Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རིག་པའི་མཁས་པ་ཆེན་པོ་ཞིག་ ཁ་སང་ གྲོངས་ཡོད་འདུག

Posted on 2010-12-172010-12-17 By དགེ་རབ་ 16 Comments on བོད་རིག་པའི་མཁས་པ་ཆེན་པོ་ཞིག་ ཁ་སང་ གྲོངས་ཡོད་འདུག

gene-222x300ཇིན་ སི་མི་ཐི་ ༼༡༩༣༦-༢༠༡༠༽ ཞེས་པའི་བོད་རིག་པའི་མཁས་པ་ཆེན་པོ་དེ་ ཁ་སང་ གྲོངས་ཡོད་འདུག བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ ཀྱི་དྲ་རྒྱའི་ཐོག་གསལ་བསྒྲགས་སྤེལ་བ་ལྟར་ན། ཁོང་རེས་གཟའ་མིག་དམར་ཉིན་རྒྱ་གར་ནས་ཚུར་ཕེབས་པ་དང་། གཟུགས་ཁམས་མི་བདེ་བར་ཡོད་མུས་ ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤ པ་ཙམ་ལ་གྲོངས་ཡོད་པ་དང་། ཨ་ལགས་གཟན་དཀར་རིན་པོ་ཆེ་ཡང་ཁོང་གྲོངས་རྗེས་དེར་ཆུ་ཚོད་འགའ་ཡི་རིང་ལྷན་བཞུགས་གནང་ཡོད་པ་རེད་ཅེས་བྲིས་འདུག

ཁོང་ནི་ བོད་རིག་པའི་དཔེ་དེབ་ཀྱི་ཐད་ལ་ མཁས་དབང་བཀྲ་ཤིས་ཚེ་རིང་ ལྟར་རྒྱུས་མངའ་ཆེན་པོ་ཡོད་པའི་སྐད་གྲགས་ཡོད་པ་རེད་ལ། གཞོན་སྐྱེས་བོད་རིག་པ་བ་ཚོས་ རང་གི་ཞིབ་འཇུག་ཐད་ ཁོང་ལ་སློབ་སྟོན་ཞུ་བ་རེད། ཁོང་གི་ཁྱད་ཆོས་གཞན་ཞིག་ནི་ ཁོང་གིས་ཁེངས་དྲེགས་ཆེན་པོ་དེ་འདྲ་མི་གནང་བ་དེ་རེད།
ཁོང་ སྐྱེས་ས་དེ་ནི་ ཨ་མི་རི་ཀའི་ ཡུ་ཊ་མངའ་སྡེ་ཡིན་པ་དང་། ཨ་རིའི་ཡུལ་ནས་ སློབ་སྦྱོང་རིམ་པར་བྱས་ཏེ། མཐར་ ཝ་ཤིང་ཊོན་མངའ་སྡེའི་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་སྐབས་ སྡེ་གཞུང་རིན་པོ་ཆེ་དང་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་མི་སྣ་དག་ལས་བོད་རིག་པར་སློབ་སྦྱོང་བྱས་ཡོད་པ་དང་། ༡༩༦༤ ལོར་འབུམ་རམས་པའི་སློབ་སྦྱོང་གྲུབ་ནས་ ལེ་ཌེན་སློབ་གྲྭ་ཆེན་མོར་ལེགས་སྦྱར་དང་པ་ལི་སློབ་སྦྱོང་བྱས་པ་དང་། ༡༩༦༥ ལོར་ཁོང་རྒྱ་གར་དུ་ཕེབས་ནས་ དགའ་ལྡན་བྱང་རྩེའི་དགེ་བཤེས་ བློ་བཟང་ལུང་རྟོགས་དང་། འབྲུག་པ་ཐུགས་སྲས་རིན་པོ་ཆེ། མཁན་པོ་ནོར་དབྱངས། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་སོགས་བསྟེན་ནས་བོད་ཀྱི་ནང་ཆོས་དང་བོན་གྱི་སྐོར་ལ་སློབ་སྦྱོང་བྱས་འདུག
༡༩༦༨ ལོར་ ཨ་རིའི་དཔེ་མཛོད་ཁང་ ༼ the Library of Congress ༽ཟེར་བའི་ལས་ཀར་ཞུགས་ནས་བོད་ཀྱི་མཐའ་མཚམས་དང་བོད་སྐད་སྨྲ་བའི་སྤྱི་ཚོགས་ཁྲོད་དུ་ཕེབས་ཏེ་ བོད་ཀྱི་དཔེ་ཆ་བསྡུ་གསོག་གི་ཕྱག་ལས་གནང་འདུག དེ་ནས་ མི་ལོ་ ༢༥ ཙམ་གྱི་རིང་ བོད་ཡིག་དཔེ་རྙིང་བསྐྱར་དཔར་གྱི་འཆར་གཞི་དེ་དག་བསྒྲུབས་ཡོད་འདུག ༡༩༩༧ ལོར་ཁོང་ལས་འཁྱུར་ངལ་གསོ་ཞུས་ཏེ་ཨ་རི་ལ་ཡོང་བ་དང་། ཀུན་ཕན་ཐེབས་རྩ་ཚོགས་པ་སོགས་སུ་ཕྱག་ལས་གནང་བ་དང་། ༡༩༩༩ ལོར་ཁོང་གིས་ བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ ཞེས་པ་ ༼ http://www.tbrc.org/༽གསར་འཛུགས་བྱས་ཡོད་པ་རེད་ལ། ལྟེ་གནས་འདིས་ ད་བར་དུ་ བོད་ཡིག་དཔེ་དེབ་ཤོག་གྲངས་ ས་ཡ་བདུན་ ལྷག་ གློག་རྡུལ་ཅན་དུ་ཕབ་བསྒྱུར་ཞུས་ཡོད་པ་རེད་འདུག བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ ལྟེ་གནས་འདི་ལ་ཕེབས་སྐབས་ཤིག་ལ་ “ཇིན་ སི་མི་ཐི་ རིན་པོ་ཆེ།”ཞེས་གསུངས་ནས་ ཁོང་གིས་འདི་ལྟར་ བོད་ཀྱི་དཔེ་དེབ་བསྡུ་གསོག་གནང་ལ་བསྔགས་བརྗོད་རྒྱ་ཆེར་གནང་འདུག
༢༠༠༡ ལོར་ཝེ་སི་ཌོམ་དཔར་སྐྲུན་ཁང་གིས་ ཁོང་གི་དེབ་ “བོད་ཀྱི་བསྟན་བཅོས་ཁྲོད་”ཅེས་པ་དེ་པར་སྐྲུན་ཞུས་ཡོད་འདུག
ལོ་འདིའི་ཟླ་བ་དང་པོའི་རྙིང་མ་སྨོན་ལམ་ཆེན་མོའི་སྐབས་སུ། རྒྱ་བལ་འབྲུག་གསུམ་དུ་འཁོད་པའི་བོད་ཀྱི་དགོན་སྡེ་ ༣༠༠ ལྷག་གི་སྐུ་ཚབ་ཀྱིས་ ཁོང་ལ་ “སྐུ་ཚེའི་མཛད་རྗེས་གཟེངས་རྟགས་”ཤིག་ཀྱང་ཕུལ་ཡོད་པ་རེད་འདུག
ཁོང་གི་ལོ་རྒྱུས་ནི་ རིང་མིན་འགྲེམས་སྤེལ་བྱ་འཆར་གྱི་ “གློག་རྡུལ་ནང་ཆོས་”ཞེས་པའི་ནང་ཡང་འཁོད་ཡོད་འདུག
ཕྲན་རང་ཁོང་ལ་མཐའ་མ་མཇལ་བ་ནི་ ལོ་འདིའི་ ཁེ་ཎ་ཌར་འཚོགས་པའི་བོད་རིག་པའི་ཚོགས་ཆེན་སྟེང་ཡིན་པ་དང་། ཕྲན་གྱིས་ཁོང་ལ་རང་ཉིད་ངོ་སྤྲོད་དང་འབྲེལ། ལོ་ངོ་ བརྒྱ་ཕྲག་གཅིག་གོང་རོལ་དུ་ ཀ་ལི་ཀ་ཏ་ ཁུལ་དུ་ཤུགས་ཆེར་འཕེལ་བའི་བོད་ཡིག་དཔར་སྐྲུན་གྱི་ཐད་ལ་ དྲི་བ་འགའ་ཡོད་པ་དང་། ཕྱིས་སུ་འབྲེལ་བ་བྱེད་རྒྱུ་ཡིན་ཞེས་ཞུས་པ་ཡིན། འོན་ཀྱང་དེ་འདྲའི་གོ་སྐབས་མ་བྱུང་བ་རེད།
ཁོང་ གི་གྲོགས་པོ་ཞིག་གིས་ འདི་སྐོར་གྱི་གནས་ཚུལ་གསལ་བསྒྲགས་ཤིག་བཏང་བའི་ནང་འདི་ལྟར། “བོད་རིག་པའི་མཁས་པའི་ཀ་ཆེན་ཞིག་གྲོངས་པ་རེད།”ཅེས་བྲིས་འདུག
ཁོང་ལ་འབྲེལ་འདྲིས་ཟབ་པའི་བོད་རིག་པའི་མཁས་པ་སྐོར་ཞིག་ཡོད་པ་དག་གིས་ཀྱང་། ཁོང་གི་ལོ་རྒྱུས་སོགས་རིམ་གྱིས་སྤེལ་ངེས་རེད། འདི་ནི་གསར་འགྱུར་གྱི་ཆེད་དགེ་འདུན་རབ་གསལ་གྱིས་ཕྱོགས་སྒྲིག་ཞུས་པ་ལགས།

གསར་འགྱུར།

Post navigation

Previous Post: ང་ལ་དགྲ་མེད། – ལིག་ཞོ་པོ།
Next Post: ངས་འཆི་བ་གླེང་། གྲོགས་ལ་འཆི་བརྡ་འབྱོར།

Comments (16) on “བོད་རིག་པའི་མཁས་པ་ཆེན་པོ་ཞིག་ ཁ་སང་ གྲོངས་ཡོད་འདུག”

  1. ཚངས་དབྱངས། says:
    2010-12-17 at 1:30 pm

    རབ་གསལ་ལགས་ཀྱིས་གསུངས་པ་བཞིན། མཁས་དབང་ཁོང་བོད་ཀྱི་དཔེ་རྙིང་སོགས་བདག་པོ་བརྒྱབ་པ་དང་འགྲེམ་སྤེལ་བྱེད་པར་བཀའ་འདྲིན་ཤིན་དུ་ཆེ། མཁས་དབང་ཁོང་གི་མཛད་པར་ལན་བརྒྱར་བསྟོད་དོ།

    ཞོར་ལ་ཞུ་རྒྱུར། ཚོགས་པ་དེའི་མིང་ལ། བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཅེས་དྲ་རྒྱའི་ཐོག་བཀོད་འདུག

  2. རྔ་བ་རྒྱལ་ཁམས་པ། says:
    2010-12-17 at 1:45 pm

    རེད་རེད། ཁོང་དངོས་གནས་བོད་རིག་པའི་མཁས་པ་ཞིག་ཡིན་འདུག སྐུ་གྲོངས་པ་ལ་མྱ་ངན་ཞུ། མཛད་རྗེས་ལ་རྗེས་དྲན་ཞུ། སྐྱེ་བ་ཕུན་སུམ་ཚོགས་པ་ཞིག་ལེན་ཐུབ་པའི་རེ་སྨོན་བྱེད།

  3. ཐོན་མའི་བུ། says:
    2010-12-17 at 2:36 pm

    སྐུ་ཞབས་ཁོང་ནི་བོད་ཀྱི་རིག་གནས་དཔེ་གཞུང་ཉར་ཚགས་སོགས་གཙོས། བོད་ཀྱི་བསྟན་འགྲོའི་བདེ་རྩར་ཕྱག་ལས་ལོ་མང་གནང་མཁན་ཞིག་ཡིན་པས། དེ་རིང་འདི་ནས་གུས་འདུད་དང་བཅས་མྱ་ངན་ཞུ། །

  4. དགེ་འདུན་རབ་གསལ་ says:
    2010-12-17 at 2:43 pm

    ཚངས་དབྱངས་ལགས།
    ངེད་ཀྱིས་བྲེལ་བའི་དབང་གིས་འགོད་ནོར་ཐེབས་འདུག ད་བཅོས་ཡོད། ཐུགས་རྗེ་ཆེ།

  5. ཀླུ་སྨྱོན། says:
    2010-12-17 at 3:22 pm

    ཁོང་གྲོངས་པ་དེར་དཔེ་མི་སྲིད་པའི་བློ་ཕམ་ཆེན་པོ་བྱུང་། ཡིན་ན་ཡང་ད་ནི་སྨོན་ལམ་རེ་བརྒྱབ་ནས་འདུག་པ་ལས་ཐབས་ཅི་ཡོད། ས་སྐྱ་ཕུན་ཕོའི་བདག་ཆེན་དང་བདག་མོར་ཡང་སྙན་སེང་ཞུས་ཟིན་པ་ཡིན།

  6. ཀརྡོ་རབ་འབྱམས་པ་ says:
    2010-12-17 at 3:33 pm

    སངས་རྒྱས་ཀྱི་སྐུ་ལས་སངས་རྒྱས་ཀྱི་གསུང་རྩ་ཆེ་བར་གཟིགས་པའི་བོད་རིག་པའི་མཁས་དབང་ཞིག་ཉུང་དུ་ཕྱིན་པ་ནི། མྱ་ངན་གུས་དུད་དང་སྨོན་ལམ་བཅས།

  7. ལྕགས་རྒྱ་འགྲམ་ནག says:
    2010-12-17 at 4:13 pm

    ཇིན་ སི་མི་ཐི་ལགས་རྗེས་དྲན་གྱི་ཚིག་ཁ་ཤས་ཞུ་རྒྱུར།

    བོད་ཡིག་གི་དཔེ་རྙིང་བསྡུ་སྒྲིག་ལ་སྐད་གྲགས་ཆེ་བའི་བོད་རིག་པའི་མཁས་པ་འདིར་ ༢༠༠༨ ལོའི་དཔྱིད་ཀར་ཐེངས་གཉིས་ལ་ཐུག་སོང་། ཐེངས་གཅིག་ནི་ཁོང་གི་ནེའུ་ཡོག་གི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཟེར་བ་དེར་བོད་རིག་པའི་མཁས་པའི་བགྲོ་གླེང་ཞིག་གི་ཐོག་ཏུ་ཐུག་སོང་། ཉིན་མ་དེའི་བགྲོ་གླེང་ནི་ཨ་རིའི་བོད་རིག་པའི་མཁས་པ་ཚོ་བོད་ཀྱི་ཆུ་ཕྲན་ཆུང་ངུར་ལུས་ཏེ། རྒྱ་མཚོའི་ཐག་ཉེ་ལའང་སླེབས་ཐུབ་ཀྱི་མེད་པའི་གནད་དོན་དེར་བྱ་ཐབས་ཅི་ཞིག་ཡོད་མེད་ཀྱི་བགྲོ་གླེང་རེད། ཚོགས་འདུའི་གཏམ་བཤད་གནང་མཁན་གཙོ་བོ་ནི། Janet རྒྱ་མཚོ་ཞེས་པའི་བུད་མེད་དེ་རེད་ལ། ཁོང་གིས་ ༢༠༠༣ ལོར་དབྱིན་ཇིའི་ཨོག་སི་སློབ་གྲྭ་ཆེན་མོ་རུ་བོད་རིག་པའི་ཚོགས་འདུ་འཚོགས་སྐབས། བོད་རིག་པའི་ཞིབ་འཇུག་མང་ཆེ་བའི་བརྗོད་གཞི་ནི་ཞིབ་འཇུག་ཅེས་བཤད་ཀྱི་ཡོད་པ་མ་གཏོགས། དོན་དངོས་སུ་ད་དུང་ཡང་ངོ་སྤྲོད་ཙམ་གྱི་ཚད་དུ་ལུས་ཡོད་པ་རེད་ཅེས་བཤད་པ་ལྟར། ཉིན་མོ་དེར་ཡང་ཁོ་མོས་བརྗོད་གཞི་འདིའི་ཐོག་ལ་གཏམ་བཤད་འདྲ་ཆགས་པོ་ཙམ་མིན་པར། སྐད་ཆ་དྲང་བཞག་གི་ཐོག་ནས་བཤད་སོང་ཨང་སྙམ་པའི་ཚོར་སྣང་བྱུང་།
    ང་ནི་སྐབས་དེར་ནེའུ་ཡོག་ཏུ་བདུན་ཕྲག་གཅིག་གི་རིང་ལ་ལས་དོན་ཞིག་གི་ཆེད་དུ་སོང་བ་ཡིན་ཞིང་། ཚོགས་ཐོག་དེར་ཀོ་ལིམ་སྦི་ཡ་སློབ་གྲྭ་ཆེན་མོའི་དགེ་རྒན་ཁ་ཤས་ཀྱི་མཉམ་དུ་དམིགས་ཡུལ་མེད་པར་འཁྱམ་མེ་ལྡོམ་མེར་སླེབས་པ་ཞིག་ཡིན། ཉིན་མ་དེའི་ཚོགས་ཐོག་ཏུ་ ཨིན་ཌི་ཨ་ནཱ་སློབ་གྲྭ་ཆེན་མོའི་ སི་སྤིར་ལིན་ལགས་ཀྱིས་མཚོན་པའི་ཨ་རིའི་བོད་རིག་པའི་མཁས་པ་དང་སློབ་མ་མང་པོ་ཞིག་འཛོམས་འདུག་མོད། ཡིན་ནའང་བོད་པ་ནི་ང་གཅིག་པུ་རེད།
    སྐབས་ཞིག་ལ། ཕྱི་རྒྱལ་རྒད་པོ་ཞིག་གིས་འཛུམ་དམུལ་དམུལ་གྱིས་ང་ལ་བཀྲ་ཤིས་བདེ་ལེགས་ཞེས་ཟེར་ཞིང་། ངའི་འཁྲིས་ཀྱི་གྲོགས་པོས་ཁོང་ནི་ ཇིན་ སི་མི་ཐི་ལགས་རེད་ཅེས་ངོ་སྤྲོད་གནང་བྱུང་། ཁོང་གི་མིང་ནི་ཡང་ཡང་གོ་མྱོང་མོད། མི་དངོས་སུ་མཐོང་བ་ནི་ཉིན་མོ་་དེ་ཡིན། ཁོང་ནི་བོད་ཀྱི་དཔེ་ཆ་ཙམ་མིན་པར་བོད་མི་ལའང་བརྩེ་སེམས་འདུག་ཨང་བསམ་བྱུང་། ཁོང་གིས་ཚོགས་ཐོག་དེར་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་སོང་ལ། མཁས་ཉམས་དང་རྫིག་ཉམས་མི་སྟོན་པར་ཉམས་ཆུང་ཞི་དུལ་གྱི་ངང་དུ་གནས་མཁན་ཞིག་ཡིན་པའི་ཚོར་སྣང་སྤྲད་བྱུང་།
    ད་ནངས་དགེ་གྲོགས་ཞིག་གིས་ཇིན་ སི་མི་ཐི་ལགས་གྲོངས་འདུག་ཅེས་བཤད་སྐབས། ངའི་སེམས་སུ་ཇིན་ སི་མི་ཐི་དགོངས་པ་རྫོགས་པའི་གནས་ཚུལ་ལས། བོད་རིག་པའི་མཁས་པ་ཟེར་བ་དེ་ཚོ་དོན་དངོས་སུ་ནུབ་ཕྱོགས་སྤྱི་ཚོགས་ཚན་རིག་དང་འབྲེལ་བའི་མཁས་པའི་ཁོངས་སུ་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ཞིག་གི་ཚུལ་དུ་ཡོད་དམ། ཡང་ན་རྒྱ་མཚོའི་ནང་གི་ཆུ་ཐིགས་ཙམ་གྱི་ཚུལ་དུ་ཡོད་མེད་ཀྱི་སྐད་ཆ་ཞིག་དྲ་གྲོགས་ཚོས་ཅིས་ཀྱང་བཤད་དགོས་ཀྱི་འདུག་བསམ་བྱུང་།

  8. ཚ་ཕྲུག་རྒྱལ says:
    2010-12-17 at 4:58 pm

    སྐུ་ཞབས་ཁོང་གི་བོད་ཀྱི་དཔེ་རྙིང་སྐོར་ཞིབ་འཇུག་དང་ཉར་ཚགས་དེ་བཞིན་ནང་ཆོས་ལ་ཡང་དོ་སྣང་ཆེན་པོ་ཡོད་པའི་
    ཕྱི་གླིང་བོད་རིག་པ་བ་གྲགས་ཆེན་ཞིག་འཇིག་རྟེན་འདི་དང་གསོན་བྲལ་དུ་སོང་བར་བློ་འགྱོད་དྲགས་པའི་གུས་བཏུད་ཞུ།
    དེ་དང་འབྲེལ་བོད་ཀྱི་ཆོས་རིག་ཐོག་ལ་མཁས་པའི་རྒན་རབས་པ་ཕལ་ཆེ་བ་ངེད་ཅག་དང་གཏན་དུ་ཞལ་བྲལ་ནས་ད་ཆར་རྒན་རབས་པ་ཉུང་ཤས་ལས་ལྷག་མེད། ཁ་བ་གངས་ཅན་པ་སྤྱིར་དང་ལྷག་པར་དུ་དེང་རབས་བོད་ཀྱི་ཤེས་ཡོན་པ་ཚོར་རང་མི་རིགས་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་སོགས་ལ་ལྡོག་ཏུ་མེད་པའི་ལས་འགན་ཞིག་བབས་ཡོད་པས་ཁ་ཤགས་དང་མཁས་ཚུལ་ཙམ་མིན་པ་ཆོས་རིག་སོགས་རང་གིས་མཐར་ཕྱིན་པའི་འཛིན་སྐྱོང་སྤེལ་གསུམ་དགོས་པའི་དྲྲྲན་སྐུལ་
    ཚུལ་གྱི་འབད། རབས་གསལ་ལགས་ཀྱིས་བོད་ཀྱི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲྭ་རྒྱ་ལས་བླང་ནས་བོད་ཡིག་ཐོག་སྤེལ་བ་ཐུགས་རྗེ་ཆེ། འོན་ཀྱང་བརྡ་དག་སྐོར་ཐུགས་གཟབ་གནང་རོགས། ༼ཁ་སང་གྲོངས་ཡོད་འདུག་༽
    ༼ཨ་ལགས་གཟན་དཀར་རིན་པོ་ཆེ་ཡང་ཁོང་གྲོངས་རྗེས་དེར་ཆུ་ཚད་འགའ་ཡི་རིང་ལྷན་བཞུགས་གནང་ཡོད་པ་རེད་༽ སོགས་དབྱིན་ཡིག་ནས་ཐད་སྒྱར་དེར་སྐབས་རེ་གོ་དོན་མི་མཚུངས་པ་འདྲ། དཔེ་ན་མི་གྲོངས་ཚ་ནས་དེའི་
    ལྷན་དུ་བཞུགས་ཟེར་བར་གོ་རྒྱུ་མེད།

  9. ཐོད་དཀར། says:
    2010-12-17 at 6:22 pm

    དེ་སྔོན་ནེའུ་ཡོག་ཏུ་ཡོད་པའི་ཁོང་གི་ཡིག་ཚང་དེར་འགྲོ་མྱོང་། གུས་པར་ཕྱག་དཔེ་དཀོན་པོ་ཁ་ཤས་པར་ལོག་བསྐྱོན་ནས་གནང་བྱུང་། བཀའ་དྲིན་ཆེན་པོ་ཡིན། ཁོང་གི་སྐུ་ཚེར་གང་པོར་འཛམ་གླིང་ནང་ཁྱད་དུ་འཕགས་ཤིང་འཇིག་ལ་ཉེ་བའི་བོད་ཀྱི་རིག་གཞུང་གི་སྙིང་བཅུད་འདི་ཉིད་ཡུན་གནས་ཡོང་རྒྱུར་བྱས་རྗེས་ཆེན་པོ་བཞག་པས་བློ་བུར་དགོངས་པ་རྫོགས་པར་བློ་ཕམ་དགོས་པ་ཞིག་ཡིན།

  10. sos says:
    2010-12-17 at 6:28 pm

    xxxxxxxxxxxxxxxxxxxxxx།

  11. བོད་པ་ says:
    2010-12-17 at 6:46 pm

    ཉིན་ཞིག་ཁོང་གིས་འདི་འདྲ་ཞིག་གསུངས་འདུག ང་ལ་སྐྱེས་དམན་དང་བུ་ཕྲུག་མེད། ང་ལ་བུ་ཕྲུག་ཟེར་ན། སྐྱེས་དམན་ཟེར་ན་བོད་ཀྱི་དཔེ་ཆ་འདི་དག་རེད། ཟེར། མི་གྲངས་ཉུང་བའི་མི་རིགས་འདི་འདྲ་ཞིག་ལ་དཔེ་ཆ་འདི་འདྲ་མང་པོ་ཞིག་ཡོད་མཁན་འཛམ་གླིང་སྟེང་ན་ཡོད་པ་མ་རེད། ཟེར་བ་གོ་ཐོས་བྱུང་། ལྷག་པར་དུས་རབས་བཅུ་དྲག་དང་བཅུ་བདུན་ནང་ལ་ཨ་མདོའི་ཕྱོགས་སུ་གསུང་འབུམ་ཅན་གྱི་མཁས་པའི་གྲངས་འབོར་ཆེན་པོ་བྱུང་འདུག་ཟེར།

  12. གཞོན་ནུ་ཟླ་མེད། says:
    2010-12-17 at 6:52 pm

    མེ་ཏོག་གི་ཆུན་པོ་ཞིག
    འདས་པོ་དེའི་དུར་ཕུང་གི་མདུན་དུ།
    དད་འདུན་གྱི་སྨོན་ལམ་ཞིག
    མྱ་ངན་གྱི་མགོ་བོ་དུད་ནས།
    ཕྱི་མའི་ལམ་རྒྱགས་ཀྱི་ཚུལ་དུ།
    བར་དོའི་ཕྱོགས་སུ་བསྲིངས།
    སྐུ་ཚེ་གང་བོར།
    བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་ཕྱག་ལས་གནང་བ་ནི།
    ཧྭ་ཚིན་ཆུ་བོ་བཞིན་དུ་ནམ་ཡང་རྒྱུན་ཆད་མ་མྱོང་།
    ནུབ་ཕྱོགས་སུ་ནང་པའི་བསྟན་པ་འདི་སྤེལ་བ་ལ།
    མཐུན་རྐྱེན་ཟླ་མེད་དུ་བསྐྲུན་ཞིང་།
    རིག་གཞུང་ཕོ་བྲང་དཔེ་མཛོད་ཁང་ནི།
    རང་དབང་ལྷ་མོའི་ཕྱག་གི་དཔལ་འབར་བཞིན།
    ནེའུ་ཡོག་ནས་དུས་གཏན་དུ་འབར་ཞིང་།
    འོད་མདངས་འཛམ་གླིང་ཡོངས་ལ།
    དུས་རྟག་ཏུ་ཉམས་པ་མེད་པར་འཕྲོ་བར་ཤོག

  13. འབུམ་དྲུག་ཚེ་རིང་། says:
    2010-12-17 at 8:28 pm

    ཚང་མས་དམ་པ་ཁོང་གི་རྗེས་སུ་སློབས།

  14. ལ་སྟོད་བུ། says:
    2010-12-18 at 1:58 am

    དམ་པ་ཁོང་བློ་བུར་དུ་སྐུ་གཤེགས་པར་བློ་འགྱོད་ཆེན་པོ་བྱུང་བ་དང་ཆབས་ཅིག་ཁོང་ཉིད་མྱུར་དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་སྨར་པའི་སྐྱེ་བུ་དམ་པ་ཞིག་གི་སྐྱེ་བར་བླངས་ཏེ་སླར་ཡང་རང་གི་དགའ་སྣང་བྱེད་སའི་བོད་ཀྱི་ཆོས་རིགས་ཀྱི་བྱ་བའི་འཇུག་སྐྱོངས་བྱེད་པ་པོ་ཞིག་ཏུ་འཁྲུངས་པའི་བསྔོ་སྨོན་ཞུ་བཞིན་ཡོད།
    ཁོང་ནི་བོད་ཀྱི་ཆོས་ལུགས་དང་ཆོས་རྒྱུད་རིས་སུ་མ་ཕྱེ་བའི་དཔེ་གཞུང་ལ་གཟིགས་རྒྱ་ཤིན་ཏུ་ཆེ་བ་ཞིག་ཡིན་པར་མ་ཟད་དཔེ་དཀོན་གྱི་གསུང་པོད་སྟོང་ཕྲག་མང་པོ་རྒྱལ་ས་དྷི་ལི་ནས་དཔར་སྐྲུན་བྱས་ཏེ་ཤིན་ཏུ་ཉག་ཕྲ་བའི་དུས་སུ་བོད་ཀྱི་ཆོས་རིག་གི་བསྟན་པ་སྤེལ་བ་པོ་ཡི་བསྟན་འཛིན་གྱི་སྐྱེ་བུ་ཞིག་ཀྱང་ལོས་ཡིན། ངོས་ལ་ལྟ་བུར་ཆ་བཞག་ན་ནེའུ་ཡོག་དང་རྒྱ་གར་སོགས་སུ་ཁོང་ཐེང་མང་མཇལ་ཕྲད་བྱུང་བ་མ་ཟད་ཁོང་གི་བརྒྱུད་ནས་དཔེ་དཀོན་གྱི་རིགས་དང་ངག་ལམ་ནས་བོད་ཀྱི་ལོ་རྒྱུས་དོན་སྙིང་ལྡན་པ་མང་པོ་ཞིག་ཐོབ་པའི་བསྐལ་པ་བྱུང། ལྷག་པར་དུ་༢༠༠༧་ལོར་ནེ་འུ་ཡོག་ཏུ་ཡོད་པའི་ཁོང་རང་ཉིད་སྐུ་དངོས་ང་ལ་ཐུག་འཕྲད་དུ་ཕེབས་པས་མ་ཟད་ཁོང་གི་ལས་ཁུང་དུ་མགྲོན་འབོད་བྱས་ཏེ་དཔེ་དཀོན་རིགས་དང་དེ་བཞིན་ཞལ་ཐང་དང་སྐུ་འདྲ་རྙིང་པ་སོགས་ཤིན་ཏུ་དཀོན་པའི་རིགས་ཀྱི་སྐུ་གཟུགས་གསུང་རབས་མཆོད་རྟེན་ལས་སོགས་མིག་ལམ་དུ་མཇལ་བའི་གོ་སྐབས་བཟང་པོ་ཐོབ་མྱོང།
    གཞན་ཡང་༢༠༠༩་ལོར་གདན་ས་སྨན་རིར་ཆེད་དུ་ཕེབས་ཏེ་གཡུང་དྲུང་བོན་གྱི་དཔེ་མཛོད་ལ་དཔེ་རྙིང་མང་པོ་ཞིག་ཕུལ་བ་མ་ཟད་དེང་དུས་ཀྱི་གློག་ཀླད་དང་གསུང་རབས་དཔེ་སྐྲུན་གྱི་འཕྲུལ་ཆ་གསར་ཐོན་རིགས་ཨ་རི་ནས་ཁྱེར་ཏེ་མཐུན་རྐྱེན་སྦྱར་ཞིང་དེ་དག་ལག་ཏུ་ཇི་ལྟར་ལེན་ཚུལ་གྱི་སློབ་སྟོན་གྱི་ཆེད་ལས་ཀྱི་མི་སྣ་ཡང་དངོས་སུ་གཏོང་གནང་གིས་བཀའ་དྲིན་བླ་ན་མེད་པར་བསྩལ་ཡོད།
    ཁོང་ནི་རིས་སུ་མ་ཕྱེ་བའི་ཆོས་རྒྱུད་ཆོས་ལུགས་ཀྱི་མི་སྣ་འདྲ་མིན་གྱི་གྲོགས་པོ་ཡོད་པ་མ་ཟད། ༧སྐྱབས་རྗེ༧སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནི་ཁོང་གི་གྲོགས་པོ་རྙིང་པ་ཞིག་ཀྱང་ཡིན།

  15. ནོར་བུ་ཚེ་རིང་ says:
    2010-12-18 at 6:21 am

    དམ་པ་ཡིན་མིན་ངས་མི་ཤེས། འོན་ཀྱང་ལོ་རྒྱུས་རིང་པོ་ཞེ་དྲག་འདུག། ད་ཅི་ཡིན་ཡང་མི་ནི་འཇིག་རྟེན་དེ་ནས་རྒྱངས་རིང་ཞིག་ལ་གྱེས་ཚར་བ་ཡིན་པས་ལུང་སྟོང་གི་སྤྱང་ཀི་ངུས་ནས་ཅི་ལ་ཕན། དེ་ལས་བོད་ཀྱི་ཞལ་གཏམ་ལ་ཁ་ཁུ་སིམ་བཞུགས་ན་ཁ་རྩོད་མེད། མགོ་ཞ་མོས་གཡོགས་ན་རླུང་བུ་ལྡང་། ཡ་་་་་་་་་་་་་་་་་ཡ་་་་་་་་་་་་་ཡ་་་་་་་་་་་་་་་་་་་་ཡ་་་་་་་་་་་་་་་ཡ

  16. སངས་རྒྱས་རྒྱ་མཚོ། says:
    2010-12-18 at 7:27 am

    ཁོང་ལ་རྗེས་དྲན་དང། ཁོང་གི་སྐྱེ་བ་བཟང་པོ་ཞིག་ཐོབ་པའི་སྨོན་ལམ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme