Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄།། དབུ་བསྐོར་དམངས་ལ་ཞུས་ཀྱང་བདེན་པ་བསུབ་ཏུ་མི་ནུས།

Posted on 2016-02-272016-02-27 By ཁ་བརྡ 21 Comments on ༄།། དབུ་བསྐོར་དམངས་ལ་ཞུས་ཀྱང་བདེན་པ་བསུབ་ཏུ་མི་ནུས།

ཤར་ཕྱོགས་ཁུག་རྟ།

 
དབུ་ཁྲིད་ཚད་ལྡན་རྣམས་ཀྱང་མི་ཡིན། མི་ཡིན་པས་ནོར་འཁྲུལ་ཡོང་བ་བཤད་མི་དགོས། ནོར་འཁྲུལ་ཤོར་བ་མིའི་རང་གཤིས་སུ་གྲུབ། ཆོས་པ་ཚོར་ནོར་འཁྲུལ་ཤོར་ན། སྔར་བཤགས་ཕྱིས་སྡོམ་གྱི་ལམ་ཁ་ཡོད་ལ། ཆབ་སྲིད་ཐད་ཀྱི་བྱས་ཉེས་དང་ནོར་འཁྲུལ་སྲུང་སྡོམ་ཡོང་ཕྱིར། ལུང་པ་ཚང་མར་ཁྲིམས་རེ་ཡོད། ཕལ་མོ་ཆེས་ཁྲིམས་ལ་བརྩི་ཞིང་། ཁྲིམས་ཀྱི་མདུན་སར་ཚང་མ་འདྲ་མཉམ་ཡིན།
ཁྱད་དུ་འཕགས་པ་ཞིག་ནི། བོད་གངས་ཅན་ལ། རང་གི་ཐུན་མོང་མིན་པའི་རིག་གནས་ཀྱིས་བསྐྲུན་པའི་རྒྱུ་འབྲས་དང་བཟང་སྤྱོད་ཀྱི་ཁྲིམས་ཤིག་ཡོད། དེས་ནོར་བ་ཡོ་བསྲང་། ལམ་ནོར་ལྡོག་ཤེས། ངན་གཡོ་དྲང་པོར་བསྒྱུར་ཐུབ། ཡབ་མེས་དམ་པ་དག་གིས་ལོ་ངོ་སྟོང་ཕྲག་མང་པོར་སྐུ་ངལ་ཁྱད་བསད་ཀྱིས་བསྐྲུན་པའི། མི་རིགས་ཀྱི་རིག་གནས་ཀྱིས་ཐོན་སྐྱེད་བྱས་པའི་གཤིས་ཀ་དང་ཁྲིམས་སྒྲིག་དེ་དག་ནི། རང་ཅག་བོད་མི་རིགས་ཀྱིས་ས་སྒང་འདིར་འཚོ་བ་བསྐྱལ་བྱེད་ཀྱི་གཞི་རྟེན་དུ་གྱུར་ཡོད། རྒྱལ་ཁབ་དང་མི་རིགས་མང་པོས་རང་རང་སོ་སོར་ཕུལ་བྱུང་རིག་གནས་དང་གོམས་གཤིས་ཀྱི་གཞི་རྟེན་ཡོད་མེད་ལ་མ་ལྟོས་པར། མི་མང་གི་མངོན་འདོད་ཁྲིམས་སུ་བཟོས་ཏེ། ཁྲིམས་དེས་ཕྱིར་མི་རིགས་དེ་དང་རྒྱལ་ཁབ་དེར་དབང་བསྒྱུར་བྱེད་བཞིན་པར་སུས་ཀྱང་བསྙོན་དུ་མེད།

རང་ཅག་བོད་མི་ཚོར་མཚོན་ན། ལྷག་པར་ང་ཚོའི་འཐབ་རྩོད་ཀྱི་སྙིང་དོན་ནས་བཤད་ཀྱང་། བོད་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་རྣམས་རྒྱུན་སྲིང་དར་སྤེལ་གནང་དོན་ནི། མི་རིགས་བྱེ་བྲག་པ་ཞིག་གི་སྒེར་དོན་ཁོ་ནའི་ཆེད་མིན་པར། བོད་ཀྱི་ཐུན་མིན་ཁྱད་ཆོས་རྣམས་དེང་དུས་འཁྲུག་ཆ་དོད་པའི་སྤྱི་ཚོགས་འདིའི་སྣོད་བཅུད་གཉིས་ཀའི་འཚོ་གནས་ཚད་ལྡན་རྒྱུན་སྲིང་ཡོང་ཕྱིར་ཕན་ཐོགས་ངེས་ཅན་ཡོད་པ། ༧གོང་ས་ཆེན་པོས་འཇིག་རྟེན་ཧྲིལ་བོར་ཚད་མའི་ལམ་ནས་ངོ་སྤྲོད་གསལ་བོ་གནང་ཟིན་པས། བོད་མི་རིགས་འཚོ་གནས་དགོས་པའི་འཐབ་རྩོད་ཀྱི་བདེན་དོན་ནི་འཇིག་རྟེན་ཧྲིལ་བོའི་བདེ་རྩར་འབྲེལ་བ་ཞིག་ཡིན།

༧གོང་ས་ཆེན་པོས་དུས་རབས་ཕྱེད་ལྷག་རིང་། འཛམ་གླིང་གང་སར་འཇིག་རྟེན་ཀུན་ཁྱབ་ཀྱི་ཐུགས་འགན་དང་། ཆོས་དང་མ་འབྲེལ་བའི་བཟང་སྤྱོད། བོད་མི་རིགས་འཚོ་གནས་བརྟན་བརླིང་དགོས་པའི་གནད་འགག་གསུམ་གཙོ་བོར་བཟུང་སྟེ་མཛད་བཟང་མཐའ་ཡས་པ་བསྐྱངས་ཤིང་། དེའི་ནང་རྒྱལ་སྲིད་ཀྱི་ཐུགས་འགན་བཙན་གྱིས་མི་མང་ལ་གནང་བའང་། བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཀྱི་སྤྱི་བྱེའི་ལས་འགུལ་ཡོངས་རྫོགས། དྲང་བདེན་སྙིང་བོར་འཛིན་པར་ཞུམ་པ་མེད་པའི་སྒྲིག་འཛུགས་ཤིག་མི་མང་གིས་ཕྱི་གསལ་ནང་གསལ། ཁྲིམས་ཀྱིས་དབང་བསྒྱུར་བའི་ལམ་ནས་རྒྱུན་མཐུད་ཐུབ་ཆེད་རེད།

འོན་ཀྱང་ཉེ་བའི་ལོ་འདི་འགར་དགོངས་གཞི་དེ་དག་ལམ་དུ་ལྷོང་རྒྱུར་སྲིད་སྐྱོང་མཆོག་གིས་ཁྱད་དུ་འཕགས་པའི་ནུས་པ་འདོན་ཐུབ་མེད་ལ། ༧གོང་ས་ཆེན་པོའི་དགོངས་གཞི་དང་དྲིན་ཤེས་པའི་རྣམ་འགྱུར་ཡང་ཇེ་ཞན་དུ་སོང་བ་ཡོང་གྲངས་ཡིན། ལྷག་པར་མི་མང་གི་ཚོར་བ་ཆེས་རྣོ་བའི་སྲིད་སྐྱོང་འོས་བསྡུ་ཆེན་མོའི་ལས་རིམ་ནང་། གནད་དོན་ཆེ་ཁག་གཉིས་ཏེ། ཨ་རིའི་དོན་ཁང་ནང་༧གོང་ས་ཆེན་པོའི་སྐུ་པར་བཤམས་སྟངས་དང་། དུས་དབང་ཕྱིར་འགྱངས་སྐོར་གྱི་གླེང་རྙོག་ལས་འཕྲོས་ཏེ། སྲིད་འགན་རྩིས་སྤྲོད་གནང་རྗེས་ཀྱི་དབུ་ཁྲིད་ནས། མི་མང་ལ་ཐུགས་འགན་བཞེས་ཕྱོགས་ཀྱི་ཆོད་སེམས་གཏིང་ཟབ་པོ་དང་དྲང་པོ་མིན་པ་ཇེ་གསལ་དུ་སོང་ཡོད།
སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་བཅུ་བར། བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་སྲིད་སྐྱོང་མཆོག་ལ་ཨ་རིའི་དོན་ཁང་ནང་༧གོང་ས་མཆོག་གི་སྐུ་པར་བཤམས་སྟངས་སྐོར་བཀའ་འདྲི་ཞུ་སྐབས། དེ་འབྲེལ་སྤྱི་འཐུས་བཅུ་གཅིག་གིས་འཕྲོས་དོན་དྲི་བ་ཉེར་གསུམ་བཏང་ཡང་དྲང་པོ་དང་ཐུགས་འགན་བཞེས་པའི་རྣམ་པ་ཅན་གྱི་ལན་འདེབས་གང་ཡང་གནང་མེད་པ། གྲོས་ཚོགས་ལས་རིམ་ནས་ཀུན་གྱིས་ཤེས་གསལ་རེད། ༼འདི་ནས་གཟིགས། https://www.youtube.com/watch?v=32c5ftJA_Hs&sns=fb ༽

ཨ་རིའི་དོན་ཁང་གི་ངོ་གདོང་མཚོན་པའི་རྩིག་གྱང་། གཡས་གཡོན་གཉིས་སུ་ཨ་རི་དང་ཁེ་ན་སྒྲ བོད་བཅས་ཀྱི་དར་ཆ་བསླངས་བ་དེའི་དཀྱིལ་དུ་༧གོང་ས་མཆོག་གི་སྐུ་པར་མ་བཤམས་པར། སྲིད་སྐྱོང་མཆོག་གི་སྐུ་པར་གཙོ་བོའི་རྣམ་པར་བཤམས་པའི་ཚབས་ཆེའི་ནོར་འཁྲུལ་དེ། བོད་ཀྱི་ལོ་རྒྱུས་དང་རིག་གནས། ཆོས་ལུགས། ད་ལྟའི་དངོས་ཡོད་གནས་ཚུལ་སོགས་གང་ནས་བལྟས་ཀྱང་ལམ་སེང་ཞལ་བཞེས་གནང་སྟེ་དགོངས་སེལ་ཞུ་དགོས་ཀྱང་། ”༧གོང་ས་མཆོག་གི་སྐུ་པར་མང་པོ་ཡོད། མཆོད་བཤམས་ནང་བཞག་ཡོད་” སོགས་བོད་མི་ཚོ་སྐྱི་གཡའ་བའི་ལན་གཅིག་གིས་མཐའ་ལ་སྐྱེལ། སྤྱི་འཐུས་རྣམ་པ་དང་རྩོམ་པ་པོ་ཚོས་སྐབས་དེར་སྲིད་སྐྱོང་མཆོག་གི་སྐུ་པར་བཤམས་པ་མི་འགྲིག་ཅེས་གསུང་མེད་ལ། མ་འགྲིག་པ་ནི་༧གོང་ས་མཆོག་གི་སྐུ་པར་ལས་ཀྱང་སྲིད་སྐྱོང་གི་སྐུ་པར་གལ་ཆེར་བརྩིས་པ་ནོར་འཁྲུལ་ཚབས་ཆེན་རེད་ཅེས་ཞུས་ཀྱང་། སྐྱོན་སྐྱོན་དུ་གཟིགས་ནས་ངོས་ལེན་རྩ་བ་ནས་གནང་མེད། ཡིན་ནའང་། ཉེ་སྔོན་ཨ་རི་དང་སུད་སིར་མི་མང་ལ་གཏམ་བཤད་སྐབས། ད་དུང་མུ་མཐུད་སྔོན་གཏམ་བསྐྱར་བཤད་གནང་། དེ་ལྟར་གནང་ན་མི་མང་ལ་དབུ་བསྐོར་ཞུས་པ་མ་རེད་དམ།

བོད་ཀྱི་སྲོག་ཤིང་དང་བོད་མི་ས་ཡ་དྲུག་གི་ཆིག་སྒྲིལ་གྱི་སྙིང་སྟོབས་མཚོན་པའི་༧གོང་ས་སྐྱབས་མགོན་པོ་ཆེན་པོ་ལྟ་བུའི་དབུ་ཁྲིད་ཅིག བྱུང་རབས་ནང་དུའང་མི་འདུག་ལ། མ་འོངས་པར་ཡང་ཡོང་ཐུབ་མིན་ད་ལྟའི་གནས་བབ་ནས་ལྟོས་ན་ཡོང་གཞི་མེད། མི་རིགས་དང་རྒྱལ་ཁབ་གང་ཡིན་རུང་། མི་རབས་ནས་མི་རབས་སུ་སྤོབས་པ་དང་མཚོན་དོན་གྱི་ངོ་བོར་ངོས་འཛིན་གནང་བའི་གང་ཟག་དག་གི་རླབས་ཆེན་གྱི་ནུས་པ་ནི་བརྗོད་ཐབས་མེད། ཚད་གཟུང་དུ་མེད། མཐོང་ཐུབ་ཀྱང་མེད་པས་༧གོང་ས་སྐྱབས་མགོན་ཆེན་པོའི་གཟི་བརྗིད་ཀྱང་དེ་བཞིན་རེད། བོད་མི་རིགས་ཀྱི་སྲོག་ཤིང་ངོས་འཛིན་གསལ་བོ་མ་གནང་བར། ཧམ་པ་ཆེན་པོས་༧གོང་ས་མཆོག་གི་སྐུ་པར་ལས་སྲིད་སྐྱོང་གི་སྐུ་པར་གལ་ཆེར་བརྩིས་པ་ནི་ཆོས་སྲིད་གང་ནས་ཀྱང་ཧ་ཅང་མ་འོས་པ་རེད། དེའི་ཆ་ནས་ནོར་འཁྲུལ་ངོས་ལེན་དང་མི་མང་ལ་དབུ་བསྐོར་ཞུ་མི་ཉན་པའི་ཐུགས་སྤོབས་རྒྱུད་ལ་སྐྱེ་ཐུབ་གནང་དགོས།

གནད་དོན་གལ་ཆེ་གཞན་ཞིག་ནི། དུས་འཁོར་དབང་ཆེན་འོས་ཤོག་ཆེད་བེད་སྤྱོད་བྱེད་བློ་འཁོར་བ་དེ་རེད། སྲིད་སྐྱོང་མཆོག་གིས་ཅིའི་ཕྱིར་དུས་དབང་འོས་བསྡུའི་སྐེད་མཚམས་གནང་རྒྱུར་གསོལ་འདེབས་ཞུས་པ་རེད། བཀའ་ཤག་སྐབས་བཅུ་བཞི་པའི་ལས་ཡུན་རྫོགས་ལ་ཉེ་དུས། སྲིད་སྐྱོང་རྗེས་མ་ཡང་འོས་འདེམས་གནང་ཟིན་པའི་བར་དེར། སྐབས་བཅུ་བཞི་པའི་བཀའ་ཤག་གི་ལས་མཇུག་བཀྲ་ཤིས་ལོ་ལེགས་ངང་མཇུག་སྡོམ་སྐབས་དུས་དབང་གནང་རྒྱུར་གསོལ་འདེབས་ཞུས་ན། ཆོས་ཆོས་སུ་འགྲོ་བ་ཁོ་ཐག་ཆོད་ནས་བོད་ཀྱི་ལྷ་མི་ཡོངས་རྫོགས་ཅི་ལ་མི་དགའ་ཡང་། དེ་ལྟར་མ་གནང་དོན་ཅི་རེད། དེ་དྲི་བ་གཅིག་རེད།

གཉིས་ནས་བཀའ་ཤག་གིས་ཡར་ཞུས་ཡིན། གོང་ནས་མར་ཕེབས་སོང་ཞེས་སྔ་ཕྱི་འགལ་བའི་གསལ་བསྒྲགས་གཉིས་སྤེལ། འགལ་བ་གསལ་བོ་ཡིན་བཞིན་དུ་ཞལ་བཞེས་མ་གནང་བའི་ཁར། གསལ་བསྒྲགས་ནང་མདུན་ལ་ཐོན་སྟངས་བཀའ་ཤག་གིས་ཡར་ཞུས་པ་ཡིན་ཚུལ་མ་བསྒྲགས་པར། སྨན་བཅོས་ཆེད་དུས་དབང་ཕྱིར་འགྱངས་གནང་ཚུལ་བསྒྲགས་ན་མི་མང་ནང་བརྡབ་གསིག་འགྲོ་གི་དོགས་ཀྱིས་གསུང་སྟངས་མཁས་པོ་གནང་བ་ཡིན་ཟེར། མི་མང་ནང་བརྡབ་གསིག་འགྲོ་གཞིར་དགོངས་པ་དངོས་གནས་བཞེས་ཡོད་ན། ཉེ་སྔོན་༧གོང་ས་མཆོག་སྨན་བཅོས་ཆིབས་བསྒྱུར་གནང་ཤུལ་དུ། གནས་ཆུང་ཆོས་རྒྱལ་ཆེན་པོས་གནང་བའི་ཞབས་རིམ་ལ་བཀའ་ཤག་གི་ཛ་དྲག་བཀོད་ཁྱབ་ཅེས་པའི་མིང་བཏགས་ཏེ།
ཆོས་རིག་ལས་ཁུངས་ཀྱིས་༼ཛ་དྲག་༽ཅེས་པའི་ཁ་བྱང་འོག་ “སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་སྐུ་གཟུགས་བརྟག་དཔྱད་དང་འཕྲོད་བཞེས་སྨན་བཅོས་སླད་ཕེབས་ཐོན་གནང་ཟིན་ཡོད་པར” ཞེས་གསལ་བསྒྲགས་ཡིག་ངག་གཉིས་ནས་སྤེལ་དོན་ཅི་ཡིན་ནམ།

unnamed

༢༠༡༥ ཟླ ༨ པའི་ནང་མི་མང་ལ་བརྡབ་གསིག་འགྲོ་ཉེན་དང་། ༢༠༡༦ ཟླ ༡ ནང་གསལ་བསྒྲགས་སྤེལ་དོན་དེས་བརྡབ་གསིག་མི་འགྲོ་བའི་རྒྱུ་མཚན་ཅི་ཡོད། མ་གཞི་ནས་༧གོང་ས་ཆེན་པོའི་སྐུའི་བསྙུང་གཞི་ཛ་དྲག་མིན་པ་གྷ་གྷལ་གནམ་ཐང་ནས་༧གོང་ས་མཆོག་རང་གི་ཞལ་ནས་གསུངས་ཟིན་པ། སྲིད་སྐྱོང་གིས་ཚིག་ཇི་བཞིན་ནེའུ་ཡོག་མི་མང་ལ་གསུངས་སོང་བས། མཁྱེན་བཞིན་དུ་ཛ་དྲག་ཅི་ལ་བཟོས་པ་ཡིན་ནམ། ཡང་ན་སྨན་པས་ཛ་དྲག་རེད་ཅེས་གསུངས་པ་རེད་དམ། ཛ་དྲག་གསལ་བསྒྲགས་སྤེལ་བའི་སྐབས་དེར་ཏག་ཏག་མི་མང་གིས་སྲིད་སྐྱོང་མཆོག་གིས་ཚོགས་གཙོའི་མཉམ་བགྲོ་གླེང་གནང་གི་མི་འདུག་ཅེས་པའི་ལབ་གླེང་འཕྱུར་བཞིན་པའི་སྒང་རེད། ཛ་དྲག་གསལ་བསྒྲགས་དེ་ཡང་སྙིང་ཞབས་རིམ་གྱི་ཆེད་དུ་ཡིན་ནམ། ཡང་ན་མི་མང་གི་ལབ་གླེང་ལྷིང་འཇགས་ཡོང་ཆེད་ཡིན་ནམ།

ད་དུང་རིགས་པ་རྐྱང་པའི་ངོས་ནས་དེད་ཀྱང་། དུས་དབང་སྐོར་ལ་དྲི་བ་གྲངས་མེད་ཡོད་ནའང་། སྲིད་སྐྱོང་འོས་མི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ནམ་ལངས་ལངས། ཉི་མ་ཤར་ཤར་གསུང་བཞིན་པས། དྲི་བ་དེ་དག་མཚམས་བཞག་སྟེ། ངེད་ཅག་མི་མང་ལ་དྲི་བ་མང་པོ་ཡོང་དགོས་པའི་རྒྱུ་མཚན་འདི་དག་གི་རྒྱབ་ན། ཡང་སྙིང་ཅི་ཞིག་འདུག་གམ་ཞེས་ཐུགས་དོགས་ཤིག་ཤར་ན། དེ་ནི་ཏན་ཏན་དོན་གྱི་འབབ་ས་དེ། ༧གོང་ས་སྐྱབས་མགོན་ཆེན་པོར་གུས་བརྩི་ཚད་ལྡན་ཞུ་རྒྱུའི་གཟུངས་བཞུགས་མེད་པ་དང་། མཛད་དཀའ་གཏོད་ཀྱི་ཡོད་པའི་གནས་བབ་རིམ་གསལ་དུ་འགྲོ་གི་ཡོད་པས་རེད། དེའི་ཆ་ནས་ཡིད་སྐྱོ་ཞིང་ཞེ་ཁྲེལ་བའི་ཚོར་བ་འགོག་མེད་ཅིག་ཀུན་ལ་ཡོང་རྒྱུ་ཡིན་པ་ནི་བརྗོད་ག་ལ་དགོས།

གུས་པ། ལོ་ལྔའི་རིང་སྲིད་སྐྱོང་མཆོག་གི་སྤྱན་རྡེབ་སྟངས་ཚུན་ལ་རྒྱུས་མངའ་གསལ་བོ་བྱུང་ཡོད་ནའང་། འོས་བསྡུའི་སྐབས་མཚམས་གནད་དོན་གལ་ཆེའི་ཐད་བདེན་པ་མིན་པའི་བཀའ་མོལ་གསུང་ན་མ་གཏོགས། ཡིག་ངག་གཉིས་ནས་ཅི་ཡང་མི་ཞུ་བ་རྒྱུན་འཁྱོངས་བྱེད་མུས་ཡིན་ཀྱང་། མིག་ལྡན་ཀུན་ལ་གསལ་བོ་གྱུར་ཟིན་པའི་གནད་དོན་སྟེང་དུའང་། ད་དུང་དྲང་པོས་བཀའ་ལན་དང་བྱམས་པའི་ཐུགས་ཀྱིས་ནོར་འཁྲུལ་ངོས་ལེན་གནང་རྒྱུ་ལྟ་ཅི། དབུ་ན་གནམ་དང་ཞབས་ན་ས་མ་གཏོགས་འགན་འཁུར་དགོས་ས་གང་ཡང་མེད་པའི་ཚུལ་གྱིས། སུ་གང་ལའང་ལྟོས་མེད་ཀྱིས། སྤྱང་གྲུང་ཆེ་མདོག་ནི་བློན་ཆེན་མགར་སྟོང་བཙན་ལྟ་བུར་རློམ་ཏེ། དོན་ལ་མངོན་སུམ་རྐྱང་རྐྱང་ལ་བསྙོན་པ་འདི་ཡག་པོ་མ་རེད་ཅེས་མ་ཞུ་ཐབས་མེད་ཆགས་སོང་། འདི་ནི་བོད་ཀྱི་ལོ་རྒྱུས་ལ་འགན་འཁུར་ནས་བྲིས་པ་ལས། འོས་བསྡུའི་སྐབས་ཀྱི་བསམ་ཚུལ་ཙམ་མིན།། བདེན་པ་རྒྱལ་ལོ། དབུ་མའི་ལམ་རྒྱལ་ལོ།།

༢༠༡༦། ༢། ༢༥། ཉིན།།

གསལ་བཤད།

Post navigation

Previous Post: བོད་མི་ཡིན་ཚེ་བོད་ཡིག་སྤྱོད།
Next Post: སྲིད་སྐྱོང་མི་གླེང་། སྤྱི་འཐུས་མི་རྩོད།

Comments (21) on “༄།། དབུ་བསྐོར་དམངས་ལ་ཞུས་ཀྱང་བདེན་པ་བསུབ་ཏུ་མི་ནུས།”

  1. རྣམ་རྒྱལ། says:
    2016-02-27 at 4:00 am

    སྐྱོན་བརྗོད་པ་པོ་ཤར་ཁུག་ཡིན་ཙམ་བདེན་རྫུན་གང་ཞིག་ཡིན་ཡང་མི་ཚོས་ལས་སླ་པོར་ཁས་ལེན་གྱི་མ་རེད། མ་གཞི་ཤར་ཁུག་ལ་དྲང་པོ་ཞིག་དང་མེད།

  2. ལུང་རྟོགས། says:
    2016-02-27 at 4:28 am

    ཀླུ་ཁྲི་ཟླ་འོད་ལགས་ཀྱི་ངོ་དེབ་ནས་བཤུས།

    བློ་གཟུ་བོར་གནས་ཤིང་གནས་ལུགས་ཉན་ཤེས་མཁན་དག་ལ་གནས་ལུགས་གསོན་པོ་ཞིག་བཤད་ཡོད། གནས་ལུགས་ཉན་མི་ཤེས་པར་ཞེན་ཁོག་ཁོ་ནའི་དབང་དུ་འགྲོ་མཁན་ཚོའི་སྙིང་ལ་གྲི་གཙགས་ཤིག་བྱས་བཞག་ཡོད།

    ང་ལ་མཚོན་ན་སྤྱི་འཐུས་ཚོགས་གཙོ་མཆོག་ལ་གུས་བཀུར་བྱེད་ཀྱི་ཡོད་ལ་གཞི་མེད་སྐྱོན་འཛུགས་གང་ཡང་བྱེད་མྱོང་མེད། འོན་ཀྱང་ཁོང་གི་རྒྱབ་སྐྱོར་བ་ཁག་ཅིག་གི་བྱ་སྤྱོད་ནི་ཧ་ཅང་སྐྱུག་བྲོ་པོ་རེད། ངས་རང་གི་རྒྱབ་སྐྱོར་ཞུ་སའི་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་མཆོག་གི་ཡོན་ཏན་བསྒྲགས་པ་དང་། ཁོང་ལ་གཞི་མེད་སྐྱོན་འཛུགས་བྱེད་མཁན་ཚོར་གསལ་བཤད་དང་བདེན་པ་ར་སྤྲོད་ཀྱིས་ལེན་འདེབས་བྱེད་པ་ལས་ཆོལ་ཁའི་སྐད་ཆ་བཤད་ནས་དབྱེན་དཀྲུག་བྱས་པ་དང་། དོན་མེད་མི་ལ་ཚིག་ངན་བཤད་ནས་སུན་པོ་བཟོས་བཞག་པ་གང་ཡང་མེད། འོན་ཀྱང་བདེ་སྒྲོལ་དང་འཇིགས་མེད་ཊིས་ལྷ་ཞོལ་ཟེར་བ་འདི་གཉིས་ཀྱིས་ངས་དབྱེན་དཀྲུག་བྱེད་ཀྱི་འདུག་ཟེར་ནས་ངའི་ངོ་དེབ་ཁྱབ་བསྒྲགས་བྱས་པ་དང་ང་རྒྱ་མིའི་རྒྱུག་ཁྱི་རེད་མདོག་བཤད་སོང་། དོན་ངོ་མ་ཆོལ་ཁའི་དབྱེན་དཀྲུག་བྱེད་མཁན་ནི་ང་མིན་པར་དབུས་གཙང་དང་མདོ་སྨད་དབུས་རྒྱུན་ནང་གི་མི་ཁ་ཤས་རེད། དེ་ཡང་ཡིན་ཏེ། སྲིད་སྐྱོང་དང་ཤར་ཁུག་གཉིས་ཀྱི་འགལ་ཟླས་རྐྱེན་པས་མདོ་སྨད་ཀྱི་མི་མང་པོ་ཞིག་གིས་སྲིད་སྐྱོང་ལ་སྡང་ཟུག་བྱེད་ཀྱི་ཡོད་ཅིང་། ཟླ་བ་ཚེ་རིང་སོགས་དབུས་གཙང་དབུས་རྒྱུན་གྱི་མི་མགོ་བདེ་པོ་ཁ་ཤས་ཀྱིས་གོ་སྐབས་དེ་བཟུང་ནས་མདོ་སྨད་སྤྱི་འཐུས་སྤེན་པ་ཚེ་རིང་སྲིད་སྐྱོང་འོས་མིར་སྟོན་ནས་སྲིད་སྐྱོང་ལས་ཐོག་བློ་སེང་ཕམ་པར་རྒྱག་རྒྱུའི་ཐབས་ཇུས་མཐེན་ཡོད།

    འོན་ཀྱང་མི་མང་གིས་ཁོ་ཚོའི་གཡོ་ཇུས་ལ་རྒྱབ་སྐྱོར་མ་ཐོབ་པར་སྲིད་སྐྱོང་མཆོག་གི་བྱས་རྗེས་ལ་ངོས་འཛིན་གྱིས་སྔོན་འགྲོའི་འོས་བསྡུའི་ནང་སྲིད་སྐྱོང་ལ་འོས་ཤོག་ཤུགས་ཆེར་བླུགས་ཡོད། དེས་རྐྱེན་པས་ཟླ་བ་ཚེ་རིང་དང་འཕྲིན་ལས་སྐལ་བཟང་སོགས་ཀྱིས་གངས་ཅན་གླིང་སོགས་སྐད་འཕྲིན་ཚོགས་པ་མང་པོ་བཙུགས་ནས། ཡིག་ངག་གཉིས་ཐོག་ནས་དབུས་གཙང་མི་མང་ལ་ཆོལ་ཞེན་དགོས་པའི་སྐུལ་མ་བྱས་པ་དང་། གཞིས་ཆགས་རྒན་རྒོན་ཚོའི་དད་པ་ལོག་སྤྱོད་ཀྱིས་སྲིད་སྐྱོང་གིས་ཨ་རིའི་དོན་ཁང་གི་གོང་ས་མཆོག་གི་སྐུ་པར་མར་ཕབ་ནས་རང་གི་པར་ཡར་བཞག་པ་རེད་ཅེས་མགོ་སྐོར་བཏང་བ་སོགས་བྱེད་རྒྱུ་ཡོད་ཚད་བྱས་ཡོད། མདོ་སྨད་དབུས་རྒྱུན་ཐོག་མར་བརྟན་པོ་འདྲ་ཞིག་གནས་ཡོད་ཀྱང་རྗེས་སུ་ཟླ་བ་ཚེ་རིང་སོགས་ཀྱི་གཡོ་ཇུས་འོག་ལ་ཚུད་ནས་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་དགོས་པའི་བསྒྲགས་གཏམ་སྤེལ་ཏེ་ཆོལ་ཁ་དཔུང་སྒྲིག་གི་རྣམ་པ་གསལ་པོ་ཐོན་ཡོད། དེ་ལྟར་ཡིན་པ་ནི་ཉེ་ཆར་བཀྲམ་པའི་མདོ་སྨད་དབུས་རྒྱུན་གྱི་བསྒྲགས་གཏམ་ནང་། ༼དབུས་གཙང་ཆོལ་ཁ་དང་། མངའ་རིས་སྤྱི་མཐུན་ཚོགས་པ། མདོ་སྨད་ཆོལ་ཁ་བཅས་ཀྱི་དབུས་རྒྱུན་ལས་རྣམས་པ་ལྷན་འཛོམ་ཐོག ས་གནས་སོ་སོར་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་ཚོགས་ཆུང་རེ་འཛུག་རྒྱུ་གཏན་ཁེལ་བྱུང་ཡོད༽ ཅེས་པ་འདིས་གསལ་པོ་སྟན་ཡོད།

    འདི་ལྟར་ཕྱོགས་ཡོངས་ནས་ལྟས་ཡོང་དུས་དབུས་གཙང་དང་མདོ་སྨད་ཀྱི་མི་ཁག་ཅིག་གིས་ཁམས་པ་ཚོས་ཆོལ་ཞེན་བྱེད་ཀྱི་འདུག་ཅེས་འུར་སྒྲོག་མང་པོ་ཞིག་བྱས་སོང་རུང་། དོན་ངོ་མ་ད་བར་དུ་ཁམས་པའི་ཚོགས་པ་སྒྲིག་འཛུགས་གང་གིས་ཀྱང་སྲིད་སྐྱོང་འོས་མི་སྟོན་པ་དང་ལས་ཐོག་སྲིད་སྐྱོང་ལ་རྒྱབ་སྐྱོར་དགོས་པའི་སྐུལ་མ་བྱེད་པ་སོགས་བྱས་མ་སོང་། ཁམས་པའི་མི་རེ་ཟུང་གིས་ཆོལ་ཞེན་གྱི་སྐད་ཆ་འདྲ་མིན་བཤད་ཡོད་སྲིད་ཀྱང་དེ་ནི་མི་སྒེར་གྱི་ལྟ་ཚུལ་ཙམ་ལས་ཁམས་པ་ཡོང་ཀྱི་ཚབ་མཚོན་མི་ཐུབ། འོན་ཀྱང་ཆོལ་ཁ་གང་དང་གང་གི་ཚོགས་སྐྱིད་ཁག་ནི་ཆོལ་ཁ་དེ་དང་དེའི་ཚབ་མཚོན་ལྟ་བུ་ཡིན་པས་དེ་ཚོས་ཆོལ་ཞེན་གྱི་རྣམ་པ་སྟོན་པ་ནི་དེ་དང་གཏན་ནས་མི་འདྲ། འོན་ཀྱང་དབུས་གཙང་དང་མདོ་སྨད་མི་མང་ཆོལ་ཞེན་གྱི་དབང་དུ་འགྲོ་ཡི་མེད་པ་སྔོན་འགྲོའི་འོས་སྡུས་གསལ་པོ་སྟན་ཡོད་ལ། མ་འོང་པར་ཡང་ཆོལ་ཞེན་གྱི་དབང་དུ་མི་འགྲོ་བའི་ཡིད་ཆེས་བརྒྱ་ཆ་བརྒྱ་བྱེད་ཀྱི་ཡོད། གལ་སྲིད་དངོས་གཞིའི་འོས་བསྡུའི་ནང་སྔོན་འགྲོའི་འོས་བསྡུས་ལྡོག་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཐོན་པ་ཡིན་ན། དེ་ནི་དབུས་གཙང་དང་མདོ་སྨད་མི་མང་མི་མགོ་བདེ་པོ་ཁ་ཤས་ཀྱི་ཁ་རྗེས་ལྕེ་རྗེས་སུ་འབྲང་གི་ཡོད་པ་དང་སྤྱི་སེམས་བོར་ནས་ཆོལ་ཞེན་གྱི་དབང་དུ་ཤོར་སོང་བར་ངོས་འཛིན་མ་བྱས་རང་བྱས་རེད་ལ། དེ་ནས་བཟུང་སྟེ་ཆོལ་གསུམ་རྡོག་རྩ་གཅིག་སྒྲིག་ཟེར་བའི་སྐད་ཆ་སྙན་པོ་དེ་ཡང་འཇུག་སྒྲིལ་སོང་བ་རེད།

  3. ཇུང་ཏོག་ says:
    2016-02-27 at 4:58 am

    འོས་ཐེང་བཅུ་འཕེན་ཡང་རང་འཇགས་ལས་ད་དུང་སྔོན་འགྲོ་ནས་མར་ཉུང་དུ་འགྲོ་སྲིད་དེ་ནི་ཕྱོགས་མང་བའི་སྐྱོན་རེད།

  4. ལྷ་སྒང་ཆོས་གྲགས། says:
    2016-02-27 at 7:09 am

    ཧཧཧཧཧ་་དགོད་བྲོ་ལ། གོང་གི་མཆན་གཉིས་པའི་སྐད་ཆ་རིང་མོ་དེའི་སྡོམ་ཚིག་ནི་བློ་སེང་ལ་རྒྱལ་ཁ་མ་ཐོབ་ན་ཆིག་སྒྲིལ་ཟེར་བ་ཡོད་མ་རེད་ཅེས་པ་དེ་རེད། མདོར་ན་ཚང་མས་བློ་སེང་ལ་འོས་བླུགས་དགོས་པ་དེ་རེད། དབུས་གཙང་གི་མི་ཁ་ཤས་དང་མདོ་སྨད་ཀྱི་མི་ཤེས་ཟེར་བ་སོགས་ནི་ལོག་འཁྲུལ་གྱི་སྐད་ཆ་རང་རེད། སུ་ལ་འོས་ཐོབ་རུང་མ་ཐོབ་རུང་། མི་ཁ་ཤས་ཀྱིས་དབུས་གཙང་དང་མདོ་སྨད་མི་མང་གི་བསམ་བློའི་ཁ་ལོ་བསྒྱུར་ཐུབ་པར་བཤད་པ་ནི་རང་དཔེ་གཞན་བཀབ་རང་རེད་ལ། དབུས་གཙང་དང་མདོ་སྨད་མི་མང་ལ་མཐོང་ཆུང་དང་ཁྱད་གསོད་རང་རེད། ངས་ནི་མདོ་དབུས་ཁམས་གསུམ་མི་མང་ཡོད་ཚད་ཀྱིས་བློ་སེང་དང་སྤེན་ཚེ་གཉིས་ཀྱི་ཕྱི་ནང་གི་ལྗི་ཚད་དེ་སྲང་ལ་གཞལ་ནས་འོས་བླུག་རྒྱུ་དེ་གལ་ཆེ་བར་མཐོང་གི་འདུག དེ་ཡང་། འདས་པའི་ལས་དོན་བྱེད་ཕྱོགས་དང་། འབྱུང་གྱུར་ལ་རེ་བ་གང་ཞིག་ཡོད་མིན་དག་རྒྱ་མར་བཀྱག་ནས་འོས་བླུག་དགོས་པ་དེ་གལ་ཆེན་ནང་གི་དོན་ཆེན་དུ་མཐོང་གི་འདུག་ལ། རང་ཉིད་ཀྱིས་ཀྱང་སྲང་མདའ་དེའི་སྟེང་ནས་འོས་བླུགས་ཡོད་ལ་བླུག་རྒྱུ་ཡིན། མཐའ་མིའི་རྒྱལ་ཁ་སུ་ལ་ཐོབ་ཀྱང་། དེ་མི་མང་གི་མངོན་འདོད་ལ་བརྩིས་ནས་གུས་ཞབས་ཞུ་རྒྱུའང་། རང་ཉིད་ཀྱི་དམ་བཅའ་དང་མངོན་འདོད་ཡིན།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-02-27 at 9:01 am

    “ཁྲིམས་ཀྱི་ཁྲིམས་ཀྱི་མདུན་སར་ཚང་མ་འདྲ་མཉམ་ཡིན།”
    འདིར་མདུན་སའི་དག་ཆ་དངོས་མ་གཞན་ཞིག་དགོས་ཀྱང་བོད་ཀྱི་རིང་ལུགས་ཉམས་པའི་རྟགས་སུ། ཤར་ཕྱོགས་ཁུག་རྟ་ལེགས་ཀྱིས་ཀྱང་དག་ཆ་ལ་ལྟོས་དགོས་མེད་པར་བྲིས་སོ།

  6. ཁུ་བྱུག says:
    2016-02-27 at 10:17 am

    ནུབ་ཕྱོགས་ཀྱི་ཆབ་སྲིད་མཁན་པོ་དག་གིས། ཆབ་སྲིད་པ་དང་ཆབས་གདན་ཡང་ཡང་བརྗེ་དགོས་པའི་བསྡོམས་ཤིག་སོ་སོས་མྱོང་བས་གཏན་ལ་ཕབ་ཡོད། ཆབ་སྲིད་པ་བརྗེ་མ་ཐུབ་ན། མང་གཙོའི་དོན་མི་འཁྱོལ། དེ་ལས་གུང་བྲན་གྱིས་བཤད་པའི་བཟང་ངོ་། །འདིར་གཞེན་བསྐུལ་ཞུ་འདོད་པ་ཞིག་ཏུ། ༸གོང་ས་མཆོག་གི་མཚན་རྩེད་ཆས་མ་གནང་རོགས། ཁོང་ལ་དད་དམ་གཡོ་མེད་ཡིན་ན། སྙིང་ཁོང་དུ་གནས་དགོས་ལས། ༸སྐུ་པར་གཅིག་གཅིག་དང་། དུས་དབང་གཉིས་གཉིས། ༸སྐུས་བསྙུན་བཞེས་གསུམ་གསུམ་སོགས་ཁུངས་མེད། དཔང་མེད། ལུང་མེད། དགོས་མེད་སོགས་མེད་པ་རྐྱང་རྐྱང་འུར་གྱིན་འདུག་ན། སོ་སོའང་ཁྲེལ་མེད། ཁ་ཡོད་ལག་མེད། མཐོང་དང་ཆ་འཇོག་མེད་པ་སོགས་མེད་པར་འགྱུར་ཡོང་ངོ་། །

  7. ཁུ་བྱུག says:
    2016-02-27 at 10:22 am

    གུང་བྲན་གྱིས་བཤད་པའི་།ཞེས་ཁ་གསབ་མཛོད།

  8. ཁུ་བྱུག says:
    2016-02-27 at 10:24 am

    གུང་བྲན་གྱིས་བཤད་པའི་༼དམངས་གཙོ་༽ཞེས་ཁ་གསབ་གནང་རོགས།

  9. ལུང་རྟོགས། says:
    2016-02-27 at 12:24 pm

    བློ་སེང་ལ་རྒྱལ་ཁ་མ་ཐོབ་ན་ཆིག་སྒྲིལ་ཡོང་ཐབས་མེད་པ་འདི་དབུས་གཙང་དབུས་རྒྱུན་དང་མདོ་སྨད་དབུས་རྒྱུན་གཉིས་ཀྱིས་བཟོས་སོང་། འདི་གཉིས་ཀྱིས་ཆོལ་ཁ་དཔུང་སྒྲིག་གི་རྣམ་པ་སྟན་པ་མ་ཟད་ཆོལ་ཞེན་དགོས་པའི་སྐུལ་མ་བྱས་སོང་། སྔོན་འགྲོའི་འོས་བསྡུ་ནང་བློ་སེང་ལ་རྒྱལ་ཁ་ཐོབ་ཡོད་བཞིན་དུ་དངོས་གཞི་ནང་ལ་འགྱུར་བ་སོང་ན་དེ་ནི་ཆོལ་ཞེན་སྤེལ་བའི་ངན་འབྲས་ཡིན་པ་གསལ་པོ་རེད། དེ་ལྟར་ན་ཆོལ་ཁའི་མཐུན་སྒྲིལ་ཇི་ལྟར་ཡོང་སྟེ་ཡོང་ཐབས་མེད་པ་རེད།

  10. རྒྱ་ཞིང་མྱི་དཀར། says:
    2016-02-27 at 2:16 pm

    ཤར་ཁུང་ལགས་ནས་ངོ་མ་ཡག་པོ་བྲིས་འདུག་ཐུགས་རྗེ་ཆེ།

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-02-27 at 9:25 pm

    མདུན་ས་དང་འདུན་སའི་ཁྱད། དང་པོ། མདུན་གྱི་ས་དང་། གཉིས་པ། འདུས་པའི་ས་ཡིན། དེ་ཡང་། གདུགས་དཀར་ན། ཆོས་བཟང་ལྷ་ཡི་འདུན་ས་ན། ཞེས་པ་ལྟ་བུ། འདུས་དང་འདུན་གཉིས་རྗེས་འཇུག་ལ་འགྱུར་བ་མཆིས། སློབ་དཔོན་འདུན་བཟང་དང་། སློབ་དཔོན་འདུས་བཟང་སྟེ། ཟན་དང་། ཟས་ཞེས་པ་ལྟ་བུའོ།

  12. ཀརྡོ་གཉེར་ཕྱག་པ་ says:
    2016-02-28 at 12:54 am

    ་ཇེ་ཞན་དུ་སོང་བ་ཡོང་གྲངས་ཡིན།
    འདི།
    ་ཇེ་ཞན་དུ་སོང་བ་ཡོང་གྲགས་ཡིན།
    ་
    བརྒྱད་པའི་ལས་ཉིན་བཅུ་བར།
    འདི།
    བརྒྱད་པའི་ལས་ཉིན་བཅུ་པར།
    ་
    བརྡབ་གསིག་འགྲོ་གི་དོགས་ཀྱིས་
    འདི།
    བརྡབ་གསིག་འགྲོ་བགྱི་དོགས་ཀྱིས་
    ་
    མིག་ལྡན་ཀུན་ལ་གསལ་བོ་གྱུར་ཟིན་པ
    འདི།
    མིག་ལྡན་ཀུན་ལ་གསལ་པོ་གྱུར་ཟིན་པ

  13. ལྷ་སྒང་ཆོས་གྲགས། says:
    2016-02-28 at 1:07 am

    འདི་ན་ཡང་བགད་རྒྱུ་ཞིག་འདུག ” སྔོན་འགྲོའི་འོས་བསྡུ་ནང་བློ་སེང་ལ་རྒྱལ་ཁ་ཐོབ་ཡོད་བཞིན་དུ་དངོས་གཞི་ནང་ལ་འགྱུར་བ་སོང་ན་དེ་ནི་ཆོལ་ཞེན་སྤེལ་བའི་ངན་འབྲས་ཡིན་པ་གསལ་པོ་རེད།”རེད་ཟེར། དེ་ལྟར་ན། མང་གཙོའི་འོས་བསྡུའི་བརྒྱུད་རིམ་ནང་དུ་སྔོན་འགྲོ་དང་དངོས་གཞི་ཞེས་པའི་ལས་རིམ་དག་དགོས་ཡས་མི་འདུག མི་རྒྱུ་གཉིས་ཀྱི་འགྲོ་སོང་ཆེ་རོགས་རེད། སྔོན་འགྲོ་ད་ག་རང་གིས་ཆོག་པ་བྱས་ན། འོན་ཀྱང་། སྔོན་དངོས་གཉིས་ཀྱི་འགྲོ་ལུགས་ནི་མང་གཙོ་རྒྱལ་ཁབ་ཀུན་ཏུ་ལག་བསྟར་བྱེད་བཞིན་པའི་འོས་བསྡུའི་ལས་རིམ་ཞིག་རེད་ལ། ང་ཚོ་གནས་ཡུལ་རྒྱ་གར་གཙོས་པའི་མང་གཙོ་ཚད་ལྡན་གྱི་རྒྱལ་ཁབ་ཁག་གི་ནང་དུའང་། སྔོན་འགྲོའི་སྐབས་རྒྱལ་ཁ་ཐོབ་མཁན་མང་དག་གཅིག དངོས་གཞིའི་སྐབས་ཕམ་ཁ་ཉོ་མཁན་དུ་གྱུར་བ་མང་པོ་སྣང་རྒྱུ་ཡོད་པ་ལས་ཀྱང་ཤེས་ནུས་པ་ཞིག་རེད། དེ་མིན་འདས་པའི་འོས་བསྡུ་དག་ལ་བལྟས་ནའང་སྤྱི་ཡོངས་དབུས་གཙང་རྒྱ་ཆེའི་མི་མང་ནི་ཆོལ་ཞེན་བྱེད་ཤེས་མཁན་ཞིག་མ་རེད་ལ། མི་རེ་གཉིས་ཀྱི་བསམ་བློའི་བྲན་གཡོག་ཏུ་མཛུབ་མོ་གང་བསྟན་ཤར་དུ་བརྩི་མཁན་དེ་འདྲའང་མ་རེད། དེ་ལྟར་ཡིན་པར་ཨ་ཚུགས་ཀྱིས་རློམས་ན། དབུས་གཙང་རྒྱ་ཆེའི་མི་མང་ལ་མཐོང་ཆུང་དང་ཁྱད་གསོད་འབའ་ཞིག་རེད། དེ་བཞིན་མདོ་སྟོད་སྨད་ཀྱི་རྒྱ་ཆེའི་མི་མང་ཡང་དྲིལ་བུ་གང་བཞག་བླ་མའི་ཕྱག་མིན་པར་ཡང་ངོས་འཛིན་ཞུ་གི་ཡོད།

  14. ཀརྡོ་གཉེར་ཕྱག་པ་ says:
    2016-02-28 at 1:09 am

    བདུད་བྷེ་འདི། བདུད་རྦད་འབྲི་དགོས་མིན་ནམ་སྙམ་ཡང་། དཔྱད་པར་བྱའོ།།

  15. ༄།།སྟར་བུ་དམར་བོ། says:
    2016-02-28 at 5:15 am

    ལུང་རྟོགས་དང་ཁྲི་ཟླ་འོད་གཉིས་ཀས་ཉོན། ནུས་པ་བཟློག་ཕྱོགས་ནས་ཐོན་ན། ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་ཟེར་བ་མཇུག་སྒྲིལ་སོང་ཟེར། གད་མོ་ལངས་པའི་སྐད་ཆ་དེ་འདྲ་མ་བཤད་རོགས། ཆོལ་གསུམ་གྱི་མཐུན་ལམ་དང་རྡོག་རྩ་གཅིག་སྒྲིལ་ད་ལྟ་བར་དུ། སུས་བཟུང་ཡོད་པ་དང་སུས་གཏོར་ཡོད་པ་ཟུར་བལྟས་ལེབ་མཐོང་མ་རེད་དམ། གཏོར་བཤིག་གཏོང་མཁན་ཚོས་སྔོན་ནས་ད་བར་བཏང་ཡོད་ཅིང་། དེ་ལས་ལྷག་ཅིག་ད་ཁོ་ཚོར་གཏང་རྒྱུ་མེད་ལ། གཏོང་བའི་ནུས་པ་དང་སྤོབས་པའང་མེད་པ་གསལ་བོ་ཡིན། ད་ཁ་ཕོ་བསྒྲག་མ་ཡོང་། ཆོད་མི་འདུག

  16. ལུང་རྟོགས། says:
    2016-02-28 at 5:34 am

    དམངས་གཙོའི་འོས་བསྡུས་རྒྱུད་རིམ་ཚང་མ་ལ་སྔོན་དངོས་གཉིས་ཟེར་བ་ཞིག་ཡོད་མ་རེད། དཔེར་ན་ཐེ་ཝན་ལ་ལྟོས་དང་འོས་བསྡུ་ལེན་གཅིག་ལས་བྱས་མེད། མ་ཤེས་བཞིན་དུ་ཤེས་མདོག་བྱེད་ན་ངོ་ཚ་སྐྱེད་རེད། སྔོན་དངོས་གཉིས་ཡོད་མཁན་ཚོ་ལ་ཡང་སྔོན་འགྲོའི་ནང་རྒྱལ་ཁ་ཐོབ་སོང་ན། དམིགས་གསལ་གྱི་གནས་ཚུལ་ཚབ་ཆེན་དེ་འདྲ་བྱུང་ན་མ་གཏོགས་དངོས་གཞིའི་ནང་རྒྱལ་ཁ་ཐོབ་ཀྱི་རེད། སྔོན་འགྲོ་ནི་དངོས་གཞིའི་སྐབས་སུ་ལ་ཐོབ་མིན་གྱི་ཚོད་ལྟ་བྱེད་ས་ལྟ་བུ་རེད། དེས་ན་སྲིད་སྐྱོ་བློ་སེང་ལ་སྔོན་འགྲོའི་ནང་རྒྱལ་ཁ་ཤུགས་ཆེར་ཐོབ་ཡོད་པས་དམིགས་གསལ་གྱི་གནས་ཚུལ་བྱུང་ན་མ་གཏོགས་དངོས་གཞིའི་ནང་རྒྱལ་ཁ་ཐོབ་རྒྱུ་ངེས་པ་རེད། དམིགས་གསལ་གྱི་གནས་ཚུལ་གཞན་གང་ཡང་ཡོང་རྒྱུ་མེད་ཀྱང་ཚོགས་པ་སྐྱིད་སྡུག་ཚོས་དཔུང་སྒྲིག་གིས་ཆོལ་ཞེན་སྤེལ་སྟངས་འདིས་མི་མང་མགོ་སྐོར་ཐེབ་སྲིད་པ་རེད། དེ་ལྟར་ན་ཆོལ་ཞན་སྤེལ་བའི་ངན་འབྲས་མིན་ན་ཅི་རེད།

  17. ལུང་རྟོགས། says:
    2016-02-28 at 5:41 am

    སྟར་བུ་དམར་པོ་ཉོན། བསམ་བཞིག་མེད་པའི་སྐད་ཆ་མ་བཤད་ན་བཟང་། དེ་སྔ་བར་དུ་བཙན་བྱོལ་ནས་བོད་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་ཨོ་ཙམ་བྱུང་བ་འདི། བོད་མི་མང་ཡོངས་ཀྱིས་གོང་ས་མཆོག་ལ་ཚད་མཐོའི་དད་གུས་དང་རྩི་མཐོང་ཡོད་པ་དང་། ད་བར་དུ་ཁོང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་བ་བཅས་ཀྱི་བདག་རྐྱེན་ལས་བྱུང་བ་རེད། གལ་ཏེ་གོང་ས་མཆོག་མ་བཞུགས་པའི་དུས་ཤིག་ལ་ད་ལྟའི་བྱེད་སྟངས་འདི་འདྲ་ཞིག་བྱུང་ན་བོད་པའི་སྤྱི་ཚོགས་འདི་ཁ་འཐོར་དགུ་འཐོར་ལ་འགྲོ་རྒྱུ་ཐག་ཆོད་པ་རེད། དེས་ན་ཚོགས་པ་དང་སྒེར་པ་སུ་ཡིན་ཡང་ད་ལྟ་ནས་ཆོལ་ཁའི་བར་ལ་ན་ཚ་བཟོ་བའི་བྱ་སྤྱོད་རིགས་ལ་གཟབ་ན་ཡག་གི་རེད།

  18. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-02-28 at 10:45 pm

    ལུང་རྟོགས་མཆོག་གི་ཡི་གེ་དག་ཆ་ལེགས། བོད་མིང་ཚིག་སྟོར་བརླག་མི་འོང་བའི་ཕྱིར་དུ་། ཐེངས་ཀྱི་དོན་ལ་ལན་བྲིས་པར་དགའ་བསུ། འོན་ཀྱང་། འོས་བསྡུ་ལེན་གཅིག་ལས་བྱས་མེད། བོད་སྐད་དུ། ཨ་ཡིག་ཨེ་ཡིག་དང་། ཨེ་ཡིག་ཨ་རུ་འགྱུར་བ་དག་ལ་ནན་ཏན་མ་བྱས་རྒྱ་ནག་ཀྲིན་ཏུར་སྤར་པའི་བཀའ་བཏན་དཔེ་སྡུར་མའི་སློབ་དཔོན་ཤེས་འབྱུང་བློ་གྲོས་ཀྱིས་མཛད་པའི་སྤྱོད་འཇུག་འགྲེལ་པ་ན་ཡང་། ཨ་ཡིག་ཨེ་ཡིག་ཏུ་ཆགས་ཡོད་པར་ལོ་མང་སྔོན་དུ་མཐོང་། དེས་ན། འོས་བསྡུ་ལན་གཅིག་ལས་བྱས་མེད། ཅེས་པ་གཞུང་དཔེ་དག་དང་མཐུན་པས། ཡི་གེ་དག་ཆ་དག་ལ་གཟབ་པར་འཚལ་ཞུ༏
    བདག་རང་གིས་བྲིས་པ་དག་ན། མ་དག་པར་བྲིས་ཤོར་དཔེ་ཆ་སྤར་ཟིན་པའི་རྗེས་སུ་མཐོང་བ་མང་དུ་ཡོད་དོ།

  19. ཀརྡོ་གཉེར་ཕྱག་པ་ says:
    2016-02-28 at 11:09 pm

    ཕྱིར་ཐོན་འགྲོ་མཁན་འགྲོ་རུ་ཆུགས། །
    ནད་ཀྱིས་ན་མཁན་ན་རུ་ཆུགས། །
    འཆི་བས་ཤི་མཁན་འཆི་རུ་ཆུགས། །
    བོད་མིའི་སྒྲིག་འཛུགས་སྲ་རུ་ཆུགས། །
    ་
    སྤེན་ཚེ་ཤོར་ན་ཤོར་དུ་ཆུགས། །
    བློ་སེང་ཐོབ་ན་ཐོབ་ཏུ་ཆུགས། །
    ཤར་ཁུག་ངུ་ན་ངུ་རུ་ཆུགས། །
    བོད་མིའི་སྒྲིག་འཛུགས་བརྟན་དུ་ཆུགས། །

  20. ཀརྡོ་གཉེར་ཕྱག་པ་ says:
    2016-02-28 at 11:48 pm

    སྲིད་སྐྱོང་ལགས། སུད་སིར་ཕེབས་བསུ་དང་། གཏམ་བཤད།
    https://www.youtube.com/watch?v=7mmgwjp72uI

  21. ཀརྡོ་གཉེར་ཕྱག་པ་ says:
    2016-02-29 at 12:03 am

    བློ་སེང་སྲིད་སྐྱོང་སྐབས་རྗེས་མའི་སྐབས་ལ། བཀའ་བློན་ས་དམིགས་ཅིག་ས་སྟོང་ས་ཆགས་པ་ཡང་ལས་ཀ ལས་བདེ་རུ་ཕྱིན་སོང་སྙམ་མོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme