Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༅༅།། ཀརྨ་ཐེག་གསུམ་ཆོས་གླིང་།

Posted on 2018-06-172018-06-22 By རྔ་བ་རྒྱལ་ཁམས་པ 7 Comments on ༅༅།། ཀརྨ་ཐེག་གསུམ་ཆོས་གླིང་།


རྔ་བ་རྒྱལ་ཁམས་པ།
“ཀརྨ་ཐེག་གསུམ་ཆོས་ཀྱི་འཁོར་ལོའམ”། “ཀརྨ་ཐེག་གསུམ་ཆོས་གླིང”ཞེས་པའི་མཚན་འདི༧རྒྱལ་དབང་ཀརྨ་པ་སྐུ་གོང་མ་རིག་པའི་རྡོ་རྗེ་མཆོག་གིས་ཁོང་གིས་བཏབ་གནང་བའི་ཆོས་ཚོགས་ཁག་ལ་སྤྱི་ཐོག་ནས་སྩལ་གནང་བའི་མཚན་དོན་ཤིན་ཏུ་ལྗིག་ཁོག་ཆེ་བ་ཞིག་རེད། མཚན་གནས་འདིར༧རྒྱལ་དབང་ཀརྨ་པའི་དུས་གསུམ་གྱི་ཐུགས་བསྐྱེད་དང་སྨོན་ལམ། བྱིན་རླབས་འཕྲིན་ལས་ཀྱི་འཇུག་པ་དུས་ལས་མི་ཡོལ་བར་གནས་ངེས་ཡིན་པར་ཡིད་ཆེས་བྱེད་རུང་བ་ཞིག་ཡིན། བོད་ཕྱི་ནང་ཀུན་ཏུ་སྒར་དགོན་ཁག་ལ་གཟི་བརྗིད་ཅན་གྱི་མཚན་སྣ་ཚོགས་ཤིག་འདོག་སྲོལ་ཡོད་ཀྱང་། ང་ལ་མཚོན་ན “ཐེག་གསུམ་ཆོས་གླིང”ཞེས་པའི་མཚན་འདི་ལྷག་པར་སྙན་ཞིང་ཡིད་ལ་འཇེབས་པ་ཞིག་ཏུ་མ་ཟད། དེའི་མིང་དོན་ཐད་འཇིག་རྟེན་ཀུན་ཁྱབ་ཀྱི་རིན་ཐང་གཞལ་དུ་མེད་པ་ཞིག་གནས་ཡོད་པར་ཡིད་ཆེས་བྱེད་བཞིན་པ་ཡིན། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ཚེ་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཁོ་ན་ལས། འཛམ་གླིང་རང་བཞིན་གྱི་སངས་རྒྱས་ཆོས་ལུགས་ཤིག་ལ་དགོངས་པ་གཏད་ཡོད་པ་མངོན་གསལ་རེད་བསམ། སྤྱི་ལོ༢༠༠༨ལོར༧རྒྱལ་དབང་ཀརྨ་པ་མཆོག་ཐོག་དང་བོར་བྱང་ཨ་མི་རི་ཀའི་ནང་ལོ་རྒྱུས་རང་བཞིན་གྱི་ཆིབས་བསྒྱུར་གནང་བ་རེད། ལོ་དེ་ནི་བོད་པ་སྤྱི་དང་བྱེ་བྲག་ཀམ་ཚང་སློབ་བརྒྱུད་ཚོར་མཚོན་ན་བརྗེད་མི་ཐུབ་པའི་སྤྲོ་སྣང་གི་དྲན་རྟེན་གསོན་པོ་ཞིག་ཅི་ལ་མིན། གུས་རང་ངོས་ནས་བཀའ་བརྒྱུད་པའི་གྲུབ་མཐའ་འཛིན་མཁན་ཞིག་མ་ཡིན་རུང་། ༧ཀརྨ་པ་ཞེས་དངོས་དོན་དང་དག་སྣང་འདྲེས་པའི་མི་ལོ་དགུ་བརྒྱའི་རིང་གི་ལོ་རྒྱུས་ཀྱི་རྟོགས་བརྗོད་དེ་དག་ནི། དམ་ཆོས་ཉམས་ལེན་གྱི་ཟབ་ས་ནས་རྙེད་པའི་གསང་བ་ཀློག་གྱུར་གྱི་གནས་ལུགས་དང་། འགོག་ཏུ་མེད་པའི་ཐུགས་རྗེའི་འཇུག་པ་གཉིས་རང་མལ་ནས་སད་པའི་དཔལ་ཡོན་བསྙོན་དུ་མེད་པ་ཞིག་ཡིན་པར་ཐེ་ཚོམ་མེད། སྐབས་དེའི་ཁོང་གི་ཆིབས་བསྒྱུར་ནང་ནོས་ཡོག་གྲོང་ཁྱེར་སྤྱི་ཁྱབ་ནས། གཙུག་ལག་སློབ་གྲྭ་ཆེན་མོ། རང་གཞུང་སྐུ་ཚབ་དོན་གཅོད། ༧ཀརྨ་པའི་སློབ་བརྒྱུད་དང་ཆོས་ཚོགས་ཁག ས་གནས་བོད་རིགས་དང་ཧི་མ་ལ་ཡའི་རི་བརྒྱུད་ནས་ཕེབས་པའི་དད་ལྡན་ནང་པ་དག་གིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཆ་ཤས་བླངས་པའི་ངང་ཚུལ་དེ་ཚོ་ད་ལྟའང་སེམས་ངོར་ཝ་ལེར་དྲན། ༧རྒྱལ་དབང་ཀརྨ་པ་མཆོག ༢༠༠༨ལོའི་ཟླ༥བའི་ཚེས༢༣ཉིན་བྱང་ཨ་རིའི་ཁོང་གི་བཞུགས་གནས “ཀརྨ་ཐེག་གསུམ་ཆོས་གླིང་།”དུ་ཐོག་མར་ཆིབས་བསྒྱུར་ཞབས་སོར་བཀོད། གདན་ས་དེ་ནི་ཕྲན་གནས་ཡུལ་གྱི་མངའ་སྡེའི་ཁོངས་སུ་གཏོགས་ཤིང་། མོ་རེ་སི་རྫོང་ནས་བཞུགས་ཡུལ་ཕོ་བྲང་བར་དུ་རླངས་འཁོར་བཏང་ནས་སོང་ན་ཕལ་ཆེར་ཆུ་ཚོད༢/༣༠ཡས་མས་ཤིག་འགྲོ་དགོས་པ་རེད། ལོ་དེའི་ཟླ་བ་ལྔ་བ་ནི་ཅི་འདྲའི་ཡིད་དུ་འོངས་པ་ཞིག་རེད་ཨང་། ཁོར་ཡུག་ཚང་མར་ལྗང་མདོག་གི་འོད་མདངས་གསལ་ཞིང་། གསར་སྐྱེས་ཀྱི་མེ་ཏོག་དང་རྩི་ཤིང་རྣམས་ནི་ཉི་མའི་འོད་སྣང་འབོད་པ་ལྟར་སྤང་ཐང་དང་རྡོ་སྲུབས་དག་ལས་ལོ་འདབ་ཕྱི་ལ་མཆེད་ཡོང་གི་ཡོད། ཀརྨ་ཐེག་གསུམ་ཆོས་གླིང་ནི་ནོས་ཇར་ཟེ་མངའ་སྡེའི་བྷིར་ལེན་ཁྲོན་རྫོང་གི་ཁོངས་གཏོགས་ཤ་མོན་གྲོང་སྡེ་ཞེས་པར་གནས་ཤིང་། ས་གནས་ཡིག་ཚགས་ལས་བཤད་པ་ལྟར་ན་ཤ་མོན་གྲོང་སྡེ་ཧྲིལ་བོར་ས་ཆ་མ་ལེ་གྲུ་བཞི་མ༤༤༩༩༤དང་། མི་གྲངས༦༩༩༠ལས་མེད་པར་བཤད། ཞི་བ་ལྷས། ལག་མཐིལ་ལྟར་མཉམ་བཻ་ཌཱུརྱའི།། རང་བཞིན་བཟང་བོར་གནས་གྱུར་ཅིག། ཅེས་ཐུགས་སྨོན་མཛད་པ་ལྟར། ༧ཀརྨ་ཐེག་གསུམ་ཆོས་གླིང་གང་དུ་གདན་འཇགས་སའི་ཡུལ་དངོས་ནི། དབེན་པའི་གནས་ཞི་བའི་གྲོང་ཉམས་དགའ་བ། ས་ཆ་རྒྱ་ཆེ་ཞིང་ཁོད་སྙོམ་པ། ཕྱོགས་མཐའ་རྩི་ཤིང་ཅན་གྱི་ནགས་ཚལ་གྱིས་བསྐོར་བ་ཞིག་རེད། ཉིན་དེར་ཕྱོགས་མཐའ་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་འགའ་ཞིག་ཡོད་སྟབས། ང་ཚོས་རླངས་འཁོར་ཆོས་ཚོགས་ཀྱི་མདུན་ལམ་ནས་ཐད་ཀར་ནང་དུ་འགྲོ་མི་ཐུབ་པས། དང་བླངས་ཞབས་ཞུ་པ་ཞིག་གིས་ལམ་སྟོན་ལྟར། མདུན་ཐང་རླངས་འཁོར་འཇོག་ཡུལ་བཅད་བགོས་བྱས་པའི་ས་སྟོང་ཞིག་ཏུ་རླངས་འཁོར་བཞག ནགས་ཚལ་སྟུག་པོར་རྒྱབ་བསྔས་ཤིང་ལྗང་མདོག་རྩྭ་ཐང་གདན་དུ་བྱས་པའི་ཐེག་གསུམ་ཆོས་གླིང་ནི། ༧ཀརྨ་པ་སྐུ་སྒེར་གྱི་ཆོས་དར་དང་རྒྱལ་སྤྱིའི་ནང་བའི་ཆོས་དར། ཁ་མདོག་སྣ་ཚོགས་བཀྲ་བའི་རླུང་རྟའི་དར་ཅོག་ཆེ་ཆུང་། ད་དུང་དགའ་སྟོན་རྟེན་འབྲེལ་མཚོན་པའི་འཇའ་ཚོན་ལྟ་བའི་དབུགས་ལྒང་སྣ་ཚོགས་ལུག་རྒྱུད་དུ་བཀྲན་པ་རྣམས་བསིལ་རླུང་གིས་དལ་བུས་གཡོ་བའི་དབུས་སུ་སྲིད་པའི་མཚར་སྡུག་གི་རི་མོ་མཁའ་དབྱིངས་སུ་བཏབ་པ་ལྟར་མཛེས་ཤིང་ཡིད་དུ་འོངས་པ་ཞིག་རེད། ཉིན་དེར༧རྒྱལ་དབང་ཀརྨ་པས་ཚོགས་པ་སྟོང་ཕྲག་གཉིས་ལྷག་ལ་སངས་རྒྱས་སྨན་བླའི་བཀའ་དབང་དང་། ལེགས་ཉེས་བླང་དོར་གྱི་བཀའ་སློབ་ཟབ་མོ་བཀའ་དྲིན་སྩལ་གནང་། ༧ཀརྨ་པ་ལ་བདེ་སྡུག་རང་མཚན་དུ་ལྟ་བའི་འཛིན་པ་ཞིག་ཡོད་མི་སྲིད་ནའང་། ཁོང་གི་རྣམ་འགྱུར་ལ་བལྟས་ན་སྐབས་དེར་རང་དབང་གི་འགྲུལ་བཞུད་དང་། དད་ལྡན་གྱི་དགའ་བསུ། སྟོབས་ལྡན་རྒྱལ་ཁབ་ཅིག་གི་ཁོར་ཡུག་དང་སྣེ་ལེན་སོགས་ལ་ཐུགས་གཏིང་ནས་དགྱེས་པའི་རྟགས་སུ་སྐབས་རེར་བྱིས་པའི་ངང་ཚུལ་ལྟ་བུའི་ཞལ་གྱི་འཛུམ་མདངས་དང་གསུང་མཆིད་གནང་ཞིང་། སྐབས་རེར་མི་ལོ་དགུ་བརྒྱའི་བྱིན་རླབས་ཀྱི་ཚན་ཁ་འཁྱིལ་བའི་འཕྲོས་མོལ་དེ་འདྲའང་གནང་གིན་འདུག བཀའ་ཆོས་གྲུབ་རྗེས་ང་ཚོ་ཁྱིམ་ཁ་གསུམ་གྱི་མི་བཅུ་གསུམ་ལྷག་གིས་ཆོས་ཚོགས་ཁག་དང་། དགེ་རྩ་ཚོགས་པ། སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཁག་གིས་གཉེར་བའི་ཚོང་ཁྲོམ་ལས་ཅ་ལག་སྣ་ཚོགས་ཉོས་རྗེས་ཕྱིར་རང་ཁྱིམ་དུ་ལོག དུས་དེ་ནི་གུས་པ༧རྒྱལ་དབང་ཀརྨ་པ་དང་ཁོང་གི་བཞུགས་གནས་ཀརྨ་ཐེག་གསུམ་ཆོས་གླིང་དུ་མཇལ་རྒྱུས་གོ་སྐབས་བྱུང་བ་ཐེངས་དང་པོ་དེ་ཡིན། ཐེ་རིགས་སྤྱི་མཚུངས་ལྟར་ངའི་ཆུང་མ༧རྒྱལ་དབང་ཀརྨ་པར་ཆེས་ཤིན་ཏུ་དད་འདུན་ཆེ་ཞིང་། ༧ཀརྨ་པའི་རྣམ་ཐར་ལོ་རྒྱུས་ཤིག་གླེང་སློང་བྱས་ཚེ་ཤིན་ཏུ་དགའ་དད་དང་སྤྲོ་སེམས་ཁོལ་བཞིན་ཡོད། འཆར་ཅན་ཉིན་རེ་བཞིན་དུའང་མོས༧ཀརྨ་པས་མཛད་འཕྲིན་ཅི་ཞིག་སྐྱོང་གིན་ཡོད་མེད་ལ་དོ་སྣང་བྱེད་ཅིང་། གལ་སྲིད༧ཀརྨ་ཐེག་གསུམ་ཆོས་གླིང་དུ་ཆོས་ཀྱི་མཛད་སྒོ་ཅུང་ཆེ་རིགས་སྤེལ་སྐབས་ང་ཚོའང་ཚོགས་བཅར་བྱེད་ཅི་ཐུབ་བྱས་པ་ཡིན། དེ་དུས་ཆོས་ཚོགས་ཀྱི་སློབ་མ་ཚོས་བླ་མ་ཚུལ་ཁྲིམས་ཞེས་ཤིན་ཏུ་གུས་བརྩི་བྱེད་ཡུལ་གྱི་བླ་མ་ཞིག་འདུག ཁོང་ནི་ཕལ་ཆེར་དགུང་གྲངས་སུམ་ཅུའི་ནང་སླེབས་པ། སྐུ་གཟུགས་རིང་ཐུང་འབྲིང་ཙམ། སྐུ་ཤ་ཅུང་རྒྱག་ཅིང་ཞལ་ཟླུམ་པོ་སྤྱན་གོར་གོར་ཅན། སྤྲོ་སྣང་དང་སྤོབས་པས་བརྟས་པ་བསོད་ནམས་ཆེན་པོ་ཅན་ཞིག་ཏུ་ཚོར། ཕྲན་ཚོགས་འདུར་ཐོག་མར་བཅར་སྐབས་གསོལ་ཇའི་སྐབས་ཁོང་དང་མཉམ་འཕྲོས་མོལ་སྣ་ཚོགས་བྱས་པ་ཡིན། དེ་དུས་ངའི་བུ་ཆུང་ན་ནས་ལོ་ཕྱེད་འགོར་བའི་མཚམས་ཤིག་རེད། ངས་བུ་ཆུང་གི་སྨན་བཅོས་ཐད་ནས་ཁོང་ལ་འཕྲོས་མོལ་ཞུས་པ་ཡིན། ཁོང་གིས་ཕྲན་ལ་འཕྲལ་མར་ཁྱེད་ལ་དངུལ་གྱི་དཀའ་ངལ་འདུག་གམ། གལ་སྲིད་ཡོད་ཚེ་ང་ལ་འབྲེལ་བ་གནང་རོགས། ངས་དངུལ་ཐབས་ཤེས་བྱེད་ཆོག་ཅེས་གསུངས་བྱུང་། གསུང་དེ་ནི་ང་ལ་མཚོན་ན་ཆེས་རིན་ཐང་ཆེ་ཞིང་བརྗེད་པར་དཀའ་བའི་དྲན་རྟེན་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་ནི་དིང་སང་དངུལ་གྱི་དོན་དུ་ཁྱོད་ཤི་ང་གསོན་ཀྱི་འཐབ་རྩོད་བྱེད་བཞིན་པ་འགོག་ཏུ་མེད་པའི་སྣང་ཚུལ་ཞིག་རེད། གསུང་ཚིག་དེ་ལས་ཁོང་བྱམས་བརྩེ་དང་ལྷག་བསམ་གྱིས་ཕྱུག་པའི་བླ་མ་ཡག་པོ་ཞིག་ཡིན་པ་ཚོར་བྱུང་། ཁ་བརྡའི་ཞོར་ནས་ཁོང་གིས་ངས་བྲིས་པའི་བུ་ཆུང་གི་སྨན་བཅོས་སྐོར་ཧ་ལམ་བདུན་ཕྲག་རེ་བཞིན་ཁ་བརྡའི་དྲྭ་ཐོག་ནས་བརྒྱུད་འགོད་བྱེད་ཀྱིན་ཡོད་པ་དེའི་སྐོར་ནས་གླེང་བསླངས་ཏེ། གུས་པས་དེ་མཐོང་ཡོད་མེད་དང་མི་དེ་སུ་ཞིག་ཡིན་མིན་སྐོར་དྲིས་བྱུང་། ཕྲན་གྱིས་མུ་འགོད་རྩོམ་ཡིག་དེ་འབྲི་མཁན་རང་ཉིད་ཡིན་པ་དང་ད་དུང་མུ་མཐུད་རྒྱུ་ཡིན་ཚུལ་སྙན་ཞུ་བྱས། བླ་མ་ཚུལ་ཁྲིམས་ལགས་ནས་ཁོང་གིས་རྩོམ་ཡིག་དེ་ཚོར་མུ་མཐུད་ཀློག་གིན་ཡོད་པ་དང་། བླ་གྲྭ་མཁན་སྤྲུལ་མང་བོས་ཀྱང་རྩོམ་ཡིག་དེ་ཀློག་གནང་གིན་ཡོད་པ་མ་ཟད། སྐྱབས་འཇུག་ཐུགས་སྨོན་ཡང་ཞུ་གི་ཡོད་སྐོར་གསུངས་བྱུང་བས། གུས་པ་སེམས་གཏིང་ནས་དགའ་ཞིང་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་ཏུ་གྱུར། ང་ལ་སེམས་ཐག་ཉེ་རང་གི་གྲོགས་པོ་ཤིན་ཏུ་མང་བོ་ཞིག་ཡོད་ཀྱང་། དངུལ་དགོས་ན་ང་ལ་ཡོད་ཅེས་བྱམས་བརྩེས་ཕྱག་ཟུང་བསྲིང་ཐུབ་མཁན་ནི། གུས་པའི་བླ་མ༧སྐྱབས་རྗེ་འབྲུ་གུང་ལམ་མཁྱེན་རྒྱལ་བོ་རིན་པོ་ཆེ་དང་། ངའི་ཁྱིམ་མཚེ་དང་གྲོགས་པོར་གྱུར་པའི་རྒྱ་གར་པ་ཁྱོ་ཤུག་ཟུང་། ༧ཀརྨ་ཐེག་གསུམ་ཆོས་གླིང་གི་གཞི་འཛིན་བླ་མ་ཚུལ་ཁྲིམས་བཅས་མི་མགོ་གསུམ་པོ་འདི་དག་ཁོ་ནར་ཟད། དེར་བརྟེན་མི་སྣ་དེ་གསུམ་ནི་དུས་ནམ་ཡང་ངའི་སེམས་ནང་གི་སྤོབས་པ་དང་། ཡིད་ཆེས། རེ་བས་ཁེངས་པའི་སྟོབས་ཤུགས་སུ་གྱུར། ང་ཚོས་ཁ་བརྡ་གྲུབ་རྗེས་བླ་མ་ཚུལ་ཁྲིམས་མཆོག་གིས། ༧ཀརྨ་ཐེག་གསུམ་ཆོས་གླིང་གི་ཕྱི་ནང་གི་བཟོ་བཀོད་དང་། སྐུ་གསུང་ཐུགས་རྟེན། ༧རྒྱལ་བ་ཀརྨ་པའི་གཟིམས་ཤག་བཅས་ངོ་སྤྲོད་དང་མཇལ་ཁ་གནང་། ཤེས་རྟོགས་བྱུང་བ་ཞིག་ལ། ཆོས་གླིང་དེའི་ས་ཁུལ་ཧྲིལ་བོར་ཨེ་ཀར་༡༠.༤༢ ཡོད་པ་དང་། དེ་ནི་དཔལ་རྒྱལ་དབང༧ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་ཐེ་ཝན་གྱི་ཡོན་བདག་རུས་མིང་ལེན་ཁྱོ་ཤུག་ཟུང་གིས་མཆོད་འབུལ་ཞུས་པ་ཞིག་རེད། བླ་མ་ཚུལ་ཁྲིམས་མཆོག་གིས་ངོ་སྤྲོད་གནང་བར་གཞིགས་ན། ཆོས་ཚོགས་ཀྱི་ཁང་བ་དེར་འོག་ཤོད་བརྩིས་པས་ཐོག་རྩེག་གསུམ་ཡོད་པ་དང་། འོག་མ་སྒོམ་ཁང་དང་། འདུ་ཚོགས་ཆེ་རིགས་ཀྱི་ཞལ་ལག་བཞེས་ཡུལ། ཁྲུས་ཁང་གཙང་སྤྱོད་སོགས་སྟབས་ཤིན་ཏུ་བདེ་བོར་བཟོས་ཡོད་པ་དང་། བར་ཁང་ནི་ཆོས་ཀྱི་མཛད་སྒོ་བསྟར་ཡུལ་ཆོས་ཚོགས་ཀྱི་འདུ་ཁང་། སྨན་བླའི་ལྷ་ཁང་། དཔེ་མཛོད། གཡོས་ཁང་། ཡིག་ཚང་། རྒྱུན་ལྡན་ཞལ་ལག་མཆོད་ཡུལ་སོགས་ཁམས་གཙང་ཡིད་དུ་འོངས་བར་བཟོས་འདུག ཐོག་ཁང་ནི༧རྒྱལ་བའི་གཟིམས་ཤག འཛུལ་སྒོའི་འགག་ཏུ་རྒྱལ་བའི་བཀའ་བསྟན་གསུང་རབ་ཀྱི་ཕྱག་དཔེ་ཁང་། ནང་ལོགས་ན་གཟིམས་ཁྲི་དང་། ཞབས་ཆག་འཇོག་སའི་སྟེགས་བུ་བང་རིམ་ཅན། ཞབས་ཀྱག་མདུན་འཇོག་ཆ་འགྲིགས། ཁྲུས་ཀྱི་གཞོང་བ་ཆེ་ལེགས། ཁོར་ཡུག་ཡངས་ཤིང་འདུག་སྙིང་སྤྲོ་བ། བྱིན་རླབས་དང་ཞི་བདེའི་སྣང་བ་ངང་གིས་འདྲེན་འོང་བ་ཞིག་རེད། དེ་བཞིན་བླ་མཁན་ཆེ་ཁག་དང་མགྲོན་པོ་གལ་ཆེན་ཁག་བཞུགས་སའི་ཁང་མིག་འགའ་ཞིག་ཀྱང་འདུག གལ་སྲིད་ཁྱེད་ཀྱིས་ཆོས་ཚོགས་དེའི་ཕྱི་ནང་གི་བཀོད་པ་དང་། ལྷག་པར་ནང་ངོས་ཀྱི་བཟོ་བཀོད་སྒྱུ་རྩལ་གྱི་རྣམ་འགྱུར་ལ་ཞིབ་ཏུ་མཇལ་ན། བོད་ལུགས་སྲོལ་རྒྱུན་གྱི་རྣམ་པ་ལ་དེང་རབས་ཀྱི་རྒྱན་ཆ་ཕྲ་མོས་འགྱུར་བག་བཏོན་པའི་ངང་ཚུལ་དག་ནི་ངོ་མ་ཡིད་དབང་འཕྲོག་པ་ཞིག་རེད། ད་དུང་བཀའ་བསྟན་གཙོ་བོར་གྱུར་པའི་གསུང་རབ་དང་། སངས་རྒྱས་བྱང་སེམས་ཞི་བ་དང་ཁྲོ་བོའི་བརྐོས་བླུག་གི་ལྷ་སྐུ་སྣ་ཚོགས། ལྷ་བྲིས་སྒྱུ་རྩལ་གྱི་གསོན་ཉམས་ལྡན་ཞིང་ཚོན་མདངས་རྣམ་པར་བཀྲ་བའི་བྲིས་ཐང་དང་། གོས་ཐང་རྣམས་ནི་གཅིག་ལས་གཅིག་ལྷག་བཀྲག་མདངས་ཆེ་ཞིང་སྤུས་ཀ་བཟང་ལ། རྔ་རོལ་དང་། དུང་རྒྱ་གླིང་། ཌ་དྲིལ། ནང་མཆོད། བཀྲ་ཤིས་རྟགས་བརྒྱད་སོགས་ཀུན་ཏུ་བཟང་བོའི་མཆོད་རྫས་རྣམས་ཀྱིས། ཆོས་གླིང་འདི་བླ་བྲང་དང་ཆོས་ཚོགས་གཉིས་འཛོམས་ཀྱི་བསྟི་གནས་ཕུན་སུམ་ཚོགས་པ་ཞིག་ཏུ་འཛུགས་སྐྲུན་གནང་འདུག དེ་ལྟར་ཆོས་གླིང་དེའི་བཟོ་བཀོད་ཀྱི་རྣམ་པ་རེ་རེར་བསམ་བློ་ཞིབ་མོའི་ལུགས་སུ་གཏོང་ཡོང་སྐབས། ཆོས་གླིང་དེ་དང་དེའི་གཞི་འཛིན་བླ་མ་ཚུལ་ཁྲིམས་གཉིས་ལ་མེད་ན་མི་འབྱུང་གི་འབྲེལ་ཐག་སྲ་མོ་ཞིག་གིས་བཟུང་ཡོད་པ་ངང་གིས་ཚོར་ཡོང་། དཔྱག་གཞིའི་ཡིག་ཆ་དག་ལས་བཤད་པ་ལྟར་ན། བླ་མ་ཁོང་ནི་སྤྱི་ལོ༡༩༦༨ལོར་སྐུ་འཁྲུངས་ཤིང་། དགུང་ལོ༡༨ཐོག༧ཀརྨ་པའི་གཞིས་ཀྱི་གདན་ས་མཚུར་ཕུ་དགོན་ནས་རབ་ཏུ་བྱུང་། སངས་རྒྱས་ཆོས་ལུགས་སྤྱི་དང་ལྷག་པར་ཀམ་ཚང་རང་ལུགས་ཀྱི་འདོན་རྟ་དབྱངས། རྡུང་ཕྱག་ལེན་སོགས་ལ་ནང་བྱན་ཆུབ་ཐོག ལོ་གསུམ་ཕྱོགས་གསུམ་གྱི་བསྙེན་སྒྲུབ་མཐར་ཕྱིན་ཞིང་། བཀའ་བརྒྱུད་ཕ་ཆོས་ནཱ་རོ་ཆོས་དྲུག་ལ་གནད་དུ་ཐིངས་པའི་ཐུགས་སྦྱོང་གྲུབ་རྗེས། མཚུར་དགོན་གྱི་མཆོད་དཔོན་ཆེན་མོ་དང་། ༧རྒྱལ་དབང་ཀརྨ་པ་སྒོས་ཀྱི་མཆོད་ཁང་དང་བླ་བྲང་གི་དམིགས་བསལ་བཟོ་འགོད་པའི་ཐུགས་འགན་བཞེས་མྱོང་བ་མ་ཟད། ༧ཀརྨ་པ་དང་སྒྲུབ་དཔོན་བདེ་ཆེན་སྙིང་བོ་ཟུང་གིས་བཀའ་བཀོད་ལྟར། བོད་ཕྱི་ནང་དང་ཨེ་ཤ་ཡའི་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་ཕེབས་ཏེ་ཆོས་ཁྲིད་དང་། དབང་ལུང་མན་ངག་གི་ཆོས་ཆར་འབེབས་པའི་བྱེད་པོར་ཡང་ཆགས་ཡོད་སྟབས། ཁོང་ནི་མཚུར་ཕུའི་ཆོས་འཇིག་གཉིས་ཐད་ཤེས་འཇོན་ཡར་ལྡན་ཡོད་པའི་བླ་མ་ཞིག་ཡིན་འདུག་པ་མ་ཟད། ཤིང་བཟོས་རིག་གནས་དང་། སྤྱི་ཚོགས་ཞབས་ཞུ། སྤྱི་ཚོགས་འབྲེལ་ལམ་སོགས་སྤྱི་སྒེར་གྱི་བྱ་བ་ཆེ་ཕྲ་གང་ལའང་དཔྱོད་ཤེས་སྒྲུབ་ཤེས་ལྟ་བུའི་བློ་གྲོས་ཅན་ཞིག་ཡིན་འདུག་པས། ད་གཟོད༧རྒྱལ་དབང་ཀརྨ་པ་ཕྱི་ཕྱོགས་སུ་གདན་འདྲེན་པའི་ལས་འགུལ་ཆེན་པོའི་རིགས་སྤེལ་ཐུབ་པ་དང་། ༧ཀརྨ་ཐེག་གསུམ་ཆོས་གླིང་ལྟ་བུའི་ཆོས་ཚོགས་སྤུས་དག་པོ་དེ་འདྲ་འཛིན་སྐྱོང་གནང་ཐུབ་པ་ཞིག་ལོས་ཡིན་སྙམ། གུས་པ་ཆོས་འཇིག་གང་ཐད་ནས་ཤེས་འཇོན་ཅིའང་མེད་པའི་མི་ཉམ་ཆུང་ཞིག་ཡིན་ནའང་། ཁོང་གིས་ཕྲན་ལ༧རྒྱལ་དབང་ཀརྨ་པའི་དམིགས་བསལ་གྱི་མཇལ་ཁ་ཐེངས་མ་གཉིས་ལ་གནང་རོགས་ཞུས་པ་དང་། ༧ཀརྨ་ཐེག་གསུམ་ཆོས་གླིང་དུ་ཆོས་ཀྱི་མཛད་སྒོ་རེར་བཅར་སྐབས། བུང་བ་གསེར་གཟིགས་ལྟ་བུས་གསོལ་ཇའི་སྐབས་བླ་གྲྭ་བཞུགས་སའི་གསོལ་སྟེགས་སུ་སྡོད་གནས་སྩལ་ཏེ། ཆོས་དང་འཇིག་རྟེན་ལས་འཕྲོས་པའི་བཀའ་མོལ་མང་བོ་བྱེད་རྒྱུ་བྱུང་བ་ནི་ངའི་མི་ཚེའི་ནང་གི་བསོད་ནམས་ཤིག་ལ་སྒོམ་བཞིན་ཡོད། ཆོས་གླིང་འདི་ནི་༧རྒྱལ་དབང་ཀརྨ་པ་མཆོག་དང་། མཁན་ཆེན་ཁྲ་འགུ་རིན་པོ་ཆེ། མཁན་པོ་ཀར་དར་རིན་པོ་ཆེ། སྨིན་གླིང་མཁའ་འགྲོ་རིན་པོ་ཆེ། ཡོངས་དགེ་མི་འགྱུར་རིན་པོ་ཆེ། མཁན་པོ་ཚུལ་ཁྲིམས་རྒྱ་མཚོ། ཀྲུ་ལུག་སྐྱབས་མགོན། དཔལ་རྡོར་སྤྲུལ་སྐུ་རིན་པོ་ཆེ་སོགས་བཀའ་རྙིང་རིས་མེད་ཀྱི་བླ་སྤྲུལ་མཁན་གྲྭ་མང་བོས་བྱིན་གྱིས་བརླབས་པའི་གནས་ཡིན་པས། སྟོད་ལུང་མཚུར་ཕུ་དང་། རུམ་བཏེགས། གསང་སྔགས་རྒྱུད་སྟོད་གྲྭ་ཚང་རྣམས་རེ་ཞིག་མཇལ་སྐལ་མ་ལྡན་ཡང་། ༧ཀརྨ་ཐེག་གསུམ་ཆོས་ཀྱི་འཁོར་ལོ་ནི་ངའི་ཁྱིམ་མཚེ་ཡིན་པས་ང་བསོད་ནམས་ཤིན་ཏུ་ཆེ། བོད་རིགས་སྤུན་ཟླ་ལགས། གལ་ཏེ་སྐུ་ཉིད་ལ་ཁོམ་ལོང་འདྲ་ཡོད་ཚེ། ༧རྒྱལ་དབང་ཀརྨ་པའི་གདན་ས༧ཀརྨ་ཐེག་གསུམ་ཆོས་གླིང་དུ་ཐེངས་རེར་ཕེབས་གནང་དང་། དཔལ་འབྱོར་གྱི་འགྲན་རྩོད་དང་། ལས་བྲེལ་གྱི་ངལ་རྩོལ་ནང་དཀའ་སྡུག་ཅི་ཙམ་ཞིག་ཆེ་ནའང་། ཆོས་གླིང་འདི་ནི་ཁྱེད་ཀྱི་དཀའ་སྡུག་ཚང་མ་བརྗེད་འགྲོ་སའི་བས་མཐའི་དག་ཞིང་ངོ་མ་ཞིག་ཡིན། གོ་སྐབས་འདི་བརྒྱུད་ཆོས་གླིང་འདིའི་གཞི་འཛིན་བླ་མ་ཚུལ་ཁྲིམས་མཆོག་དང་། བླ་མ་བསྟན་འཛིན་རྣམ་གཉིས་ལ་སེམས་གཏིང་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་ཆེ་བྱུང་ཞུ་བ་དང་། སྐུ་ཚེ་བརྟན་ངོས་བསྟན་འགྲོའི་མཛད་འགན་མཁའ་ཁྱབ་ཏུ་སྤེལ་ཐུབ་པའི་རེ་བ་དང་སྨོན་ལམ་ཡོད། བཀྲ་ཤིས་བདེ་ལེགས་བཅས་ཟླ༦ཚེས༡༦ཉིན་སྔར་གྱི་ཟིན་ཐོར་འཕྲི་སྣོན་ཅུང་ཟད་ཅིག་བགྱིས་ཏེ་སྤེལ་བ་དགེའོ།།

ངོ་སྤྲོད།

Post navigation

Previous Post: ཐང་ཧྲུའུ་རྩོམ་པ་པོའི་པོད་ཁུག་ལས།
Next Post: ཇོ་ནང་གཞན་སྟོང་བགྲོ་གླེང་ཐེངས་བཅུ་གསུམ་པ།

Comments (7) on “༅༅།། ཀརྨ་ཐེག་གསུམ་ཆོས་གླིང་།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-06-17 at 10:01 pm

    སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ཀརྨ་པ་།
    མཚན་སྙན་ཡོངས་སུ་གྲགས་པ་ཀརྨ་པ་།
    སྐུ་ཡིའི་འཕྲེང་བ་བཅུ་བདུན་འགྲོ་བའི་མགོན་།
    ཀརྨ་པ་ཡིས་མཚན་གྱིས་འགྲོ་ཀུན་སྐྱབས་།

  2. གནམ་ལྕགས་རྡོ་རྗེ། says:
    2018-07-02 at 4:30 pm

    སོ་སོའི་བསམ་ཚུལ་ལེགས་པོ་བྲིས་འདུག

  3. ཀརྡོ་གཉེར་ཕྱག་པ་ says:
    2018-07-03 at 12:42 am

    བཅུ་དྲུག་རིག་པའི་རྡོ་རྗེ་དང་། །
    བཅུ་བདུན་ཨོ་རྒྱན་འཕྲིན་ལས་མཆོག །
    ཀརྨ་པ་ལ་གསོལ་བ་འདེབས། །
    ཀརྨ་པ་ཡི་བྱིན་གྱིས་རློབས། །
    ་
    ཁ་བརྡར་ཀརྡོས་བྲིས་པའི་བླ་མའི་རྣལ་འབྱོར་བསྡུས་ཤོག

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-07-03 at 5:39 pm

    ཀརྨ་པ་ཡིས་མཛད་འཕྲིན་ནམ་མཁའ་མཉམ་།
    ཀརྨ་པ་ཡིས་འཁྲུངས་རབས་མཚར་དུ་མངར་།
    ཀརྨ་པ་ཡིས་འགྲུལ་བཞུད་ངོ་མཚར་ཆེ་།
    ཀརྨ་པ་ཡིས་མཚན་གྱིས་ས་གསུམ་ཁྱབ་།

  5. འབྲོང་བུ་སོག་ཚ། says:
    2018-07-04 at 7:57 pm

    ཁྱེད་ནི་མི་བསོད་ནམས་ལྡན་པ་ཞིག་ལོས་ཡིན། ང་ལ་ནི་གནས་འཛིན་བླ་མ་ཚུལ་ཁྲིམས་ཞུ་བ་དང་། བླ་མ་བསྟན་འཛིན་གཉིས་མཇལ་ཁ་དང་། གསོལ་ཇ་སོགས་གནང་རྒྱུར་ལྟ་ཅི། དེ་ལས་ལྡོག་སྟེ་བཀའ་བཀྱོན་དང་། ཁོང་ཁྲོའི་རྣམ་པས་གཟིགས་ཕྱོགས་ཤིན་ཏུ་མི་ལེགས་པ་བཅས་གནང་བྱུང་བས་སེམས་དཔོབ་རང་བཞིན་གྱིས་ཞི་སོང་བས་ཅི་བྱ་བྲལ།།

  6. ཀརྡོ་གཉེར་ཕྱག་པ་ says:
    2018-07-05 at 12:50 am

    ཁ་བརྡར་ཀརྡོས་བྲིས་པའི་བླ་མའི་རྣལ་འབྱོར་བསྡུས་ཤོག
    འདི།
    ཁ་བརྡར་ཀརྡོས་བྲིས་པའི་བླ་མའི་རྣལ་འབྱོར་བསྡུས་ཤིག

  7. ཀརྡོ་གཉེར་ཕྱག་པ་ says:
    2018-07-05 at 12:53 am

    ཀརྨ་རྒྱ་གར་ལེགས་སྦྱར་ཚིག །
    བོད་ནང་བདག་སྒྲ་པ་ཞིག་སྦྱར། །
    ཀརྨའི་མིང་ཅན་བཀའ་བརྒྱུད་དང་། །
    མགོ་སེར་ཀརྨ་དེ་བས་མང་། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme