Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༡༩༣༨ ལོའི་རེབ་གོང་།

Posted on 2010-05-172010-05-17 By དགེ་རབ་ 10 Comments on ༡༩༣༨ ལོའི་རེབ་གོང་།

དགེ་འདུན་རབ་གསལ།
—————————

kaldengyatshoརེབ་གོང་ཞེས་པའི་ས་ཆ་འདི་ལ། སྤྱིར་བཏང་བཤད་ཚུལ་བྱས་ན། རེབ་གོང་ཤོག་པ་བཅུ་གཉིས་དང་། རོང་བོ་དགོན་ཆེན་གྲྭ་ཚང་གསུམ། དགོན་མ་ལག་སུམ་ཅུ་སོ་ལྔ་ཞེས་བཤད་སྲོལ་ཞིག་ཡོད། ད་དུང་། སྦ་རོག་རོག་ཅན་ལ་ཁྲི་སྡེ། ཁང་སྐྱ་ལེབ་ཅན་ལ་ཁྲི་སྡེ། གུར་དཀར་པོ་ཅན་ལ་ཁྲི་སྡེ་ཞེས་ཁྲི་སྡེ་བརྩི་སྲོལ་ཞིག་ཀྱང་འདུག རེབ་གོང་ནང་སོའི་རྒྱུད་ཀྱིས་ཡུལ་དེའི་སྲིད་ཕྱོགས་ཀྱི་དབང་འཛིན་མོད། སྐྱབས་མགོན་སྐལ་ལྡན་རྒྱ་མཚོ་རིམ་བྱོན་གྱིས་ཆོས་སྲིད་ཟུང་འབྲེལ་གྱི་དབང་འཛིན་པ་རེད། ཤར་ཚང་སྐུ་ཕྲེང་པོ་ནི་ཤར་སྐལ་ལྡན་རྒྱ་མཚོ་༼༡༦༠༧-༡༦༧༧༽ཡིན་པ་དང་། སྐུ་ཕྲེང་བདུན་པ་སྐལ་ལྡན་འཕྲིན་ལས་ལུང་རྟོགས་རྒྱ་མཚོ་ ༼༡༩༡༦-༡༩༧༨༽ནི་ཧ་ལམ་དགུང་ལོ་ ༦༢ ཙམ་ལ་རྒྱའི་བཙོན་ཁང་དུ་དགོངས་པ་རྫོགས། སྤྲུལ་སྐུ་འདི་པ་མཁས་པའི་མཁྱེན་རྩལ་རྒྱས་མུར་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེ་དང་ལྷན་དུ་ལྷ་སར་ཐེངས་གཉིས་པར་ཕེབས་ཤིང་། དེ་དུས་ལྟག་མཚེར་རིན་པོ་ཆེས་བཙན་བྱོལ་དུ་ཕེབས་སྐུལ་ཞུས་མོད་ཁོང་གིས། “རེབ་གོང་མི་མང་གིས་ང་ལ་བལྟས་ནས་བསྡད་ཡོད། ངས་རེབ་གོང་མི་མང་གཡུགས་ཐུབ་ཀྱི་མི་འདུག་”ཅེས་གསུངས་ནས་སླར་ཕ་ཡུལ་དུ་ཕེབས་རབས་ལྟག་མཚེར་རིན་པོ་ཆེས་ཞལ་ནས་ཐོས། ད་དུང་རེབ་གོང་དུ་རྨ་ལྷོ་ཀྲིག་ཅེས་པ་བཙུགས་དུས་ཀྲིག་ཀྲང་གི་གོ་གནས་ཀྱང་ཕུལ་འདུག ཡིན་ན་ཡང་། དེ་ནས་བཙོན་དུ་ཚུད་རབས་སོགས་ཀྱི་ལོ་རྒྱུས་ཐད་རྒྱུ་ཆ་དཀོན་པོ་འདུག དེ་མིན་རེབ་གོང་གི་ལོ་རྒྱུས་ནི་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་དང་། དེ་བཞིན་ཆོས་འབྱུང་ཁག་སོགས་མང་དུ་མཆིས།
ma-pu-fangམཱ་པུའུ་ཧྥང་ཞེས་པའི་མི་འདི་ནི་རེབ་གོང་དུ་མི་ཐོག་མང་པོའི་རིང་ཐོས་མྱོང་། དེ་ནི་མི་འདིའི་དམག་གིས་རེབ་གོང་དང་ཨ་མདོའི་ས་ཆ་མང་པོར་ལན་མང་གསོད་བཅོམ་བྱས་པའི་རྐྱེན་གྱིས་ཡིན། མཱ་པུའུ་ཧྥང་ནི་ཟི་ལིང་དུ་སྡོད་པའི་མཱ་ཁྱིམ་རྒྱུད་ནས་ཡིན་ཞིང་། ཁྱིམ་རྒྱུད་འདིས་གོ་མིན་ཏང་གི་སྐབས་སུ་མཚོ་སྔོན་ཕྱོགས་སུ་ཇག་དམག་གི་ཚུལ་གྱིས་དབང་བསྒྱུར་བྱས་ཡོད། མཱ་པུའུ་ཧྥང་ ༡༩༣༧ ལོར་མཚོ་སྔོན་གྱི་སྲིད་སྐྱོང་བ་ཆགས་ཤིང་། ༡༩༤༩ ལོར་རྒྱ་ནག་དེ་དམར་ཕྱོགས་པར་ཤོར་སྐབས་བྲོས་ནས་རིམ་གྱིས་ཐའེ་ཝན་དང་དེ་ནས་སའུ་སྡེ་ཨ་རབ་བྷི་ཡ་ལ་ཕྱིན་ཅིང་། དེར་ཡུལ་དེའི་ཡུལ་མིའི་ཐོབ་ཐང་བླངས་པ་དང་བཅས་མཐའ་མ་དེར་ ༡༩༧༥ ལོར་དེར་གྲོངས་འདུག
མཱ་པུའུ་ཧྥང་གིས་རེབ་གོང་གི་ས་ཆ་མང་པོར་དམག་དྲངས་པ་ལས་ཧོར་རྟེའུ་ཚང་ལ་མཚོན་ན་ ༡༩༣༧ ལོར་དམག་བརྒྱབ་འདུག ཧོར་རྟེའུ་ཚང་ལ་མི་འབོར་ཉིས་སྟོང་ཙམ་ཡོད་པ་དང་། དམག་གི་སྐབས་སུ་རང་ཕྱོགས་ཀྱི་དཔའ་བོ་ ༤༠ ལྷག་གི་ཚེ་སྲོག་ཤོར་བ་དང་། བོད་མི་བྱིས་པ་དང་བུད་མེད་བཅས་པ་ ༥༠༠ ལྷག་བཙོན་པའི་ངོ་བོར་འཁྲིད་འདུག དེ་ནས་ ལུག་ཁྲི་གཉིས་ཙམ། ཟོག་ སྟོང་གཅིག་ལྷག་ རྟ་ལྔ་བརྒྱ་ལྷག་བཙན་འཕྲོག་བྱས་འདུག སྐྱི་གཡའ་བའི་གནས་ཚུལ་མང་པོ་བྱུང་འདུག
དེ་ནས་རེབ་གོང་བློན་ཆེ་ལ་མཚོན་ན་ མཱ་པུའུ་ཧྥང་གི་དམག་གིས་ཐེངས་མང་པོར་དམག་བརྒྱབ་འདུག དེ་ཡང་ ༡༩༣༧ ལོ་དང་། ༡༩༣༩ ལོ། ༡༩༤༡ ལོ། ༡༩༤༢ ལོ་བཅས་སུ་དམག་སྔ་ཕྱི་བརྒྱབ་འདུག རྒྱུ་རྐྱེན་གཅིག་ནི་རང་ཕྱོགས་ཀྱི་དཔའ་བོ་ཚོས་བཙན་ས་སྤྱད་ནས་ཕར་རྒོལ་ཤུགས་ཆེ་བྱས་པ་དེ་ལ་ཐུག་འདུག མཐའ་མ་དེར། གྲོང་དེའི་ཡུལ་མི་ ༡༠༠༠ ལྷག་ཡུལ་བྱོལ་བྱེད་དགོས་ཐུག་འདུག་ཅིང་དཔའ་བོ་མང་པོའི་ཚེ་སྲོག་ཤོར་འདུག
koudeདེ་རིང་གི་ངེད་ཀྱི་བརྗོད་གཞི་ནི་ ༡༩༣༨ ལོར་མཱ་པུའུ་ཧྥང་གིས་རེབ་གོང་ཀོའུ་སྡེ་ལ་དམག་དྲངས་པའི་སྐོར་དེ་ཡིན། གནས་ཚུལ་འདི་ནི་གཙོ་བོར་སྐབས་དེའི་དམག་འཁྲུག་ནང་ཞུགས་པའི་ལོ་ན་ ༡༨ ཅན་གྱི་མཱ་པུའུ་ཧྥང་གི་དམག་མི་ མཱ་བིན་ཏིན་ ཞེས་པས་བྲིས་པའི་ “ཀོའུ་སྡེ་བོད་རིགས་མི་དམངས་མཱ་པུའུ་ཧྥང་གིས་དམར་གསོད་བྱས་པའི་ཟིན་བྲིས།” ཞེས་པ་དེ་ཡིན། དེ་དང་ལྷན་དུ་བོན་རྒྱ་དགེ་ལེགས་རྒྱ་མཚོས་བརྩམས་པའི་འདིའི་སྐོར་གྱི་རྩོམ་ཡིག་གཉིས་བཅས་ལ་གཞི་བཅོལ་བ་ཡིན། རྩོམ་ཡིག་དེ་དག་ནི་ “རྨ་ལྷོའི་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་”ཅེས་པ་ཐེངས་དང་པོ་དེའི་ནང་འཁོད་འདུག དེབ་འདི་བོད་ཡིག་ཏུ་ ༡༩༩༢ ལོར་པར་བརྒྱབ་ཏུ་འདུག འོན་ཀྱང་འདིའི་སྐོར་གྱི་རྒྱ་ཡིག་གི་དེབ་ཀྱང་འདུག་མོད། ཧ་ལམ་གནས་ཚུལ་གཅིག་རེད་འདུག དེ་ནས་མཱ་པུའུ་ཧྥང་གི་སྐོར་ལ་ དེབ་མང་པོ་འདུག དེ་དག་ཀྱང་རིམ་གྱིས་ངོ་སྤྲོད་ཞུ་འཆར་ལགས།
གནས་ཚུལ་འདིའི་ཡོང་རྐྱེན་ནི་ མཱ་པུའུ་ཧྥང་གི་དམག་ཤུགས་ཀྱིས་རེབ་གོང་ཕྲེང་ཡར་ནང་གི་མི་སྣ་གཡོག་ཏུ་བཀོལ་ནས་དམེ་ཤུལ་ནགས་ཚལ་ནས་ཤིང་སྡོང་བཅད་དེ་རོང་བོ་དགུ་ཆུ་བརྒྱུད་ནས་ཟི་ལིང་དུ་དབོར་འདྲེན་བྱས་པ་དང་། དེའི་སྐབས་སུ་མི་ ༣༠ ཙམ་གྱི་ཚེ་སྲོག་ཤོར་འདུག་པ་དང་། རྐྱེན་དེ་ལ་བརྟེན་ནས། ཀོའུ་སྡེའི་དཔའ་བོ་ཚེ་རིང་བྱམས་དང་ཨ་དོ། མགོན་པོ་རྒྱལ། ཚེ་མགོན་སྐྱབས། གུ་བྷ་སོགས་ཀྱིས་གྱེན་རྒོལ་བྱེད་འཆར་གྱི་ཐག་གཅོད་བྱས་སྟབས། འཕྲལ་དུ་ མཱ་པུའུ་ཧྥང་གི་ལས་དོན་ལ་ལམ་ལྷོང་མ་བྱུང་བའི་ངང་མཚམས་འཇོག་བྱེད་དགོས་བྱུང་འདུག
༡༩༣༨ ལོའི་ཟླ་ ༤ ཚེས་ ༣༠ ཉིན་ མཱ་པུའུ་ཧྥང་གིས་རེབ་གོང་ལ་དམག་རྒྱག་དགོས་པའི་བཀའ་བཏང་འདུག “རེབ་གོང་ཁོངས་རོལ་གྱི་ཇག་པ་རྣམས་སྡེབ་ལངས་ཀྱིས་ངོ་ལོག་ཟིང་འཁྲུགས་སློང་གི་ཡོད། ཁོ་ཚོས་རོང་བོའི་སྲང་ལམ་དུ་བོའུ་༼མེ་མདའ་༽བརྒྱབ་པ་དང་ཇི་མི་སྙམ་པར་རྟ་རྒྱུག་དང་རྒྱོབ་སོད་ཀྱི་ཀུ་ཅོས་ངར་མདོག་ཁ་བོ་སྟོན་བཞིན་ཡོད། ་་་ རེབ་གོང་ས་ཆའི་ཟིང་ཆ་ཞི་འཇགས་སུ་གཏོང་བ་དང་དེར་འཐུས་ཤོར་བྱུང་མི་ཆོག་” དེ་འདྲའི་བཀའ་རྒྱ་ཞིག་རེད།
དམག་སྤྱི་མཱ་ཏི་ཧྲིན་ཞེས་པའི་དམག་དཔུང་རྣམས་ ཟླ་ ༥ ཚེས་ ༥ ཉིན་རེབ་གོང་དུ་འབྱོར། དེ་དུས་ཀྱི་འཆར་གཞི་ནི་ཀོའུ་སྡེ་སྡེ་བ་དེ་བསད་ཚར་བ། སྲེག་ཚར་བ། གསོད་ཚར་བ་བྱེད་རྒྱུ་དེ་རེད། དམག་སྤྱིས་ སྐད་བསྒྱུར་བ་དག་བརྒྱུད་ནས་སྡེ་བ་དེ་ལ་མགོ་བསྐོར་གྱི་བརྡ་ཞིག་བཏང་། དེ་ནི་ “མཱ་ཏི་ཧྲིན་གྱི་དམག་དཔུང་གིས་ཁྱོད་ཚོར་དམག་རྒྱག་བསམས་ནས་ཡོང་བ་མིན་པར་མགོ་ལོག་ལ་སོང་ནས་བཅའ་སྡོད་ས་སྲུང་བྱེད་དུ་འགྲོ་རྒྱུ་ཡིན་ཞིང་། འགྲོ་དུས་རོང་བོ་ས་ཆའི་ཤར་ཕྱོགས་ཀྱི་བྲག་འགག་བརྒྱུད་ནས་འགྲོ་རྒྱུ་ཡིན་པས་གོ་འཛོལ་བྱུང་ནས་གདོང་གཏུགས་མི་བྱེད་པ་བྱ་རྒྱུ།”ཞེས་ལན་བསྐུར། དེར་བརྟེན་ཀོའུ་སྡེའི་སྡེ་བའི་བོད་དམག་བརྒྱ་སྐོར་གྱིས་རང་ཡོད་ཀྱི་མཚོན་ཆ་འཁྱེར་ཏེ་བྲག་འགག་སྲུང་དུ་སོང་། དེ་ནུབ་མཱ་དམག་མཚན་བགྲོད་ཀྱིས་སྡེ་བའི་གཡོན་ངོས་ཀྱི་རི་བོར་འཛེགས་ནས་རིམ་གྱིས་མར་བབས། ཚེས་ ༦ ཉིན་གྱི་ཞོགས་ཀ་རེད། ཐོག་མར་ཁོ་ཚོ་ལ་འཕྲད་པ་ནི་ཀོའུ་སྡེ་དགོན་པ་རེད། དམག་དུང་བུས། དེར་དགེ་འདུན་པ་ ༡༩ བཞུགས་པ་རྣམས་བསད། དགོན་པ་མེར་བསྲེགས། དེ་དང་ལྷན་དུ་མེ་མདའ་ཚོད་མེད་དུ་འཕངས། དེ་ནས་ཀོའུ་སྡེའི་སྡེ་བ་ཁག་ལ་དཔུང་འཇུག་བྱེད་དགོས་པའི་བཀའ་བཏང་། ཆུ་ཚོད་ཕྱེད་ཀ་ཙམ་གྱི་རྗེས་ལ་ལུང་ཆུང་དེར་མེ་ལྕེ་དང་དུ་བས་ཁྱབ། བོད་རིགས་བསད་པའི་རྗེས་སུ་ལུས་ཀྱི་གོན་པའང་བཤུས་ཏེ་འཁྱེར། དེ་ནས་མེད་པ་གསུམ་ཞེས་པའི་དམག་ཇུས་ལག་བསྟར་བྱས་པ་སྟེ། དེ་ཡང་། བོད་རིགས་ཀྱི་དམག་མི་མེད་པ། རྨས་མ་མེད་པ། མི་མགོ་མེད་པ་སྟེ་བསད་པའི་རྗེས་སུ་མགོ་བོ་གཅོད་དགོས་པའི་ཁྲིམས་བསྒྲགས། མི་མགོ་རེ་རེ་འཁྱེར་ཡོང་ན་སྒོར་བཅུ་སྤྲོད་པའི་སྲོལ་བཏོད། མཚམས་ཤིག་ལ་ལོ་ངོ་བཞི་བཅུར་སླེབས་པའི་བོད་མི་དྲེལ་དཀར་ལ་ཞོན་པ་ཞིག་བཟུང་། དམག་མི་ཚོས་དེ་འཕྲལ་མི་དེ་མེ་ལྕེ་མཆེད་བཞིན་པའི་ཁྲོད་དུ་འཕངས་ནས་བསྲེགས། koude-forestདེའི་མཚན་མོར་མཱ་པུའུ་ཧྥང་གི་དམག་མི་རྣམས་རིམ་གྱིས་ཐོན། དེ་ནི་ཀོའི་སྡེའི་ནགས་གསེབ་ཏུ་ཡིབ་ཡོད་པའི་བོད་དམག་རྣམས་ལ་འཛིང་ཆེད་རེད། རིམ་གྱིས་གཞུའི་དབྱིབས་ཅན་གྱི་ཀོའུ་སྡེའི་ནགས་རི་དེའི་མཐའ་བསྐོར། དམག་མི་ཡང་གཞུའི་དབྱིབས་སུ་གནས། འདི་ནི་ ཚེས་ ༧ ཉིན་གྱི་ཞོགས་ཀ་རེད། གློ་བུར་དུ་མེ་མདའ་དང་ལག་འབོམ་སོགས་དྲག་ཆར་ལྟར་འཕངས། རིམ་གྱིས་དམག་དཔུང་དེ་ཚོ་ནགས་གསེང་དུ་འཛུལ། གསོད་བཞིན་གསོད་བཞིན་ནགས་གསེང་དུ་འཛུལ། མི་བསད་རིམ་བཞིན་མགོ་བོ་བཅད་ནས་འཁྱེར། བུད་མེད་མང་པོ་ཡང་དེ་ལྟར་བསད། བྱིས་པ་དམར་འབྱར་འགས་ད་དུང་མགོ་བོ་མེད་པའི་ཨ་མའི་ནུ་མ་ནུ་བཞིན་འདུག དེ་ལྟར་མཐོང་ཚད་བསད། རྒྱུ་ནོར་འཁྱེར། མཐར་ཀོའུ་སྡེའི་སྡེ་གཤམ་དུ་ཡོད་པའི་གྱང་སྐྱ་སྡེ་བའི་ནང་དུ་མི་མགོ་བསྡུས་སྐབས་ མི་མགོ་ ༢༢༢ འདུག་ཅེས་འཁོད་འདུག མཐར་རོང་བོ་གྲོང་བརྡལ་དུ་སོང་ནས་མི་མགོ་དེ་དག་ཤིང་སྡོང་ལ་བཏགས་ནས་བཀྲམས། བཀྲམས་ཏེ་སླར་ཉེ་མི་ཚོར་བཙོངས། རིན་གོང་ཆེན་པོར་བཙོངས། མ་མཐར་ཡང་དངུལ་སྒོར་ ༡༠༠ རེ་བྱས་ཏེ་བཙོངས། ཉིན་ཁ་ཤས་ཀྱི་རྗེས་སུ་མི་མགོ་དེ་དག་གི་མང་ཆེ་བ་བླུས་ཟིན་མོད་ད་དུང་བདག་མེད་ཀྱི་མི་མགོ་འགའ་ཤུལ་དུ་ལུས་འདུག ཞག་གཉིས་དང་ཉིན་གསུམ་གྱི་དུས་ཚོད་འདིའི་ནང་། ཀོའུ་སྡེ་སྡེ་བརྒྱད་ཚོ་དགུ་ཞེས་གྲགས་པའི་གྲོང་ཡོངས་རྫོགས་ཐལ་བར་བསྒྱུར། མི་ཕལ་ཆེར་བསད་འདུག
ཨ་ལགས་བོན་རྒྱ་དགེ་ལེགས་རྒྱ་མཚོས། སྐབས་འདིའི་དམག་འཁྲུག་གི་སྐབས་སུ་ ཀོའུ་སྡེ་ཚེ་རིང་བྱམས་སོགས་ཀྱིས་དཔའ་ཆེན་པོས་ཕར་རྒོལ་བྱས་ནའང་། དམག་དཔུང་གི་ཆེ་ཆུང་ལ་ཁྱད་ཤོར་ནས་མཐར་བོད་མིར་ཕམ་ཁ་ཕོག་ཅིང་། “སྡེ་བ་ཆེ་ཆུང་ ༢༤ དང་དགོན་པ་ ༥ མེར་བསྲེགས་པ་དང་གཏོར་བཤིག་བཏང་།” ཞེས་བྲིས་འདུག
གནས་ཚུལ་ཡོང་ཁུངས།
༡ རྨ་ལྷོའི་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་ དེབ་དང་པོ། ༡༩༩༢ ལོའི་ཟླ་ ༥ བར་པར་བཏབ་པ། ༼དེབ་འདིའི་རྒྱ་ཡིག་པར་མ་ཡང་འདུག༽
༢ Ma Pu-fang in Chinghai Province, 1931-1949 , Merrill R. Hunsberger 1978 (དེབ་འདི་ཡང་རྒྱ་ཡིག་ཏུ་དཔར་བསྐྲུན་བྱས་འདུག)

མཆན། གོང་གསལ་གྱི་རྩོམ་ཐུང་འདི་ནི་སློབ་མའི་ཚོགས་འདུ་ཞིག་གི་ཆེད་དུ་དབྱིན་ཡིག་ཏུ་སྤེལ་བ་དེ་སླར་བཅོས་ཤིག་དང་བཅས་འདིར་བཀོད་པ་ཡིན། དགེ་རྒན་ཆེན་མོ་སྤེར་ལིང་གིས་ཡིག་ཆའི་ཐད་རོགས་རམ་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ།

རྩོམ་རིག

Post navigation

Previous Post: རྒྱ་རི་རིན་པོ་ཆེ། ངའི་བསམ་ཚུལ་རྡོག་རྡོག་དེ་འདི་ཡིན།
Next Post: དཔྱད་རྩོམ་འབྲི་དུས་ ཚན་རིག་དང་མཐུན་པར་འབྲི་དགོས།

Comments (10) on “༡༩༣༨ ལོའི་རེབ་གོང་།”

  1. མི་རྐང་གླིང་བུ། says:
    2010-05-17 at 1:20 pm

    ཇག་པ་འདིས་བོད་ཀྱི་ཡུལ་ལུང་མང་པོར་དམག་བརྒྱབ་འདུག་ལ་ཁམས་སྐྱེ་དགུ་མདོར་ཡང་བཙན་འཛུལ་བྱས་འདུག
    ད་དུང་འདིའི་སྐོར་ཡང་ཡང་གླེང་རོགས།

  2. མགོ་རུལ། says:
    2010-05-17 at 7:39 pm

    འདི་ནི་དྲན་རྒྱུ་ལས་རྒྱུ་མང་བའི་འདྲེ་ངན་ཞིག་ཡིན། བྱ་ཁྱུང་གི་བླ་རྒན་འགའི་རྩོད་པ་ངོ་ཚ་བོ་ཞིག་ཀྱང་འདིས་ཏག་ཏག་བཟོས་པའི་གཏམ་རྒྱུད་དགོད་བྲོ་བོ་ཞིག་ཡོད་ཀི

  3. གཞིས་ལུས་བོད་པ། says:
    2010-05-17 at 10:56 pm

    འོ་ཁྱོད་ཀྱིས་འདི་བཤད་ཡོང་དུས། ངས་ན་ནིང་གི་གནས་ཚུལ་ཞིག་དྲན་ཡོང་ཐལ། ན་ནིང་དབྱར་ཁ་ཟི་ལིང་ནས་བླ་བྲང་ལ་ཡོང་། ལམ་བར་ནས་རེབ་གོང་དུ་འགྲོ་དགོས་སྟབས་ཧ་ཡངས་བཟོ་གྲྭ་ལ་ཐོན། དེ་ན་རྒན་མོ(མི་རིགས་གང་ཡིན་མི་ཤེས། )སྤྲང་པོ་ཞིག་འདུག ངས་དེ་ལ་སྒོར་རྡོག་གཅིག་གཉིས་ཤིག་སྦྱིན། རྒན་མོ་དེས་དེ་མ་ཐག་ཏུ་ཁ་ཉི་མ་ལ་འཁོར་ནས། མ་པུ་ཧྥང་ཡེ་ཡེ། ང་ལ་སྒོར་མོ་ཐོབ་ཐལ། བཀའ་དྲིན་ཆེ་ཞེས་རྒྱ་སྐད་ད་མ་དིག་ཅིག་གིས་བཤད་ཀི་འདུག ངས་ཁྱོད་ལ་སྒོར་མོ་སྦྱིན་མཁན་ང་རེད། མ་པུ་ཧྥང་མ་རེད་ཅེས་ལབ། ང་ཚོ་རྣམས་དགོད་རྒྱུ་ཞིག་བྱུང་སོང་། ས་དེ་ལ་མ་ཇག་གིས་ཤུགས་རྐྱེན་མི་འདྲ་བ་ཞིག་བཞག་ཡོད་པ་འདྲ།

  4. tenzin tsomo says:
    2010-05-18 at 2:44 am

    very nice story. mind -blowing.
    plz writting to continues

  5. རྩམ་གཟན། says:
    2010-05-18 at 6:11 am

    བསྟན་འཛིན་མཚོ་མོ་ལགས། ཁྱོད་རང་བོད་ཡིག་འབྲི་མ་ཤེས་ན་འདིར་མ་ཕེབས་ན་ཆོག་ག ད་དུང་མུ་མཐུང་འབྲི་རོགས་ཡིན་ཞིག

  6. Metok ma says:
    2010-05-18 at 6:18 am

    གནད་བསྡུས་ཤར་མར་ྐློག་དགོས་པ་ཞིག་འདུག་པས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཡིན་ནའང་དོགས་འདྲི་ཞིག་འདུག ཧོར་རྟེའུ་ཚང་ཞེས་པ་དེ་ཧོར་དཔོན་པོ་ཚང་ཞེས་པར་བསྒྱུར་དགོས་པ་མིན་འགྲོ། རེབ་གོང་ན་དཔོན་མིང་ཡོད་མཁན་ཚོའི་ཁྲོད་ནས་ཧོར་དཔོན་པོ་ཚང་གིས་མ་ཕུའུ་ཧྤང་ལ་གཡུལ་འགྱེད་གནང་ཚུལ་སྐད་གྲགས་ཡོད་པ་རེད་ལ། ཧོར་རྟེའུ་ཚང་ཧོར་ཚོ་བཞི་གླིང་དྲུག་གི་ཁྱབ་ཁོངས་ཡིན་ཙང་ཧོར་དཔོན་པོ་ཚང་གི་སྐྱོང་ཡུལ་རེད་ཅེས་གོ་མྱོང་ན་རྩོམ་པ་པོས་དེ་དགོངས་ཚུལ་ཡོད་ན་གསུང་རོགས་གནོང་། ད་ལྟ་ལོ་རྒྱུས་ཞིབ་ཚགས་ཤིག་འབྲི་འཆར་འགོ་ཚུགས་ཟིན་པ་ཡིན་རབ་ངོས་ལ་སྨྲས་སྟབས་ངོས་དོགས་འདྲི་འདི་གོ་ཐོས་ཙམ་གྱི་ངོ་བོར་བཞག་ནས་ཉིད་ལ་དྲི་བ་ཞུ་བཞིན་ཡོད། གཞན་མ་པུའུ་ཧྤང་གི་གང་ཟེར་དང་དུ་བླངས་ནས་མི་མང་ལ་གཉའ་གནོན་ཚད་ལས་བརྒལ་བ་བཏང་བའི་དཔོན་པོ་ཁ་ཤས་ཀྱང་ཡོད་རབ་ཐོས་པས། རེབ་གོང་སྤྱི་ལ་མ་པུའུ་ཧྤང་གིས་ཅི་བྱས་གླེང་དགོས་ན་དེ་དག་འཇོག་ཨེ་ཉན། གཞན་ཁྱེད་ཀྱིས་ཧོར་ཙང་འཇིག་གི་མདོ་སྨད་ལོ་རྒྱུས་ཆེན་མོར་གཟིགས་ཨེ་ཡོད། ཁོས་ག་རེ་བྲིས་འདུག ངོས་སྔ་མོར་བསེ་ངག་བཀྲས་མཛད་པའི་འཇམ་བཞད་ལོ་རྒྱུས་ནང་གི་༸རིན་ཆེན་ཚངས་དབྱངས་རྒྱ་མཚོར་དབུ་མེད་པར་གཟིགས་ཚུལ་དེ་རྒྱས་བཤད་སྟོང་བཤད་ཀྱིས། འཇམ་བཞད་དཀར་འདོན་དུ་བསེ་ངག་བཀྲའི་གསུང་ལ་སོར་སྐྱེས་ཕལ་བས་འོལ་ཚོད་ཅི་རིགས་བྱས་འདུག་པ་མཐོང་བས་ཞེད་སྣང་གིས་འདར་ཟུག་ཐེབས་སོང་། ད་ཐེངས་ལྟ་རྒྱུར་དེབ་མེད། གང་ལྟར་ལོ་རྒྱུས་ནང་འཁོད་དགོས་ངེས་ཅན་དེ་དག་ས་མིག་མ་སྟོང་དུ་ཙམ་གནས་ན་ང་ཚོས་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་མིན་འགྲོ། དེ་རིང་དེ་ཙམ་ཡིན། རྩོམ་ཡིག་ཐུང་ཐུང་དེས་ངོས་ལ་དྲན་སྐུལ་ཅིག་བཏང་སོང་། ཡང་བསྐྱར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

  7. རྩེ་སྐར། says:
    2010-05-18 at 7:27 am

    དྲ་གྲོགས་རྩམ་གཟན་ལགས། བསྟན་འཛིན་མཚོ་མོ་ཟེར་བས་བོད་ཡིག་འབྲི་མ་ཤེས་པ་ཡིན་པ་སུས་ཤེས། ཅིག་བྱས་ན་གློག་ཀླད་ནང་བོད་ཡིག་མེད་ན་ཐང་། ཡིན་ནའང་སྐུ་ཉིད་ནས་བོད་ཡིག་གཏག་བཞིན་དུ་བོད་ཡིག་ནོར་བ་བྲིས་ན་ཡག་པོ་མི་འདུག་ད། གཟབ་གཟབ་བྱེད་རྒྱུ་གལ་ཆེན་རེད།
    དགོངས་པ་མ་ཚོམ་ཨ།

  8. chime in italy says:
    2010-05-18 at 8:32 am

    very nice story. i am very interest about it. because. when i was children. my father told about this story. he said that .they are very bad. they killed so many monk my monastery. thank you very much.

  9. སྙན་བཟང་གཡུང་དྲུང་ཚེ་རིང says:
    2010-05-19 at 4:46 pm

    མཱ་ཇག་གིས་རེབ་གོང་ཀོའུ་སྡེ་ལ་དྲག་གནོན་བྱས་པའི་སྐོར། ལྷ་སྡེ་ཤ་བོ་པད་མ་རྒྱལ་གྱིས་བརྩམས་པའི་བོད་སྤྱིའི་ལོ་རྒྱུས་དང་དུས་རབས་གཅིག་གི་རིང་དུ་བྱུང་བའི་ལོ་རྒྱུས་གནད་ཆེན་འགའ་ཕྱོགས་གཅིག་ཏུ་གསལ་པོར་བཀོད་པ་ཤེལ་དཀར་མེ་ལོང་ཞེས་བྱ་བ་བཞུགས་ཞེས་པའི་དེབ་དེའི་ཤོག་ངོས་༢༧༦སྟེང་གསལ་པོར་བྲིས་འདུག་པ་དང་། སྐབས་དེའི་ཀོའི་སྡེ་གནས་སྟངས་ལ་གཞིགས་ཏེ། ཡོངས་འཛིན་བློ་བཟང་དཔལ་ལྡན་ཞབས་ཀྱིས། ཀུན་མཁྱེན་བུ་རྒྱུད་འགའ་མཆིས་ན།།རང་ཕ་གསོད་པའི་དམེ་བོ་འདིའི།།མགོ་བོ་ཟམ་པའི་རུ་མཚོན་གྱི།།དར་དུ་དཔྱངས་ཀྱང་སུ་ཞིག་ཚིམ་ཞེས་མཛད་ཡོད་པ་དེ་ཡིད་ལ་དྲན་བྱུང་། ཚིག་བཅད་འདི་རྩོད་ཡིག་ཅིག་གི་སྐབས་སུ་མཛད་ཡོད་སྙམ་མོད། དོ་དགོང་། ཡོངས་འཛིན་ཚང་གི་གསུང་འབུམ་བར་ཆའི་ནང་དུ་གསལ་བའི་འཇལ་དཔལ་རྣམ་པར་རོལ་བའི་ཏིང་ངེ་འཛིན་ལས་བྱུང་བའི་ལེགས་པར་བཤད་པ་ཆུའི་འཁྲུལ་འཁོར་ཞེས་པའི་རྩོད་ཡིག་ནང་བཙལ་བ་ཡིན་ཏེ་རྙེད་མ་སོང་། གང་ལྟར། དགེ་འདུན་རལ་གསལ་གྱིས་རྩོམ་ཡིག་འདི་སྤེལ་བར་ཐུགས་རྗེ་ཆེ་ཞུའོ།

  10. Metok ma says:
    2010-05-23 at 4:42 am

    སྙན་བཟང་ལགས། ཁྱེད་རང་གསུང་རབ་ཁྲོད་འཁོར་བཞིན་པ་འདྲ། ཨ་ལ་གུ་རེ་ཡིན། གང་ལྟར་ ༡༩༣༨ ལོའི་རེབ་གོང་ཞེས་པའི་ཁ་བྱང་དང་འཐམས་པའི་བརྗོད་བྱའི་ཟབ་ཚད་ཕྱོགས་གཅིག་རྐྱང་བ་སྟེ། མ་ཇག་དང་རེབ་གོང་གི་རི་སྡེ་བྱེ་བྲག་པའི་བར་གྱི་གནས་ཚུལ་ལ་སོང་ངོས་ལྷག་བསམ་ཆེན་པོས་དགེ་རབ་ཚང་གིས་རྩོམ་འདི་ཆ་ཚང་བྱུང་མི་འདུག་ཅེས་ཞུ་རྒྱུ་ཡིན། སྙན་བཟང་ཁྱེད་ཀྱིས་བྱུང་ན། དེབ་དེ་དང་འབྲེལ་ཡོད་གཞན་ཚོ་བསྡུ་རུབ་ཀྱིས་རེབ་གོང་དང་མ་ཇག་ཞེས་པ་གནད་བསྡུས་ཤིག་འབྲི་ཐུབ་བམ། དེ་ནི་བུ་ཕྱི་རབས་པ་ཚོར་དངོས་གནས་ཕན་ས་རེད། འདི་འདྲའི་གནད་འགག་ཁ་ཤས་ཐད་དཔེ་དེབ་ཀྱིས་མ་འདང་བ་ནི་ཅི་འདྲའི་དཀའ་ངལ་ཞིག་མིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme