའི་མིང་གིས་བཟུང་སྟེ། འོ་ནང་ལ་ཕེབས་ཟེར་ཞོར། དེ་རིང་BBCགསར་འགྱུར་ལ་ཉན་པ་ཡིན་མོད། འོན་ཀྱང་དམིགས་བསལ་གྱི་གནས་ཚུལ་གསར་པ་གང་ཡང་མི་འདུག་ཟེར།

སྐབས་དེར་ང་རང་ལ་མཚོན་ནས་བཤད་ན། BBCཟེར་བའི་གསར་འཕྲིན་འདིའི་མིང་ཙམ་ཐོས་པ་ཡང་ཐོག་མ་རེད། བོད་ནང་ཡོད་དུས་གསར་འགྱུར་ལ་ཉན་འདོད་ཚེ། མཚོ་སྔོན་རྒྱང་སྒྲོགས་ཀྱི་གསར་འགྱུར་རེད། དེང་སང་བཞིན་དྲ་རྒྱ་དུས་རབས་མིན་སྟབས། འཛམ་གླིང་གི་གསར་འགྱུར་ལ་ཉན་འདོད་ཀྱང་ཉན་པའི་རང་དབང་མེད་པས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་གསར་འཕྲིན་སོགས་ཀྱི་མིང་ཙམ་ཡང་ཤེས་ཀྱི་མེད། གང་ལྟར་ཡང་ཨ་ཁུ་པད་མ་ཁོ་རང་གིས་ཧིན་ངྷིའི་སྐད་ཡག་པོ་ཞིག་ཤེས་ཀྱི་ཡོད་པ་རྟོགས་ཐུབ་ཀྱང་། ཁོས་ཧིན་ངྷིའི་སྐད་ཅི་ལྟར་སྦྱངས་ཚུལ་ནི་དྲི་བ་ཞིག་ཡིན་པས། ཁོང་ལ་འདྲི་འདོད་བྱུང་སྟེ་དྲིས་པ་ཡིན།

ཡིན་ན་ཡང་།ཨ་ཁུ་པད་མའི་མི་ཚེ་ཡི་སྐྱོ་གར་ཞིག་ནས་མགོ་བརྩམས་ཏེ་འདི་ལྟར་གསུངས་སོང་། བོད་མ་ཤོར་བའི་ཡར་སྔོན་གྱི་ལོ་གྲངས་དེ། དེ་རིང་ཕྲན་གྱིས་གསལ་བོར་ཞིག་མི་དྲན་ཡང་། སྐུ་ཞབས་རབ་གསལ་ལགས་ཀྱིས་ཨ་ཁུ་པད་མའི་མི་ཚེ་ལོ་རྒྱུས་ཞིག་བྲིས་ཡོད་པ་ཟེར་བ་ཐོས་པས། དེར་གཟིགས་ན་གསལ་བོར་ཡོད་ངེས་རེད་སྙམ།
གང་ལྟར་ཡང་། ཁོ་རང་ལྷ་ས་རུ་ཡོད་དུས། རྒྱ་གར་དུ་ལམ་བཟོ་རུ་སོང་ཚེ་གླ་ཆ་ཡག་པོ་རེག་གི་ཡོད་ཚུལ་ཐོས་ཏེ། ཀ་ལི་སྦིག་བརྒྱུད་ནས་རྒྱ་གར་དུ་ཡོང་སྟེ།ལམ་བཟོའི་ལས་ཀ་བྱེད་སྐབས་བྲག་རི་གཏོར་བྱེད་ཀྱི་འགད་རྩས་བཞག་སྟེ། འགད་རྩས་དེ་དུས་ཚོད་ལྟར་གས་འཐོར་མ་བྱུང་པས། ཁོ་རང་ཡང་བསྐྱར་འགད་རྩས་བཞག་ས་དེར་ཕྱིན་ནས་བལྟ་དུས། སྟབས་མ་ལེགས་པར་འགད་རྩས་འཐོར་སྟེ།ཁོའི་མིག་ལ་སྐྱོན་ཤོར་ཚུལ་གསུངས་དུས། ཨ་ཁུ་པད་མའི་གདོང་ལ་སྐྱོ་ཉམས་ཆེན་པོ་ཞིག་གིས་མནན་ཏེ། དུས་ཡུན་ཅུང་ཙམ་ཞིག་གི་རིང་ཚིག་གཅིག་ཀྱང་མི་བརྗོད་པར་བསམ་གཞིགས་ཀྱི་ཀློང་ལ་འཁྱམས་སོང་།

དུས་དེར་ངའི་ཡིད་ལ་འདི་ལྟར་དྲན་མྱོང་ཡོད། གཅིག་བྱས་ན། སྐབས་དེའི་འགད་རྩས་གས་འཐོར་དུ་སོང་བའི་ཉིན་གྱི་ཁོ་རང་གི་ལུས་སེམས་གཉིས་ཀྱི་དཀའ་སྡུག་ཡིད་ལ་དྲན་ཡོད་སྲིད་སྙམ་སྟེ། ང་རང་ཡང་སྐྱོ་སྣང་ཆེན་པོ་ཞིག་བྱུང་། ཡིན་ན་ཡང་ཁོས་དབུགས་རིང་ཞིག་བཏང་སྟེ། ཡང་བསྐྱར་ཡིད་སྐྱོ་བའི་གནས་ཚུལ་མུ་མཐུད་ནས་འདི་ལྟར་གསུངས། ཁྱེད་ཀྱིས་ལྟོས་དང་ཁོའི་གདོང་ལ་ད་རུང་ཡང་རྨ་ཤུལ་ཡོད་པ་རེད་ཅེས་ཟེར་ཞོར་དུ། ཁོས་ལག་པའི་མཛུབ་མོའི་གདོང་ལ་རེག་ནས་བསྟན་སོང་མོད། འོན་ཀྱང་གསལ་བོར་མ་བལྟས་ཚེ་རྨ་ཤུལ་ཡིན་པ་རྟོགས་དཀའ་བར་འདུག
ཁོ་རང་ལ་རྨས་སྐྱོན་བྱུང་རྗེས་སུ་རྒྱ་གར་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་པའི་སྐབས། ཕྱི་རྒྱལ་བཟའ་མི་གཉིས་ཀྱིས་ཁོ་ལ་རོགས་རམ་གནང་སྟེ། མིག་ལོང་པའི་སློབ་གྲྭ་བསྐྱལ་བ་རེད་ཟེར། མིག་ལོང་པའི་སློབ་གྲྭའི་ནང་ཁོ་རང་གིས་ཧིན་སྐད་སྦྱངས་པ་ཡིན་ཟེར་པས།ཁོའི་སྐབས་དེར་མིག་ལོང་པ་ཚོས་ཧིན་ངྷའི་སྐད་ཡིག་སྦྱངས་བཞིན་པའི་པར་ཞིག་ཕྲན་ལ་བསྟན་སོང་། པར་དེ་ནི་ཤོག་བུའི་ཐོག་ཁབ་ཀྱིས་གཙགས་ཏེ་ཡིག་གཟུགས་འབུར་དུ་ཐོན་ཡོད་པ་དེ་ལ་ཁོའི་མཛུབ་མོས་རེག་སྟེ། ཧིན་ངྷིའི་ཡི་གེ་ངོས་འཛིན་བྱེད་བཞིན་ཡོད་པའི་པར་ཞིག་རེད། པར་དེ་མཐོང་རྗེས་མིག་ལོང་པ་ཚོས་ཡི་གེ་སློབ་ཐབས་ཡག་པོ་ཞིག་ཡོད་པ་རྟོགས་ཤིང་། དེ་དང་མཉམ་དུ་ང་རང་བྱིས་པ་ཡིན་དུས་ཀྱི་ངའི་རྩེད་རོགས་ཞིག་ཡིད་ལ་དྲན་སོང་། ངའི་གྲོང་སྡེ་རུ་ཁ་གྲགས་མི་ཤེས་བའི་ངའི་རྩེད་རོགས་ཞིག་ཡོད། ཁོ་རང་གིས་ཁ་གྲགས་མི་ཤེས་ན་ཡང་རྣམ་རིག་ཧ་ཅང་སྦྱང་པོ་ཞིག་ཡོད་པས། ཁ་གྲགས་མི་ཤེས་བའི་ལྐུགས་པ་དེ་འདྲ་ལ་ཡི་གེ་སློབ་སྟངས་ཞིག་ཡོད་མེད་དྲིས་པ་ཡིན། ཁོས་ཡོད་པ་རེད་གསུངས་པ་ལས་ཅི་ལྟར་བསླབས་ཀྱི་ཡོད་མེད་གསུང་མ་སོང་།

ཁོས་ཕྲན་ལ་བསྟན་པའི་ཧིན་ངྷིའི་ཡི་གེ་སྦྱངས་བཞིན་པའི་པར་དེའི་མཉམ་དུ། ད་རུང་མིག་ལོང་པ་ཚོར་ལག་ཤེས་བསླབས་བཞིན་པའི་པར་ཞིག་འདུག དེ་ནི་འགྱིག་སླས་འཐག་པའི་པར་ཞིག་རེད། འགྱིག་སླས་དེ་འཐག་བྱེད་ཀྱི་ཅ་ལག་ནི། ལྕགས་འབིག་གི་རྩེ་མོ་དབྱིབས་འདྲ་མིན་ཡོད་པ་ཞིག་རེད། ངས་ལྕགས་འབུག་དེ་དག་མཐོང་དུས།ངའི་ཕ་ཡུལ་གྱི་ཨ་མྱེས་རྒན་པོ་ཚོ་དྲན་སོང་། ངའི་གྲོང་སྡེ་ཡི་ཨ་མྱེས་ཚོས་ཀོ་ལྷམ་བཙེམས་ཀྱི་ཡོད་པས། ཀོ་ལྷམ་བཙེམས་བྱེད་ཀྱི་འབིག་དང་གཅིག་མཚུངས་རེད། ཨ་མྱེས་ཚོར་འབིག་རེ་རེ་ལ་ཡང་མིང་མི་འདྲ་བ་རེ་ཡོད་ལ། ཀོ་ལྷམ་དེ་དག་ནི་འབྲོག་པ་ཚོས་ཉོ་གི་ཡོད། རྒྱུ་མཚན་ཅི་ཡིན་མི་ཤེས་མོད། འོན་ཀྱང་ངའི་ཨ་ཕ་ལགས་ཀྱི་མི་རབས་ནང་ཀོ་ལྷམ་བཙེམས་མཁན་མི་གཅིག་གཉིས་ཙམ་མ་གཏོགས་མེད་པས་རིམ་གྱིས་སྲོལ་རྒྱུན་ལག་ཤེས་དེ་ཉམས་མས་སུ་ཕྱིན་འདུག

གང་ལྟར་ཡང་། ཨ་ཁུ་པད་མས་འགྱིག་སླས་ཀྱི་རྐུབ་སྟེགས་སོགས་བཟོས་ཏེ་བཙོང་གི་ཡོད་ཟེར། མ་ཟད་ཁོའི་ཤག་ན་ཡོད་པའི་འགྱིག་སླས་རྐུབ་སྟེགས་དབྱིབས་གོར་གོར་ཅན་འགའ་བརྩེགས་ནས་བཞག་ཡོད་པ་ཕྲན་ལ་བསྟན་སྟེ། མི་ཞིག་གིས་ཁོ་ལ་རྐུབ་སྟེགས་འགའ་བཟོ་བར་མངགས་བཅོལ་བྱས་སོང་ཟེར། རྐུབ་སྟེགས་འཐག་བྱེད་ཀྱི་འགྱིག་ཐགས་ཀྱི་མཚོན་མདོག་འདྲ་མིན་ཕན་ཚུན་སྡེབས་ནས་བཟོས་ཡོད་སྟབས། མིག་ལོང་པ་ཞིག་གིས་བཟོས་པ་རེད་ཟེར་ན། ཡིད་ཆེས་བྱེད་དཀའ་བའི་མིག་དབང་འཕྲོག་ཐུབ་པའི་མཛེས་སྡུག་ལྡན་པ་ཞིག་རེད།
ཁོས་ལག་ཉོབ་བྱེད་བྱས་ཏེ་ཉར་ཚགས་ཡག་པོ་བྱས་ཡོད་པའི། ལྕགས་སྒམ་ཆུང་ཆུང་ཞིག་གི་ཁ་ཕྱེ་ནས་ཅ་ལག་འགའ་ཕྲན་ལ་བསྟན་སོང་། དེ་ནི་པར་ངོས་སུ་ཡོད་པའི་འགྱིགས་སླས་འཐག་བྱེད་ཀྱི་ལྕགས་འབིག་དག་རེད། ཁོའི་གདོང་ལ་འཛུམ་མདངས་ཞིག་གིས་རྒྱན་ཏེ། རྗེས་མ་གཞི་བྱེས་མཉམ་འཛོམས་བྱུང་བའི་ཉིན་མོར། ཕ་ཡུལ་ནས་ང་རང་ལྟ་བུའི་མིག་ལོང་པ་ཚོར་ལག་ཤེས་འདི་བསླབས་ཀྱི་ཡིན་ཟེར་པས། སྐབས་དེར་ངའི་སེམས་སུ་གཡོ་འགུལ་ཆེན་པོ་བྱུང་སོང་པས།དེ་རིང་ད་རུང་ཡང་བརྗེད་མེད་པར་ཚོར་བ་དེ་ཁ་སང་བྱུང་བ་ལྟ་བུ་ཞིག་རེད།

ཨ་ཁུ་པད་མས་ཕྲན་གྱི་ལག་ཏུ་བཞག་ཡོད་པའི་པར་དེ་དག་གི་ཁྲོད་དུ་དོན་སྣང་ཆེན་པོ་བྱུང་བ་ཞིག་ལ། མགོ་ཡི་སྐྲ་ལོ་ནག་ཅིང་མིག་ཤེལ་ནག་པོ་གྱོན་པའི་ཕོ་གསར་རྫིག་པོ་ཞིག་དང་། དེའི་མཉམ་དུ་རྒྱ་གར་བ་ཞིག་ཡར་བཞེངས་ནས་བསྡད་འདུག་ལ། ཁོང་གཉིས་ཀྱི་རྒྱབ་ལོགས་སུ་རྒྱ་གར་མང་པོ་ཞིག་གིས་ཧ་ལས་མདོག་གིས་མི་ཚོགས་ཁྲོད་ལྟད་མོ་བལྟས་ནས་ཡོད་པའི་པར་ཞིག་རེད། པར་དེ་ནི་ཨ་ཁུ་པད་མས་བཤད་ཚུལ་ལ། ཁོ་རང་གིས་བོད་མི་བཙན་བྱོལ་བ་ཚོར་ཧིན་ངྷིའི་ནས་སྐད་བསྒྱུར་བྱེད་བཞིན་པའི་པར་ཞིག་རེད་ཟེར། མ་ཟད་ད་རུང་ཁོས་༧གོང་ས༧མཆོག་གི་ཧིན་ངྷིའི་གསུང་བསྒྱུར་ཡང་ཐེངས་འགར་ཞུས་མྱོང་ཡོད་ཟེར་ཞོར། ཁོ་རང་བཞད་མོ་བཞད་དེ་ང་རང་གིས་ལྷ་ས་བ་བཞིན་ཞེ་ས་རྒྱག་ཤེས་ཀྱི་ཡོད་པ་མ་རེད། དེང་སང་བསམ་བློ་བཏང་ན་སྐབས་དེར་ག་འདྲ་ཞིག་བྱུང་ཡོད་དམ་ཟེར།
སྐབས་ཐོག་དེར་ཕྲན་གྱི་སེམས་སུ་གོ་བརྡ་འཕྲོད་སོང་ན་འགྲིག་གི་རེད་བསམ་པ་ལས། གཞན་དམིགས་བསལ་ཞིག་ཡིད་ལ་དྲན་མ་སོང་མོད། འོན་ཀྱང་དེ་རིང་རང་ཐོག་ལ་སྐོར་ནས་བསམ་བློ་ཞིག་བཏང་ཚེ། ཕྲན་ཡོ་རུབ་ལ་སླེབས་མ་ཐག་དབྱིན་ཅིའི་སྐད་ཐེབ་ཆགས་ཞིག་མ་གཏོགས་ཤེས་ཀྱི་མེད་པས། སྐབས་དེར་བོད་སྐད་ཀྱི་སྐད་བསྒྱུར་ཞིག་བྱེད་མཁན་རོགས་པ་ཞིག་ཡོད་ཚེ། ཕན་ཐོག་བྱུང་བ་ནི་སྨྲས་མ་དགོས་པ་ཞིག་རེད། ཐ་ན་དབྱིན་ཅིའི་སྐད་ཡིག་ནང་སྐད་བསྒྱུར་ཞིག་བྱུང་ན་ཡང་བཀའ་དྲིན་ཆེན་པོ་རེད་ཐེངས་མང་དྲན་མྱོང་ཡོད་པས། ༡༩༥༩དང༦༠ནང་བཙན་བྱོལ་བོད་མི་ཚོར་ས་གཞི་དང་གནམ་མ་གཏོགས་ངོ་ཤེས་མེད་པའི་དུས་སུ། མིག་ལོང་པ་ཞིག་གི་ཚོད་ནས་བཤད་ན་བཙན་བྱོལ་བོད་མི་ཚོར་ཞབས་ཞུ་སྒྲུབས་འདུག་སྙམ།

ཡིན་ན་ཡང་སྐབས་དེའི་བོད་མི་ཚོའི་ནང་དུ། མིག་ལོང་པ་ཞིག་གིས་ཕན་ཐོག་བྱུང་སོང་བསམ་སྟེ། ཨ་ཁུ་པད་མ་བརྗེད་མེད་མཁན་མི་གཅིག་མ་གཏོགས་ཡོད་པ་མ་རེད། དེ་ནི་༧གོང་ས༧རྒྱལ་བ་རིན་པོ་ཆེ་གཅིག་པོ་རེད་ལབ་ན་མི་འགྲིག་ཅི་ཡང་མི་འདུག ༧གོང་ས༧རྒྱལ་བ་རིན་པོ་ཆེ་ཡིས་དེའི་སྐོར་ནས་བཀའ་སློབ་ཐེངས་ཁ་ཤས་གསུངས་པ་ཐོས་མྱོང་།
ང་རང་ཁོམ་སྐབས་རེ་ཡོད་དུས་ཨ་ཁུ་པད་མ་ལ་སྐོར་རྒྱགས་ཐེངས་རེ་རེ། ཁོ་ཕ་ཡུལ་དུ་འགྲོ་འདོད་ཀྱི་འདུན་པ་གླེང་བ་ནི་གྲངས་མེད་པ་ཞིག་ཡིན་ལ། ཨ་ཁུ་པད་མ་ཁོ་རང་སྐྱེས་སའི་ཁྱིམ་ཚང་གི་སྒོ་ཡང་ཕྱོགས་གང་དུ་འཁོར་ཡོད་མེད་ཡང་ཁོའི་ཡིད་ན་གསལ་བོར་འདུག་ཅེས་བཤད་མྱོང་ཡོད། ཨ་ཁུ་པད་མས་ཕྲན་ལ་དུས་རྒྱུན་ཏུ་འདི་ལྟར་གསུངས་མྱོང་། གཞི་བྱེས་མཉམ་འཛོམས་ཀྱི་ཉིན་ཁྱེད་ཀྱིས་ང་རང་ཕ་ཡུལ་ལ་ཁྲིད་ཟེར་པས། ངས་ཀྱང་ཁས་ལེན་ཐེངས་མང་བྱས་མྱོང་ཡོད་པས། དགའ་འབྲས་གཉིས་ཀྱི་ཕ་ཡུལ་གཅིག་པའི་གྲྭ་བ་མང་པོས་ཕྲན་བཞིན་དུ་ཁས་ལེན་མང་པོ་བྱས་ཡོད་པ་ཐེ་ཚོམ་མེད་པ་ཞིག་ཡིན།

སྐབས་དེར་ཕ་ཡུལ་ན་ཁོ་རང་ལ་གཅུང་མོ་གཅིག་ཡོད་པ་དེ་ད་རུང་ཡང་འཚོ་གནས་ཡིན་ཟེར། གཅུང་མོས་ཨ་ཁུ་པད་མ་ལ་སྐུར་བའི་ཡི་གེ་རྣམས་ཁོ་རང་གིས་འགྱིག་ཁུག་ཞིག་གི་ནང་གཉར་ཚགས་ཡག་པོ་བྱས་ཡོད་པ་ཕྲན་ལ་བསྟན་སོང་པས། ཕལ་ཆེར་ཡིག་ཐུམ་༣༠ཡས་མས་ཞིག་འདུག་སྙམ། མཚམས་རེ་ཕ་ཡུལ་ནས་ཡི་གེ་རེ་འབྱོར་དུས། སྔོན་མའི་ཡི་གེ་དང་མཉམ་དུ་རྒྱབ་ཁུག་ཞིག་གི་ནང་ཁུར་ནས་དགའ་ཀླུ་ཁང་ཚན་དུ་ཁྱེར་ཡོང་སྟེ། ཕ་ཡུལ་གཅིག་པའི་གྲྭ་བ་བོད་ཀྱི་བརྡ་སྤྲོད་རིག་གནས་གཞུང་ལུགས་རྒྱ་ཡིག་དང་བཅས་བ་ལ་མཁྱེན་རྒྱ་ཡངས་པ་ཞིག་ཡོད་པ་དེར་ཀློག་གི་འཇུག་གི་ཡོད་ལ། ཡིག་ལན་ཡང་དགེ་བཤེས་མཆོག་གིས་འབྲི་གི་ཡོད་པ་ཕྲན་གྱིས་ཚར་ཁ་ཤས་མཐོང་མྱོང་།

མི་གཞན་ཚོས་ཨ་ཁུ་པད་མ་ལ་གསོལ་ཇ་མཆོད་ཡ་ལ་རོགས་དངུལ་ཅུང་ཟད་བྱིན་པ་རྣམས། ཁོས་འཕྲོ་བརླགས་སུ་མ་བཏང་བར་གསོག་འཇོག་བྱས་ཏེ། འབྲས་སྤུངས་སྒོ་མང་གི་ཨ་ལགས་ཡོངས་འཛིན་བདག་པོ་རྒྱག་མཁན། བླ་བྲང་གི་ཨ་ལགས་རིག་སྦྲ་ལ་དམ་ཅན་ཆོས་རྒྱལ་གྱི་ཞལ་ཐང་ཆེན་པོ་ཞིག་བཞེངས་སུ་བཅུགས་ཏེ། ཞལ་ཐང་དེར་རབ་གནས་༧གོང་ས༧རྒྱལ་བ་རིན་པོ་ཆེ་ཞུས་པ་ངའི་སེམས་སུ་གསལ་བོར་འདུག་མོད་། འོན་ཀྱང་ང་རང་བརྗེད་ནོར་ཤོར་མེད་ཚེ། ཞལ་ཐང་དེའི་རྒྱབ་ལོགས་སུ་༧གོང་ས༧རྒྱལ་བ་རིན་པོ་ཆེ་ཡིས་ཕྱག་རྗེས་ཆ་ཚང་ཞིག་ཚ་པར་ཕབས་ཡོད་པ་དང་། ད་རུང་ཞལ་ཐང་དེའི་ངོས་སུ་༧གོང་ས༧མཆོག་གིས་མཚན་རྟགས་ཡང་བཀོད་པ་ཞིག་ཕྲན་གྱི་ཡིད་ན་འདུག གང་ལྟར་ཡང་ཞལ་ཐང་དེ་རེབ་གོང་གི་ཚོང་པ་ཞིག་བརྒྱུད་ནས།ཁོ་རང་དང་པོར་ཆོས་སྒོར་ཞུགས་སའི་རེབ་གོང་གི་སྤོས་དཀར་ཐང་དགོན་པར་བསྐུར་སྟབས། སྐབས་དེར་ཁང་ཚན་གྱི་གྲྭ་བ་ཚོས་ཀྱང་ལམ་བར་ནས་ཐར་ཐུབ་མིན་ལ་སེམས་ཁྲལ་བྱུང་མོད། སྟབས་ལེགས་པ་ཞིག་ལ་རྗེས་ནས་ལེགས་འབྱོར་བྱུང་པ་ཐོས་པས་ཁོ་རང་དགའ་སྤྲོ་ཚད་མེད་སྐྱེས་འདུག

ཕལ་ཆེར་ང་རང་རྒྱ་གར་ལྷོ་ཕྱོགས་སུ་འབྱོར་ནས་ལོ་གཉིས་ཀྱི་མཚམས་ཞིག་ལ།གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཡང་སླེབས་ལ་ཉེ་བས། གྲྭ་བ་ཚོ་སློབ་སྦྱོང་གི་བྲེལ་འཚུབ་ཆེ་བའི་སྐབས།ཨ་ཁུ་པད་མ་ལ་གཅིན་འགག་ན་ཚ་ཞིག་བྱུང་སྟེ། ངའི་གྲོགས་པོ་མཁྱེན་རྒྱ་ཡངས་པའི་གྲྭ་བ་ངེད་གཉིས་ཀྱིས་སོ་སོའི་རྩོད་གཞུང་གི་དཔེ་ཆ་རེ་ཁྱེར་ནས། ཨ་ཁུ་པད་མའི་ནད་གཡོག་ཏུ་ཧོབ་ལིའི་མི་དམངས་སྨན་ཁང་དུ་སོང་། དེ་གར་ནད་པ་དང་ནད་གཡོག་མང་པོ་ཡོད་པའི་གཞི་རྒྱ་ཆེ་བའི་མི་དམངས་སྨན་ཁང་ཆེན་པོ་ཞིག་རེད། ནད་པ་མང་པོ་ཡོད་སྟབས་ཉལ་ཁང་མ་རེག་པར་ཁ་ཤས་སྨན་ཁང་གི་སྲང་ལམ་དུ་ཡང་མང་པོ་བསྡད་འདུག

ཕྲན་གྱི་མི་ཚེ་ནང་ཐོག་མ་མཐོང་ནས་ཧ་ལས་པ་ཞིག་ལ། རྒྱ་གར་གྱི་མི་དམངས་སྨན་ཁང་དེའི་ནང་ནད་པའི་འཐུང་རྒྱུའི་སྨན་དང་སྨན་ཁབ་ཉོ་དགོས་པ་ལས། གཤགས་བཅོས་བྱེད་པའི་སྨན་རིན་དང་ཉལ་ཁང་གི་ཁང་རིན་སོགས་སྤྲད་མི་དགོས་པ་མ་ཟད། ད་རུང་ནད་པ་ལ་ཟ་མ་ཡང་རིན་མེད་དུ་སྦྱིན་གྱི་འདུག་པས། ཕྲན་གྱི་སེམས་སུ་དངོས་གནས་མི་དམངས་ལ་ལྟ་སྐྱོང་ཡག་པོ་གནང་གི་འདུག་སྙམ་སོང་། སྐབས་དེར་མཚོན་ནས་བཤད་ན།བོད་ནང་དུ་སྨན་ཁང་ནང་སྨན་ཡོན་སྤྲོད་མི་དགོས་མཁན་རྒྱ་གཞུང་གི་ལས་བྱེད་ཚོ་རེད། ལས་བྱེད་ཚོས་ཀྱང་ཟ་མ་སོ་སོའི་བཀོད་སྒྲིགས་བྱེད་དགོས་པ་ལས་སྨན་ཁང་གཞུང་ན་ཟ་མ་སྤྲོད་ཀྱི་མེད། དེ་མིན་མི་དམངས་དཀྱུས་མ་ཚོས་སྨན་ཡོན་དང་ཉལ་ཁང་རིན་པ་ཆ་ཚང་སྤྲོད་དགོས་པ་རེད། གལ་སྲིད་ཆ་རྐྱེན་མེད་པའི་ཞིང་པའི་ནད་པ་ཞིག་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་དུ་འགྲོ་མི་ཐུབ།

གང་ལྟར་ཡང་། ངའི་གྲོགས་པོ་ནད་གཡོག་ཏུ་འགྲོ་རོགས་གྲྭ་བ་ཁོང་ནི།ཐུགས་གཤིས་འཇམ་ཞིང་ངང་རྒྱུད་རིང་པོའི་བཟོད་བསྲན་ཆེ་བ་ཞིག་ཡིན། ཡིན་ན་ཡང་ཕྲན་ནི་དེ་ལས་ལྡོག་སྟེ་ངང་རྒྱུད་ཐུང་ལ་བཟོད་བསྲན་མི་ཐུབ་པའི་རླུང་ཚ་བོ་ཅན་ཞིག་ཡིན་པས། ཨ་ཁུ་པད་མ་གཤགས་བཅོས་བྱས་ཟིན་པའི་རྗེས། མཚན་དཀྱིལ་ཆུ་ཚོད༣་ཡས་མས་ཙམ་ལ་ཆབ་དྲི་སོགས་ལེན་དགོས་དུས། ཕྲན་གཉིད་མ་སད་ཀྱིས་རླུང་ཚ་བོ་དེ་སྟོན་ཞོར་སྡུག་སྐད་རྒྱག་སྐབས། ཐུགས་གཤིས་འཇམ་པའི་སྐུ་ཞབས་གྲྭ་བ་དང་ཨ་ཁུ་པད་མ་གཉིས་བཞད་མོ་བཞད་ཞོར། ཁྱེད་རང་ཅུང་ཟད་གཉིད་ཁུལ་ཞོག་གསུངས་མྱོང་པས། དེ་རིང་ཁ་ཕྱིར་འཁོར་ནས་བསམ་གཞིགས་རེ་བཏང་ཚེ། ཆུ་ཚོད་སྐར་མ་ཁ་ཤས་ཀྱི་གཉིད་ཙམ་ཡང་བློས་གཏོང་བྱེད་ཐུབ་ཀྱི་མེད་པས་དངོས་གནས་ང་རང་ཅི་འདྲིའི་མི་ཐེབས་ཆགས་ཞིག་རེད་སྙམ་སྟེ། གནོངས་འགྱོད་ཡང་ཡང་སྐྱེས་མྱོང་ཡོད་།

མི་དམངས་སྨན་ཁང་དེའི་ནང་སོ་སོར་སྒེར་ནས་ཐབ་བཟུང་སྟེ་ཟ་མ་བཟོ་ཆོག་གི་མེད་པས། རྒྱ་གར་སྐད་ལ༼ཨེ་སི་ཊོབ༽ཟེར་བའི་ས་སྣུམ་བེད་སྤྱོད་ཀྱི་ལྕགས་ཀྱི་ཐབ་ཆུང་ཞིག་ཡོད་པ་དེ། ཉིན་མོ་རྒྱབ་ཁུག་ཆེན་པོ་ཞིག་ནང་སྦས་ནས་འཇོག་གི་ཡོད་། སྐབས་རེ་མཁྱེན་རྒྱ་ཡངས་ཞིང་ཐུགས་གཤིས་འཇམ་པའི་གྲོགས་པོ་གྲྭ་བ་ཞོགས་པ་ཆུ་ཚོད་ག་དུས་ཞིག་ལ་ཡར་བཞེངས་མིན་ངས་མི་ཤེས་ན་ཡང་། ང་རང་ཞོགས་པ་ཡར་ལངས་དུས་ཐུགས་གཤིས་འཇམ་པའི་གྲྭ་བ་ཁོང་གིས་ང་ཚོ་ཟ་རྒྱུའི་བག་ལེབ་མང་པོ་བསྲེགས་ཟིན་ཡོད། སྐབས་རེ་ཐུགས་གཤིས་འཇམ་ཞིང་མཁྱེན་རྒྱ་ཡངས་པའི་གྲོགས་པོ་ངེད་གཉིས་ཀྱིས་ཨ་ཁུ་པད་མའི་ལག་པ་གཡས་གཡོན་ནས་སྐྱོར་ཏེ་སྨན་ཁང་གི་འཁྱམས་རའི་ནང་སྐོར་གཡེང་བྱེད་དུ་ཁྲིད་ཀྱི་ཡོད་པས། གྲོགས་པོ་མཆོག་གིས་ཀུ་རེ་ཡི་ཚུལ་དུ།ཨ་ཁུ་པད་མ་ཁྱོད་ལ་སེམས་ཁྲལ་ག་རེ་འདུག་ཁྱེད་ལ་སྐུ་སྲུང་གཉིས་ཡོད་པ་རེད་ཟེར་དུས། ཨ་ཁུ་པད་མ་ཁོང་ཡང་གད་མོ་དགོད་ཞོར་ང་རང་གི་གོ་གནས་ཇེ་མཐོ་སོང་པ་རེད་གསུངས་པ་ཡང་དེ་རིང་ངའི་སེམས་སུ་བརྗེད་མི་འདུག

ཉིན་ཞིག་སྨན་ཁང་གི་སྨན་ཞབས་མ་དང་ནད་པ་གཞན་གྱི་ནད་གཡོག་ཚོས། ཨ་ཁུ་པད་མ་ལ་སྐད་ཆ་དྲིས་ཏེ། ངེད་གཉིས་ཁོ་རང་གི་བུ་ཕྲུག་རེད་དམ་ཞེས་སྐད་ཆ་དྲིས་སོང་པས། ཁོས་ཁོང་གི་བུ་ཕྲུག་མ་རེད་ཕ་ཡུལ་གཅིག་པ་རེད་ལབ་དུས། སྨན་ཞབས་མ་ཚོ་དང་ནད་གཡོག་གཞན་ཚོ་ཡིད་ཆེས་བྱེད་མི་འདུག་ཅེས་ངེད་གཉིས་ལ་གསུངས་མྱོང་། གང་ལྟར་ཡང་། ཐུགས་གཤིས་འཇམ་ཞིང་མཁྱེན་དཔྱོད་ཡངས་པའི་གྲྭ་བ་ཁོང་གིས་ལོ་བཅུ་ལྷག་ཡར་སྔོན་ནས་དགེ་བཤེས་ལྷ་རམས་བཏང་རྗེས། ༧གོང་ས༧མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་དུ་ལོ་རྒྱུས་རིང་པོ་ཡོད་པའི་དགོན་པ་ཞིག་གི་མཁན་པོ་བསྐོ་བཞག་བྱས་ཏེ། ཐུགས་བྲེལ་ཆེ་ན་ཡང་ལྷོ་ཕྱོགས་སུ་ཕེབས་ཐེངས་རེ་ཨ་ཁུ་པད་མ་ལ་མཇལ་འཕྲད་དུ་ཕེབས་ཀྱི་ཡོད་གསུངས་པས། མཁན་པོ་་མཆོག་ཨ་ཁུ་པད་མ་ལ་མཇལ་འཕྲད་ཐ་མའི་སྐབས། ངེད་གཉིས་ཀྱིས་ཁོང་གི་ནད་གཡོག་བྱས་པ་ཡང་གླེང་སོང་ཅེས། ཨ་ཁུ་པད་མ་གྲོངས་པའི་ཉིན་ཤས་རྗེས་སུ་༼མཁན་པོ་མཆོག་༽གིས་ཕྲན་ལ་བརྡ་ལན་གནང་དུས་གསུངས་པ་མ་ཟད། ཁང་ཚན་གྱི་གྲྭ་བ་ཚོས་བཤད་ཚུལ་ལ།ཨ་ཁུ་པད་མ་ཁོང་གྲོངས་རྗེས་ཐུགས་དམ་ལ་བདུན་ཕྲག་གཅིག་རིང་བཞུགས་འདུག་ཟེར་པས། ཕྱོགས་གཅིག་ནས་བཤད་ན་སྐྱོ་སྣང་བྱུང་ལ་ཕྱོགས་གཞན་ཞིག་ནས་བཤད་ཚེ། ཐུགས་དམ་ལ་བཞུགས་འདུག་པ་ཐོས་དུས་ཡིད་སྨོན་ཡང་སྐྱེས་སོང་།

ལོ་མང་པོ་ཞིག་གི་རྗེས་སུ་ཕྲན་གྱིས་ཨ་ཁུ་པད་མ་མཉམ་དུ་ཁ་བརྡ་ཐུང་ངུ་ཞིག་བྱས་པ་གླེང་སྟེ། དྲན་ཐོ་ཐུང་ངུ་འདིའི་མཇུག་བསྡུ་རྒྱུ་ཡིན། ཕལ་ཆེར་ལོ་གཉིས་ཀྱི་གོང་དུ་༼མཁན་པོ་མཆོག༽ལྷོ་ཕྱོགས་སུ་ཕེབས་པའི་གོ་སྐབས་དང་བསྟུན། ཕྲན་ལ་སྐད་འཕྲིན་བརྒྱུད་ལམ་ནས་འབྲེལ་བ་བྱས་ཏེ། ང་རང་ཨ་ཁུ་པད་མ་མཉམ་དུ་ཡོད་ཅེས་སྐད་བཞག་འདུག་པས། ངས་ཀྱང་དེ་མ་ཐག་མཁན་པོ་མཆོག་ལ་ཁ་པར་བཏང་སྟེ། ཨ་ཁུ་པད་མ་དང་མཉམ་དུ་གླེང་མོལ་ཕྲན་བུ་ཞིག་བྱས་པ་ཡིན། དེ་དུས་ཨ་ཁུ་པད་མས་༧གོང་ས༧མཆོག་ལ་གཟིམ་ཆུང་མཇལ་ཁ་ཞུས་ཚུལ་དང་། སྐབས་དེར་༧གོང་ས༧མཆོག་ལ་དངུལ་ཡང་གང་ཙམ་ཞིག་ཕུལ་བའི་གྲངས་ཀ་སོགས་བཤད་སོང་མོད། ཐབས་སྐྱོ་བ་ཞིག་ལ། བརྡ་རྟགས་ཡག་པོ་མེད་པས་ཡག་པོ་ཞིག་གོ་གི་མི་འདུག་ཡང་། ཕྲན་གྱིས་ཨ་ཁུ་པད་མ་ལ་ད་ཕ་ཡུལ་ལ་འགྲོ་བའི་རེ་བ་མ་བཅངས་རོགས་ལབ་དུས། ཁོས་ད་ངས་སེམས་ཐག་བཅད་ཚར་བ་ཡིན་ཟེར།དེ་དུས་རྒྱུ་མཚན་ཅི་ཞིག་ཡིན་མིན་མི་ཤེས་མོད། འོན་ཀྱང་ཕྲན་གྱི་སེམས་ཚོར་ཞིག་ལ། ངའི་རྒྱབ་ཀྱི་ཁུར་བོ་ལྗི་མོ་ཞིག་ཐང་ལ་ཕབས་པ་ལྟ་བུ་ཞིག་གི་སྣང་བ་བྱུང་སོང་། གཅིག་བྱས་ན་ཨ་ཁུ་པད་མས་ཕྲན་ལ་ཁོང་ཕ་ཡུལ་དུ་འགྲོ་འདོད་ཡོད་པའི་སྐོར་ཐེངས་མང་གླེང་སྟེ། ཕྲན་གྱིས་ཀྱང་དེ་བཞིན་གཞི་བྱེས་མཉམ་འཛོམས་ཉིན་ཁོང་ཕ་ཡུལ་དུ་ཁྲིད་ཐུབ་པའི་ཁས་ལེན་མང་པོ་བྱས་པའི་རྐྱེན་ཡིན་སྲིད། གང་ལྟར་ཡང་ཨ་ཁུ་པད་མ་མཉམ་དུ་ཁ་བརྡ་བྱས་པའི་དྲན་ཐོ་ཐུང་ངུ་ཞིག་བྲིས་པ་འདིའི་ནང་དུ། ཕྲན་གྱིས་བརྗེད་ནོར་ཤོར་ཏེ་བྲིས་ཡོད་ཚེ། འདས་བོ་ཁོང་དང་ཁོའི་ངོ་ཤེས་རྒྱུས་ཡོད་ཚོར་དགོངས་དག་ཞུ་རྒྱུ་ཡིན།

ངའི་དྲན་ངོགས་ནས་ཡལ་མི་ཐུབ་པའི་ཨ་ཁུ་པད་མ་ལགས།ཕལ་ཆེར་དགུང་ལོ་༩༠བརྒལ་ནས་ང་ཚོ་དང་གཏན་ཏུ་ཁ་བྲལ་སོང་པས། ནང་པའི་གཞུང་ལུགས་ལྟར་ཞེ་དགུའི་ནང་འདིར་བར་དོ་རུ་འཇིགས་སྐྲག་མེད་པར། ཡང་བསྐྱར་བོད་རིགས་ཕ་མ་བྱམས་སེམས་ཅན་གྱི་ཁྱིམ་དུ་སྐྱེས་ཏེ། བོད་མི་རིགས་ལ་ཞབས་ཞུ་སྒྲུབ་ཐུབ་པའི་སྨོན་ལམ་འདེབས་རྒྱུ་ལས་གཞན་ཅི་ཡང་བྱ་ཐབས་མེད་པས། དྲན་ཐོ་ཐུང་ངུ་འདི་ཀློག་མཁན་ཡོངས་ཀྱིས་ཨ་ཁུ་པད་མ་ལ་ཐུགས་སྨོན་སྐྱབས་འཇུག་གནང་རོགས་ཅེས་འབོད་སྐུལ་ཞུ་གི་ཡོད།

སྤྱིར་ང་རང་མི་སྒྱིད་ལུགས་ཅན་ཞིག་ཡིན་པས།དྲན་ཐོ་དང་ཉིན་ཐོ་སོགས་འབྲི་བར་མི་དགའ་མོད། འོན་ཀྱང་ཨ་ཁུ་པད་མའི་དྲན་ཐོ་འདི་བྲིས་པ་ནི། ཁོ་རང་མི་དམིགས་བསལ་ཁྱད་པར་ཞིག་ཏུ་བརྩིས་ཏེ་བྲིས་པ་མ་ཡིན་པར། ཨ་ཁུ་པད་མ་ཕོ་གསར་ལོ་གཞོན་དུས་ནས་འཇིག་རྟེན་ཁམས་ཀྱི་མཛེས་སྡུག་མ་མཐོང་བར། མུན་ནག་གི་འཇིག་རྟེན་ཞིག་གི་ནང་དུ་ལྷུང་ན་ཡང་། བཙན་བྱོལ་བོད་མི་རྒྱ་གར་དུ་འབྱོར་མ་ཐག་མིག་ལོང་པ་ཞིག་གི་ཚོད་ཀྱིས་ཞབས་ཞུ་གང་འཚམས་སྒྲུབས་འདུག་པ་མ་ཟད། གཞི་བྱེས་མཉམ་འཛོམས་ཀྱི་རེ་བའི་ཆུ་རྒྱུན་ཡང་བཞུར་མཚམས་ཆད་མྱོང་མེད་པར། ཕྲན་ལྟ་བུ་ཁོའི་ངོ་ཤེས་མང་པོར་བཤད་མྱོང་ཡོད་ལ། ཕྲན་ལྟ་བུ་མི་མང་པོ་ཞིག་གིས་ཀྱང་ཁོའི་རེ་བ་དེ་སྒྲུབ་པའི་ཁས་ལེན་བྱས་ཡོད་པ་ནི་ཐེ་ཚོམ་མེད་པ་ཞིག་ཡིན།

ཡིན་ན་ཡང་རེ་བ་ཙམ་ལས་ལྟེ་ཁྲག་འཕོ་ས་ལ་རུས་པ་སྤར་གང་པོ་གཏོར་མ་ཐུབ་པས། དེས་རྐྱེན་ཕྲན་གྱིས་ཨ་ཁུ་པད་མ་དང་འབྲེལ་འདྲིས་བྱུང་བའི་རིམ་པ་རྣམས་གོ་རིམ་མེད་ན་ཡང་། ཨ་ཁུ་པད་མས་ཕྲན་ལ་བཅོལ་བའི་རེ་བ་དེ་སྒྲུབ་མ་ཐུབ་པས་དེའི་ཚབ་ཏུ་དྲན་ཐོ་ཐུང་ངུ་འདི་སེམས་པ་སྐྱོ་ཞོར་བྲིས་པ་ཡིན། གོ་ཐོས་ལ་འབྲས་སྤུངས་ཀྱི་གྲྭ་བ་ཞིག་གིས་ཨ་ཁུ་པད་མའི་མི་ཚེ་ཐ་མ་བར་བདག་སྐྱོང་བྱས་ཚུལ་ཞིག་ཐོས་པས། བྱམས་སྙིང་རྗེ་ཅན་གྱི་གྲྭ་བ་ཁོང་ལ་ཡང་ལག་གཉིས་ཐལ་མོ་སྦྱར་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གལ་སྲིད་ཨ་ཁུ་པད་མའི་མི་ཚེ་ལོ་རྒྱུས་ཤེས་འདོད་མཁན་ཚོས། སྐུ་ཞབས་རབ་གསལ་ལགས་ཀྱིས་ཁོང་གི་མི་ཚེ་ལོ་རྒྱུས་བྲིས་པ་དེར་གཟིགས་ན་གསལ་བོར་ཡོད་ངེས་ཡིན།

24/3/2017ཡོ་རུབ་ནས་བྲིས།

དྲན་ཐོ།

Post navigation

Previous Post: རེ་བ་ཅན་ལ་རེ་སྐུལ།
Next Post: ཀླུ་མཁར་བྱམས་ཚེ་ཐར་གཏོང་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme