Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄། །བོད་མིའི་ཚེ་སྲོག་གི་མཆོད་པ།

Posted on 2012-11-212012-11-21 By ཤར་ཕྱོགས་ཁུག་རྟ། 4 Comments on ༄། །བོད་མིའི་ཚེ་སྲོག་གི་མཆོད་པ།

ན་གཞོན་ཤེས་ཡོན་པའི་ཚོགས་ཆེན་ཐེངས་དང་པོར་གནང་བའི་སྙན་ངག།

པད་མ་གདུང་བཙན། ཨ་རི།

འགྲོ་བ་མི་རུ་སྐྱེས་པའི་གོ་ཆོད་ཅིང་། །རྩམ་གཟན་བོད་མིར་སྐྱེས་པའི་སྒོས་གོ་ཆོད། །ཆོས་ལྡན་ཞིང་དུ་སྐྱེས་པའི་དམིགས་གོ་ཆོད། །གཉན་འཕྲང་དུས་སུ་སྐྱེས་པའི་ཡང་གོ་ཆོད། །སྐྱེས་པའི་རྗེས་ལ་ནམ་ཞིག་འཆི་ངེས་ཡིན། །སྐྱེས་ཡུལ་མཆོག་སྟེ་འཛམ་གླིང་རྩེ་མོ་ཡིན། །རྟེན་གྱི་མཆོག་སྟེ་དལ་འབྱོར་མི་ལུས་ཡིན། །རིགས་ཀྱི་མཆོག་སྟེ་ཐུ་བྷོད་མི་རིགས་ཡིན། །སྟོན་པ་མཆོག་སྟེ་ཤཱཀྱ་ཐུབ་པ་ཡིན། །ལྟ་བ་མཆོག་སྟེ་རྟེན་ཅིང་འབྲེལ་འབྱུང་ཡིན། །སྤྱོད་པ་མཆོག་སྟེ་འཚེ་མེད་ཞི་བ་ཡིན། །འཆི་ལུགས་མཆོག་སྟེ་ལུས་སྲོག་སྲེག་འབུལ་ཡིན། །འཕོ་ཡུལ་མཆོག་སྟེ་བདེ་བ་ཅན་གྱི་ཞིང་། །འདྲེན་པ་མཆོག་སྟེ་སྤྱན་རས་གཟིགས་དབང་ཡིན། །གཟུངས་ཀྱི་མཆོག་སྟེ་ཡི་གེ་དྲུག་མ་ཡིན། །བླ་མ་རྩ་གསུམ་རྒྱ་མཚོ་སྤྱན་འདྲེན་གཤེགས། །ཉི་ཟླ་པདྨའི་གདན་ལ་མངོན་པར་བཞུགས། །ལུས་ངག་ཡིད་གསུམ་ཕྱི་ནང་གསང་མཆོད་བཞེས། །ཉམ་ཐག་འགྲོ་བའི་མགོན་དང་དཔང་དུ་བཞུགས། །སྤྱན་རས་གཟིགས་ཀྱི་གདུལ་ཞིང་གངས་ལྗོངས་ན། །ཡང་ཡང་འབར་ཞིང་ཆེ་ནས་ཆེར་འབར་བའི། །མེ་ཡི་ཕུང་བོ་འདི་དག་གཟིགས་ལགས་སམ། །བླ་མ་སྤྱན་རས་གཟིགས་དབང་གདན་འདྲེན་ཆེད། །ཁ་བ་རི་བའི་ཆོས་སྲིད་རང་དབང་སླད། །རྩ་ཆེའི་སྲོག་གི་མཆོད་པ་འདི་འབུལ་ན། །རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། །ཡོངས་རྫོགས་གངས་ལྗོངས་རང་དབང་བདེ་སྐྱིད་དཔལ། །མྱུར་དུ་འཆར་བའི་ཐུགས་རྗེ་མཐུ་དཔུང་བསྐྱེད། །བོད་རྒྱ་གཙོ་བྱས་ཁམས་གསུམ་སེམས་ཅན་ཀུན། །འདོད་ཆགས་ཞེ་སྡང་ང་རྒྱལ་ཕྲག་དོག་སྟེ། །དུག་གསུམ་དུག་ལྔའི་རྩ་བ་མ་རིག་པའི། །དབང་གྱུར་ལས་ངན་གཏོས་ཆེན་བསགས་པ་རྣམས། །ཚེ་སྲོག་མེ་མཆོད་འདི་ཡིས་བསྲེགས་གྱུར་ཅིག །རྩ་ལྟུང་བཅུ་བཞི་སྦོམ་པོ་རྣམ་པ་བརྒྱད། །སོ་ཐར་བྱང་སེམས་གསང་བ་སྔགས་གསུམ་གྱི། །སྡོམ་པ་བསླབ་པ་དམ་ཚིག་ཉམས་ཆག་ཀུན། །ཚེ་སྲོག་མེ་མཆོད་འདི་ཡིས་དག་གྱུར་ཅིག །ཁྱད་པར་ཆོས་རྒྱལ་སྐུ་ན་རིམ་བྱོན་དང་། །སྤྱན་རས་གཟིགས་དབང་ངུར་སྨྲིག་རྣམ་རོལ་གྱིས། །ཤ་གཟན་གདོང་དམར་འདུལ་དང་འདྲེན་པའི་ཚེ། །བླ་མའི་སྐུ་ལ་ངན་སེམས་ཁྲག་ཕྱུངས་སོགས། །འགྲོ་བ་ཐམས་ཅད་དུས་གཅིག་བསད་པ་ལས། །ལྷག་པའི་ལས་ངན་སྡིག་ལྟུང་ཅི་བསགས་ཀུན། །བོད་མིའི་སྲོག་མཆོད་འདི་ཡིས་དག་གྱུར་ནས། །བདེ་བའི་དབུགས་དབྱུངས་མགོན་སྐྱབས་དཔུང་གཉེན་མཛོད། །དབེན་པར་བསྟེན་ཀྱང་རང་སེམས་མ་ཐུལ་ལ། །ཆོས་གྲྭར་བསྡད་ཀྱང་གནས་ལུགས་མ་རྟོགས་པར། །ཆོས་ལ་བརྟེན་ནས་ཆོས་མིན་ལས་ངན་བསགས། །ཡེ་ཤེས་སྤྱན་ལྡན་འཁྲུགས་ནས་སྡོངས་གྲོགས་ཡལ། །སྤྱོད་ངན་རང་གིས་བྱས་ཀྱང་གནོངས་འགྱོད་མེད། །དགྲ་གྲོགས་འཛིན་སྟངས་འཁྲུལ་ནས་བཟང་བོ་བཅོམ། །བྱས་པ་རྗེས་ཅན་གང་མང་ཕྲ་མས་བསད། །སྟོན་པ་གཅིག་པའི་བསྟན་འཛིན་དབྱེན་ཡང་བྱས། །འདི་འདྲའི་ལས་ངན་ཡང་ཡང་བསགས་པའི་མཐུས། །བོད་ས་ལག་མཐིལ་ཙམ་ཡང་མ་ལྷག་པར། །སྣོད་བཅུད་དུས་གཅིག་རྒྱ་འདྲེའི་ལག་ཏུ་ཤོར། །བོད་མི་ས་ཡ་མང་བོའི་གཅེས་སྲོག་འཕྲོགས། །དགོན་སྡེ་གྲངས་མེད་གྱང་གོག་འཇག་སྐྱ་འཕྱུར། །རི་བོ་གྲུ་འཛིན་གསེར་ཁྲི་རེ་ཞིག་སྟོང་། །འདི་ནི་ལས་འབྲས་བསླུ་མེད་བདེན་པ་སྟེ། །འདི་ལས་ལྷག་པའི་ཆོས་་ཤིག་རྙེད་དུ་མེད། །འདི་ལས་ལྷག་པའི་བསླབ་བྱ་གང་ནས་འཚོལ། །འདི་ལས་ལྷག་པའི་མེ་ལོང་གང་ན་མཆིས། །འདི་ལས་འགོངས་ནུས་སུ་གང་ཡོད་མ་ཡིན། །ས་ཆུ་མེ་རླུང་ནམ་མཁའ་གང་ལའང་། །སྨིན་པར་མི་འགྱུར་རང་བྱས་རང་ལ་སྨིན། །བཅོམ་ལྡན་འདས་ཀྱི་བཀའ་སྟེ་རྡོ་རྗེའི་གསུང་། །ཡང་ཡང་བསྒྲགས་ཀྱང་ད་དུང་མི་གོ་བ། །ཀྱེ་མ་ལས་ངན་ནང་གི་ལས་ངན་སྟེ། །ཐུགས་རྗེ་ལྕགས་ཀྱུས་གཟུང་ལ་ངལ་བ་ཆེ། །སྲིད་པའི་སྡུག་བསྔལ་མ་ལུས་གཞོམ་འདོད་ཅིང་། །སེམས་ཅན་མི་བདེ་སེལ་བར་བརྩོན་པ་དང་། །འགྲོ་བ་ཐམས་ཅད་བདེ་ཞིང་སྐྱིད་འདོད་རྣམས། །བྱང་ཆུབ་སེམས་ཀྱི་མེ་ལྕེ་སྦར་བར་བྱ། །འདི་ནི་ཚད་མེད་སྙིང་རྗེའི་མེ་ཆེན་སྟེ། །འགྲོ་ཁམས་རྒྱ་མཚོའི་སྙིང་གི་དུ་ཁཿབསྲེགས། །འདི་ནི་བྱམས་པའི་མེ་དཔུང་འབར་བ་སྟེ། །རང་གི་བདེ་བས་གཞན་གྱི་སྡུག་བསྔལ་བསྲེགས། །འདི་ནི་བཏང་སྙོམས་ཆེན་པོའི་མེ་ལྕེ་སྟེ། །ཚར་གཅོད་རྗེས་འཛིན་ཉེ་རིང་ཆགས་སྡང་མེད། །གཟུང་འཛིན་འཁྲུལ་བའི་ཚང་ཚིང་ལྷག་མེད་བསྲེགས། །འདི་ནི་གངས་ཀྱི་ཡུལ་ན་འབར་བའི་མེ། །སྙིང་རྗེའི་མེ་དང་ཤེས་རབ་ཆེན་པོའི་མེ། །བྱམས་པའི་མེ་དང་སྙིང་སྟོབས་ཆེན་པོའི་མེ། །བདེན་པའི་མེ་དང་རང་བཞིན་དག་པའི་མེ། །འདི་ནི་ལས་ངན་སྡིག་སྒྲིབ་སྲེག་པའི་མེ། །འདི་ནི་ཞི་བདེའི་སྐྱ་རེངས་བསུ་བའི་མེ། །འདི་ནི་རང་དབང་ཉིན་བྱེད་འདྲེན་པའི་མེ། །འདི་ནི་འཇིག་རྟེན་ཞི་བདེའི་སྒྲོན་མེ་སྟེ། །མེ་མཆོད་འདི་ཡི་རྟེན་དུ་གྱུར་བ་རྣམས། །འཕགས་པ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་སྟེ། །རྣམ་དག་བདེ་ཆེན་ཞིང་དུ་བརྫུས་འཁྲུངས་ནས། །འགྲོ་བ་འདྲེན་པའི་དེད་དཔོན་ཉིད་གྱུར་ཅིག །ཅེས་པ་འདི་ནི། བོད་ཆུ་འབྲུག་ལོའི་དབྱུག་ཟླའི་ཚེས་ཉེར་གཉིས་ཉིན། རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་ཁྱད་པར་ཅན་གྱི་ཐོ་རེངས་དང་བོར་འདི་འདྲ་ཞིག་འབྲི་འདུན་ཤར་བ་དང་། དྲ་གྲོགས་ལྷག་བསམ་དད་བརྩོན་དང་ལྡན་པ་དགེ་སློང་ཕུན་ཚོགས་དབང་འདུས་ལགས་ནས། རྩོམ་སྐུལ་བྱུང་བ་བཞིན། བར་གསེང་གི་དུས་ཚོད་ལ་གང་ཤར་ལྷུགས་པར་གཟུགས་སུ་བསྟར་བ་འདིས་ཀྱང་། བར་ལམ་མདོ་སྨད་རྔ་བ་ནས་རིམ་པས་མཆེད་པའི་བོད་གངས་ཅན་གྱི་བདེན་པའི་མེ་ལྕེ་བསྒྲོན་མཁན་སྐུ་གཤེགས་རྒྱལ་གཅེས་སེམས་དཔའ་སེམས་མ་རྣམས་ལ་བླ་མེད་གུས་འདུད་དང་མྱ་ངན་ཟབ་མོ་མཚོན་པར་བྱེད་འདོད་ཅིང་། ཁོང་རྣམ་པའི་ཚེ་གྲོགས་དང་ཕ་མ་བུ་ཕྲུག ཕུ་ནུ་མིང་སྲིང་། ཤ་ཉེ་རིང་ཐམས་ཅད་ལ་ཁོ་བོ་སྡུག་བསྔལ་གྱི་ཚོར་བ་དཔག་ཏུ་མེད་པས་རབ་ཏུ་མནར་བཞིན། མྱ་ངན་གུས་འདུད་དང་། ཐུགས་གསོ་ཞུ་བ་དང་འབྲེལ། བོད་མི་འདས་གསོན་ཐམས་ཅད་ཀྱིས་རིང་ནས་སེམས་ལ་བརྣག་པའི་འདོད་དོན། ༧གོང་ས་ལྷ་མིའི་རྣམ་འདྲེན། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོ་མཆོག རིང་བོར་མི་ཐོགས་པར་རང་ཡུལ་གངས་ཅན་ལྗོངས་སུ་ཆིབས་ཁ་མངོན་པར་བསྒྱུར་ཏེ། མི་འགྱུར་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སེན་བཀྲ་ཤིས་རི་མོ་ལེགས་པར་འཁོད་ནས། བོད་གཞིས་བྱེས་མཉམ་འཛོམས་ཀྱི་བདེ་བ་དང་སྐྱིད་པའི་དཔལ་ཐམས་ཅད་ཉེ་བར་བསུ་བའི་རྒྱུར་སྨོན་པའོ། །ས་མཐའི་སྤྲང་འཁྱམས་སྔགས་མིང་ཨོ་རྒྱན་ཆེ་མཆོག་ཧེ་རུ་ཀའམ། སྐྱེས་མིང་གདུགས་དཀར་ཚེ་རིང་དུ་འབོད་པས་བོད་ཆུ་འབྲུག་དབྱུག་ཟླའི་ཚེས་༢༥ལ། སྨོན་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག། བཀྲ་ཤིས། དགེ་ལེགས་འཕེལ།།

བོད་མིའི་ཚེ་སྲོག་གི་མཆོད་པ་ཞེས་པ་འདི་ངའི་བསམ་ཚུལ་ཡིན། དེ་ལས་ལྷག་འབྲི་ཁོམ་བྱུང་མ་སོང་། ཚོགས་འདུ་ལམ་ལྷོངས་ཡོང་བའི་སྨོན་ལམ་བཅས། གདུགས་མིང་གིས།

སྙན་ངག

Post navigation

Previous Post: ཁོང་ཚོ་ནི་མི་རིགས་ཀྱི་དཔའ་བོ་རེད།
Next Post: དམར་པོ་མེ་ཡི་གཏམ་རྒྱུད།

Comments (4) on “༄། །བོད་མིའི་ཚེ་སྲོག་གི་མཆོད་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-11-22 at 1:15 am

    ་་་་ བོད་མི་འདས་གསོན་ཐམས་ཅད་ཀྱིས་རིང་ནས་སེམས་ལ་བརྣག་པའི་འདོད་དོན། ༧གོང་ས་ལྷ་མིའི་རྣམ་འདྲེན། འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བ་བསྟན་འཛིན་རྒྱ་མཚོ་མཆོག རིང་བོར་མི་ཐོགས་པར་རང་ཡུལ་གངས་ཅན་ལྗོངས་སུ་ཆིབས་ཁ་མངོན་པར་བསྒྱུར་ཏེ། མི་འགྱུར་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་གྱི་ཁྲི་འཕང་མཐོན་པོར་ཞབས་སེན་བཀྲ་ཤིས་རི་མོ་ལེགས་པར་འཁོད་ནས། བོད་གཞིས་བྱེས་མཉམ་འཛོམས་ཀྱི་བདེ་བ་དང་སྐྱིད་པའི་དཔལ་ཐམས་ཅད་ཉེ་བར་བསུ་བའི་རྒྱུར་སྨོན་པའོ། །ཟེར།

  2. ཀརྡོ་གཉེར་ཕྱག་པ་ says:
    2012-11-22 at 3:20 am

    ཚེ་སྲོག་མཆོད་མེ།
    བོད་མིས་མི་རབས་འགའ་ཤས་མྱངས། །
    བོད་མིས་གདུག་རྩུབ་ཚད་མེད་མྱངས། །
    བོད་མིས་དབུས་ལམ་གཉིས་སྨན་བཏོན། །
    བོད་མིས་ཚེ་སྲོག་མཆོད་མེ་འབུལ། །

  3. ཅོག་རོང་གི་མྱི། says:
    2012-11-22 at 12:48 pm

    འབྲོག་རི་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བ་འདིས་ཀུན་ལ་ཕན་པར་ཤོག་ཟེར་ན་ག་འདྲ་རེད།

  4. མཁས་དབང་ says:
    2012-11-25 at 8:41 am

    མཆོད་པ་ཟེར་བ་ཐལ་དྲགས་འདུག་་་་་་་ཚེ་འདི་ཡག་པོ་རྩ་བ་ནས་མ་རེད་་་་་་སངས་རྒྱས་ཕེབས་རྗེས་ཚེ་སྲོག་གི་མཆོད་པ་ཟེར་བ་ནང་པའི་གཞུང་ནས་གསལ་མེད་་་་་་ཁྱོད་རང་སུ་ཡིན་མིན་ཤེས་ཐུབ་་་་་་་་་གང་ལྟར་རྡ་ས་སྒྲིགས་འཛུས་ལ་རག་ལས་པ་ཞིག་རེད་་་་་་མེ་བསྲེགས་བཀབ་དང་མ་བཀབ་རྡ་ས་སྒྲིས་འཛུས་དང་ལྷག་པར་དུ་གོང་ས་མཆོག་ལ་རག་ལས་པ་རེད་་་་་་་གལ་དེ་གོང་ས་མཆོག་བོད་ལ་ཕེབས་འདོད་ཡོད་ཚེ་་་་་་་མེ་བསྲེགས་གི་བྱ་སྤྱོད་དེ་བཀབ་རྒྱུ་ཧ་ཅང་ཁག་པོ་རེད་་་་་་་་་་་་གོང་ས་མཆོག་གི་ཆེད་དུ་བོད་མིང་སྟོང་ཕྲག་མང་པོ་མེ་བསྲེགས་བཏང་ན་ཡང་་་་མ་འགྲིགས་པ་གལ་མི་འདུག་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme