Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄།། གཞོན་ནུ་ལྷན་ཚོགས་ལ་ལྟ་ཞིབ་བྱས་པ།

Posted on 2015-12-192015-12-19 By ཁ་བརྡ 25 Comments on ༄།། གཞོན་ནུ་ལྷན་ཚོགས་ལ་ལྟ་ཞིབ་བྱས་པ།

གེ་སར་ནོར་བུ་དགྲ་འདུལ།

 
ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་གཞོན་ནུ་ལྷན་ཚོགས་ཟེར་ན་ཅི་ཞིག་ཡིན་མིན་དང་། ཚོགས་པ་དེའི་ཚུགས་རིམ། ཤུལ་རྗེས། ད་ལྟའི་ཚོགས་པའི་གནས་བབ། ཚོགས་མིའི་གྲངས་འབོར། རྒྱུན་ལས་ཚོའི་ཤེས་ཚད་བཅས་ལ་གཞིགས་ན། གཞི་ནས་ད་ལྟའིགཞོན་ནུ་ལྷན་ཚོགས་ཟེར་བ་ནི་ཡོད་ན་གྲངས་ཀ་ལྷག་མ་ཅིག་དང་། མེད་ན་གྱོང་གུད་མེད་པའི་ཚོགས་པ་ཞིག་ཡིན་པའི་ར་སྤྲོད་རྙེད་ངེས།

ངས་སྐད་ཆའི་མགོ་བཙུགས་མ་ཐག་འདི་ལྟར་གླེང་ཡོང་དུས། བློ་གཟུ་བོར་མི་གནས་ཤིང་། ཞེན་ཁོག་ལ་རྒྱབ་བཅོལ་བ་རེ་ཟུང་གིས་ནང་དོན་ཆ་ཚང་ལ་གོ་བ་ལོན་རྒྱུ་ཁག་པོ་དང་། གོ་བ་ལོག་པ་ལེན་མཁན་ཡང་ཡོང་སྲིད། ཡིན་ནའང་། ངས་རེབ་འདིར་གཞོན་ནུ་ལྷན་ཚོགས་གླེང་དུས། རྒྱ་རི་བློ་གྲོས་རྒྱལ་མཚན་སོགས་བར་གནས་ཁག་ཅིག་གི་གླེང་སྟངས་དང་། དེ་བཞིན་གཞོན་ནུའི་ཉེ་བའི་རྒྱུན་ལས་སུ་གཏོགས་པ་རེ་ཟུང་གི་བཤད་ཚུལ། ཡང་ན་སྲང་བར་གྱི་སྐད་ཆ་སྐྱོར་ཐུབ་པ་ཡིན་ན་གཏམ་བཤད་གནང་བ་དང་། བོད་དོན་གླེང་བར་རློམ་པའི་སྐབས་འཚོལ་རིང་ལུགས་པའི་འཆལ་གཏམ་ཡང་འདིར་མ་དྲངས་བར། དངོས་དོན་ཇི་བཞིན་གླེང་རྒྱུ་དེ་ཡིན།

ཐོག་མར་གསལ་བོ་བཟོ་དགོས་པ་ཞིག་ནི། གཞོན་ནུ་ལྷན་ཚོགས་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ངེས་ཅན་གཞིར་བཟུང་སྟེ་བཙུགས་པ་ཞིག་མ་རེད། ལྷག་པར་ཏུ་མང་གཙོའི་ལམ་སྲོལ་ནང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་གང་ཡང་རུང་བར་མཁྲེགས་བཟུང་ཨ་འཐས་བྱེད་ཆེད་བཙུགས་པ་ཞིག་དེ་བས་ཀྱང་མ་རེད། དེ་ནི་བཙན་བྱོལ་དུ་བྲོས་མགོ་ཐོན་མ་ཐག་ནས་ཀྱང་མིན་པར། དེའི་གོང་ལྷ་སར་ཡོད་དུས་ནས། བོད་ལ་ངེས་པར་དུ་གསར་བརྗེའི་ལས་དོན་རིགས་ཤིག་འགྲོ་དགོས་ངེས་ཅན་དང་། དེའི་ངོས་འཛིན་ནང་ན་གཞོན་ཚོས་འགན་ཁུར་དགོས་པའི་བཤད་ཚུལ་དེ་ཡང་ཤུགས་ཆེར་གྲགས་ཀྱི་ཡོད་ལ། དེ་ཙམ་མ་ཟད་བུད་མེད་ཀྱི་ཐོབ་ཐང་དང་བུད་མེད་ཀྱིས་སྤྱི་ཚོགས་ལ་འགན་ཁུར་དགོས་པའི་བསམ་ཚུལ་ཡང་གང་འཚམ་ས་ཁར་བུད་ཡོད་པ་མ་ཟད། གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་སོགས་བུད་མེད་རུ་ཁག་གཅིག་སྐབས་དེར་རྒྱ་ནག་ཏུ་ཚོགས་འདུར་ཞུགས་འདུག

སྲིད་དོན་བྱུང་རབས་ཀྱི་ངོས་ནས་བཤད་ན། གཞོན་ནུ་དང་བུད་མེད་འཛུགས་དགོས་པའི་བསམ་བློའི་འཆར་སྣང་གོང་དུ་སྨྲས་པ་འདི་ཙམ་ལས་གཞན་རྒྱུ་མཚན་གང་ཡང་མེད། འོན་ཀྱང་། སྐབས་དེར་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་ལ་བོད་མི་དྲག་ཞན་མང་ཆེ་བ་རྒྱུས་མངའ་མེད་པས། བསམ་བློའི་འཆར་སྣང་འདི་ལ་རིགས་པའི་གཞུང་ལུགས་ཀྱི་རྒྱབ་རྟེན་ལས་བཤད་ཡམས་དང་འོལ་ཚོད། ཅལ་འདྲོགས་བཅས་ཀྱི་རྫོང་མཐུག་པོ་ཡོད་པའང་ཁས་མི་ལེན་རང་ལེན་ཡིན།

བཙན་བྱོལ་དུ་འབྱོར་རྗེས་༧གོང་ས་མཆོག་གིས་ཆབ་སྲིད་ལངས་ཕྱོགས་ཀྱི་སྐད་ཆ་མིན་པར། གཞན་ཡུལ་ནས་འཐབ་རྩོད་ཀྱི་རྨང་གཞི་ཚུགས་ཐབས་སུ་མཛད་འཆར་ལམ་སྟོན་རིམ་པར་བསྩལ་ཡོད་པའི་ཁྲོད། བོད་པ་མི་རེ་ངོ་རེ་དང་བོད་ཀྱི་གཞོན་ནུ་ཚོས་རྩ་དོན་ལ་འགན་ལེན་དགོས་པའི་བཀའ་སློབ་ཕེབས་པ་གཞིར་བཟུང་། རྒྱ་ནག་ནང་རིག་གསར་སོགས་གནམ་ས་མགོ་རྟིང་སློག་པའི་ཛ་དྲག་གི་སྐབས་དེར། བཙན་བྱོལ་ནས་ལམ་སེང་བོད་ཀྱི་ཆབ་སྲིད་མདུན་ལམ་ཐད་གྲོས་མགོ་འདོན་རྒྱུའི་གྲ་སྒྲིག་གང་ཡང་གནང་ཚར་མེད་ལ། ཚར་ཡོད་ཀྱང་ཞུ་ཡུལ་མེད་པའི་དུས་དེར། སྐྱབས་བཅོལ་དུ་སློབ་གྲྭ་ཁག་ཚུགས་ཐུབ་གཙོས་བཙན་བྱོལ་སྒྲིག་འཛུགས་ཀྱི་རྨང་གཞི་སྲ་བརྟན་ཡོང་བར་དུས་ཚོད་གཏོང་དགོས་པ་སྨྲས་མེད་རེད།
སྐབས་དེར་གཞོན་ལྷན་ཡང་གནས་སྟངས་དེ་འདྲའི་འོག་གཙོ་བོ་བོད་མིའི་ངོ་བོ་དང་རིག་གཞུང་། སྐད་ཡིག སྤྱི་ཚོགས་ཞབས་ཞུ་བཅས་སུ་དམིགས་ཏེ་བཙུགས་པ་ཞིག་ལས། རང་བཙན་ནམ་རང་སྐྱོང་གང་གི་དམིགས་ཡུལ་གཙོར་བཟུང་གིས་བཙུགས་པ་ཞིག་མིན་པ་ཚང་མས་ངོས་ལེན་ཞུ་དགོས་ལ། གལ་སྲིད་ངོས་ལེན་མ་ཞུས་ནའང་མིན་པའི་སྒྲུབ་བྱེད་དང་དཔང་རྟགས་གང་ཡང་སྟོན་རྒྱུ་མེད་ཁར། དེ་ལས་ལྡོག་སྟེ་གཞོན་ལྷན་ཐོག་མར་གསར་འཛུགས་ཀྱི་རྨང་གཞི་འདིང་མཁན་ནས་ད་བར་གྱི་རྒྱུན་ལས་ལས་ཟུར་དང་། ཚོགས་པའི་སྒྲིག་གཞི། གྲོས་ཆོད་ཡིག་ཆ་བཅས་ཀྱིས་གསལ་བོར་ར་སྤྲོད་ན། གཞོན་ནུར་ལྟ་ཞིབ་བྱེད་སྐབས་ངེས་པར་དུ་རྒྱབ་ལྗོངས་འདི་དག་ཤེས་རྒྱུ་ནི་གལ་ཆེ།

 

གཅིག གཞོན་ནུའི་ཚུགས་རིམ་དང་དབུས་རྒྱུན་ཟུར་པ་ཁག

 
ད་ལྟའི་གཞོན་ནུ་འདི་དབུས་རྒྱུན་སྐབས ༡༦ འཁེལ་ཞིང་། རྒྱ་རི་བློ་རྒྱན། བཀྲས་མཐོང་བསྟན་དགེ མཛེས་བཅུ་ཚང་བསོད་སྟོབས་སོགས་ཀྱིས་ཐོག་མར་གཞོན་ནུ་དགོས་གལ་དུ་མཐོང་སྟེ་ཚུགས་རིམ་སྐབས་འདིར་བསྐྱར་བཤད་ཞུ་རྩིས་མེད། འོན་ཀྱང་དེང་སང་ཕྱིར་ལྟོས་བྱས་པ་ཡིན་ན་དབུས་རྒྱུན་ཟུར་པ་ཕལ་མོ་ཆེས་རྒྱུ་མཚན་ངེས་པ་རྙེད་དེ་དབུ་མའི་ལམ་ལས་བོད་ལ་ལམ་ཁ་གཞན་མེད་པ་དང་། རང་བཙན་ཟེར་བ་ནི་རྟོག་བཏགས་ཙམ་དང་། སེམས་ཚོར་ཙམ་གྱི་གཞི་རྩས་འགྲུབ་ན་མ་གཏོགས། རྒྱ་བོད་འབྲེལ་བའི་སྲིད་དོན་བྱུང་རབས་མགོ་ཉོག་ཚ་བོ་དེ་དག་དང་། ད་ལྟའི་དངོས་ཡོད་གནས་བབ་གང་ལ་གཞིགས་ཀྱང་རེ་འབྲས་དོན་སྨིན་འབྱུང་རྒྱུ་ལས། ཤེས་བཞིན་ཤི་སྒུག་རྒྱག་པ་ལྟ་བུར་མཐོང་སྟེ། དབུས་རྒྱུན་ཟུར་པ་བརྒྱ་ཆའི་དགུ་བཅུ་བརྒལ་བས་དངོས་ཡོད་གནས་ཚུལ་ཞལ་བཞེས་གནང་ཞིང་། དབུ་མའི་ལམ་གྱི་གཏན་ཚིགས་ལ་ངེས་ཆུབ་བྱུང་བ་རང་གཞན་གཉིས་ཀར་གསལ་འགྲེལ་གནང་མུས་རེད། གནས་ཚུལ་འདི་དག་ལ་ང་ཚོ་རྩ་བ་ནས་གཡོལ་མི་རུང་ལ། རྣ་རྒྱབ་ཀྱི་ལྷག་པར་དེ་བས་ཀྱང་བཏང་མི་རུང་། གང་ཡིན་ཞེ་ན་དབུས་ཟུར་རྣམས་ལ་ཉམས་མྱོང་དང་ཤེས་ཚད་གཉིས་ཀ་གང་ལ་གང་འཚམ་ཐོབ་ཡོད་པ་རེད།

 

གཉིས། གཞོན་ནུའི་ཚོགས་མའི་གྲངས་འབོར།

 
གཞོན་ནུ་ལྷན་ཚོགས་ལ་རྒྱ་བོད་ཕྱོགས་གཉིས་ཀས་རྨོངས་དད་ཀྱི་མིག་ཤེལ་གྱོན་ཏེ་བལྟས་ཡོད། ཡིན་ནའང་། རྒྱ་ནག་གིས་གཞོན་ནུའི་གནས་ཚུལ་མ་ཤེས་མདོག་མདོག་གིས་འགྲེལ་ལོག་རྒྱབ་སྟེ། ཆབ་སྲིད་ཀྱི་རྩེད་མོ་རྩེ་བ་གྲངས་ཀྱིས་མི་ཟིན་པའི་ཚད་དུ་སླེབས་ཡོད། ཆབ་སྲིད་འཐབ་རྩོད་ནང་ཕྱིའི་རྒྱུད་ལམ་ཁག་དང་དོ་སྣང་ཞིབ་ཚགས་ལ་གཞི་མི་བཅོལ་བའི་མི་དམངས་ནང་། ༧གོང་ས་སྐྱབས་མགོན་ཆེན་པོའི་གཟི་བརྗིད་དང་སྟོབས་ཤུགས་ལ་མ་བཟོད་ནས། གཞོན་ནུ་ལྷན་ཚོགས་ཆེན་པོ་དང་ནུས་ཅན་དུ་བཟོས་ཏེ་ཁག་དཀྲི་བསྙོན་འཛུགས་བྱ་ཡུལ་གྱི་ལག་ཆར་བེད་སྤྱོད་གཏོང་བཞིན་པ་ནི་ཚང་མས་ཤེས་གསལ་རེད། དངོས་དོན་དུ་བྱས་ན་དེང་སང་གཞོན་ལྷན་དབུས་སའི་རྒྱུན་ལས་ཀྱི་བཀོད་ཁྱབ་འོག་འགྲོ་ཞིང་། ཚོགས་མི་ཡིན་སྙམ་པའི་འདུ་ཤེས་ཡོད་མཁན་ཚོགས་མི ༡༠༠༠ ཆིག་སྟོང་ཡང་གྲངས་སུ་བརྩི་དགོས་ན་ཧ་ཅང་དཀའ་བའི་གནས་སུ་ལྷུང་ཡོད་པ་འདི་ངེས་པར་དུ་བོད་དོན་ལ་དོ་སྣང་ཡོད་མཁན་ཚང་མས་མཁྱེན་དགོས་པ་རེད། དེ་ནི་རང་སྣང་རང་ལ་མི་དག་ཆེད་བོད་མི་ཚོས་དེ་བས་ཀྱང་ཤེས་དགོས།

ཉེ་བའི་ལོ་འགའི་སྔོན་ས་གནས་གཞོན་ནུ་ཁག་བརྒྱད་གཞོན་ནུའི་ཁོངས་ནས་ཕྱིར་འཐེན་གནང་བའི་རྙོག་གླེང་གིས་དེ་བས་ཀྱང་གསལ་བོ་བཟོས་ཡོད་པ་གཅིག་ནི། བཙན་བྱོལ་བོད་མིའི་སྡོད་གནས་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ལས་ཚོགས་མིའི་ཨ་མ་རྒྱ་གར་ནང་གི་ཚོགས་མིར་བརྟེན་དགོས་ཀྱི་ཡོད་ལ། དེའི་ནང་ནས་ཀྱང་སྦེལ་ཀོབ་མོན་གྷོ་ལྟ་བུའི་གཞིས་ཆགས་ཆེ་ཁག་ལ་བཅོལ་དགོས་ཀྱང་། གཞོན་ནུའི་དམིགས་ཡུལ་ངོས་འཛིན་གནང་སྟངས་ལ་དབུས་ནས་འགྲེལ་ལོག་རྒྱབ་པར་འདོད་པ་མེད་པས། ས་གནས་ཁག་བརྒྱད་ཕྱིར་འཐེན་གནང་བ་ནི་ཚོགས་མིའི་འབོར་ཆེ་ཤོས་ཀྱི་ས་གནས་ཁག་ཏུ་འཁེལ་ཡོད། སྤྱིར་དེང་སང་དང་སྔ་དུས་གཞོན་ནུ་ཚུགས་མ་ཐག་པའི་སྐབས་ཀྱི་གནས་སྟངས་མི་འདྲ་ལ། རྙོག་གླེང་བྱུང་བ་ནས་དེ་བས་ཀྱང་གཟུ་བོར་གནས་ཏེ་ཞུས་པ་ཡིན་ན། གཞོན་ནུའི་ཚོགས་མིའི་གྲངས་འབོར་གྱི་གནས་བབ་ནི་དབུས་སའི་རྒྱུན་ལས་ཙམ་ལ་བརྟེན་དགོས་ཐུག་ལ་ཉེ་བ་ཡོད།

 

གསུམ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱས་རྗེས།

 
སྤྱིར་ཡིན་ན་ང་ཚོས་དང་པོ་ནས་གཞོན་ལྷན་གྱི་བྱས་རྗེར་ལྟ་དགོས་པ་ཡིན་མོད། སྐབས་འདིར་གླེང་བ་ཡིན་ན་དེ་བས་ཀྱང་ར་འཕྲོད་ངེས་སྙམ། ངས་ཚིག་ཉོག་མེད་ལ་ཚིག་ཐག་ཆོད་པོས་ཞུས་ན། གཞོན་ལྷན་གྱི་བྱས་རྗེས་ཆེ་ཤོས་ནི་དམིགས་ཡུལ་དོན་ཚན་བཞི་དོན་འཁྱོལ་དུ་བསྒྱུར་ཐུབ་ཡོད་མེད་བཤད་ཁག་པོ་ཡིན་ཡང་། ཞལ་འདེབས་ཆར་བ་འབབ་འབབ་བསྡུས་ནས་སྤྱི་ཚོགས་ཞབས་ཞུ་མིག་ལ་ཐོགས་པ་གནང་བ་དང་། སེམས་ཚོར་ཙམ་ལ་བརྟེན་ཏེ་རེ་བ་བཅངས་བསྡད་པ་ཚོར་རེ་བ་མི་བརླག་པའི་གཞི་རྩ་ཞིག་བསྐྲུན་ཐུབ་ཡོད་པ་དེ་གཉིས་རེད། གཞན་ཤེས་རིག་རྒྱུད་འཛིན་ཐད་ཐག་རིང་ནས་གླེང་མི་དགོས་པར། གཞོན་ནུའི་དབུས་ཟུར་མང་ཆེ་བའི་རིགས་མྱུག་རྣམས་ཀྱང་འཚོ་ས་ཕྱི་རྒྱལ་དང་། སྐད་ཆ་གཞན་སྐད་མ་སྤྱད་ན་ཁྱིམ་ཚང་ནང་བརྡ་མི་འཕྲོད་པའི་ཚད་དུ་སླེབས་ཡོད། གནད་དོན་འདི་བཙན་བྱོལ་ནང་མཐོ་རིམ་མི་སྣ་མང་ཆེ་བའི་བྱེད་སྟངས་ཤིག་ཆགས་རྒྱུའི་རྟགས་མཚན་གང་སར་ཐོན་ཡོད།

དེ་བཞིན་འཐབ་རྩོད་ཀྱི་རང་སྟེང་ནས་དཔྱད་ན་གཞོན་ནུའི་ངོས་ནས་ད་བར་བོད་ཀྱི་སྲིད་དོན་བྱུང་རབས་དང་། རྒྱལ་སྤྱིའི་ཁྲིམས་ལུགས་སོགས་ལ་ཆེད་མཁས་གཞོན་ནུ་གང་ཡང་སྐྱེད་སྲིང་གནང་ཐུབ་མེད་ལ། གཞོན་ནུའི་འཐབ་རྩོད་ཀྱི་རྨང་གདན་དུ་བགྲངས་པའི་རྒྱ་བོད་འབྲེལ་བའི་ལོ་རྒྱུས་བཤད་ཚུལ་ཡོངས་རྫོགས། གཞན་གྱི་གཏམ་བཤད་དང་རྩོམ་ཡིག་བསྐྱར་ཟློས། ཕབ་བཤུ། བསྐྱར་བཤད། བསྐྱར་སྒྲོག་རྐྱང་རྐྱང་ཆགས་ཡོད་པ་ཉི་ཤར་སྦར་མོས་མི་ཁེབས་པའི་ཚུལ་དུ་གྱུར་ཡོད། དེ་བཞིན་རང་བཙན་མེད་ན་སྨྱོ་ཡི་ཡིན་མདོག་སྟོན་པའི་ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུ་སོགས་ཀྱིས་ཀྱང་སྒྲིག་འཛུགས་རང་ལ་བྱས་རྗེས་བཞག་པའི་ཤུལ་རྗེས་མཐོང་ཡུལ་དུ་མེད་ལ། དེ་ལས་ལྡོག་སྟེ་ལས་ཐོག་སྐབས་རང་གི་འཚོ་བའི་མདུན་ལམ་ཐག་གཅོད་ཡག་པོ་བྱས་ཐུབ་འདུག་སྟེ། དེང་སང་ངྷ་རམ་ཤཱ་ལར་ཁང་བརྩེགས་དང་ས་ཆ་མི་ལ་བོགས་མར་བཏང་སྟེ། ཕ་ཡུལ་མེད་པ་དང་སྐྱབས་བཅོལ་བ་ཡིན་པའི་ཚོར་སྣང་རང་སྟེང་ནས་ཡལ་བཅུགས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་པ་སུས་ཀྱང་བསྙོན་དུ་མེད།

 

བཞི། བར་སྐབས་གཞོན་ལྷན་ལ་སྤྱི་ཚོགས་ནང་ཆེ་མཐོང་མེད་པ་ཆགས་དོན།

 
གཞོན་ནུའི་དབུས་རྒྱུན་སྐབས ༡༤ དང ༡༥ པའི་སྐབས་ནས་ནང་ཁུལ་མ་མཐུན་པས་དུས་ཚོད་མང་པོ་གཏོང་དགོས་ཐུག་ཡོད་ཅིང་། ཚེ་དབང་རིག་འཛིན་དང་དོན་གྲུབ་ལྷ་དར་གྱི་སྐབས་སུ་ཕྱོགས་གཉིས་འགལ་བ་རྣོ་ངར་ཅན་དུ་ཆགས་ཏེ། གནད་དོན་ཆེ་ཕྲ་གང་ཞིག་ཐག་གཅོད་བྱེད་ཐབས་ལ་ནང་ཁུལ་ཤོག་ཁ་གཉིས་མ་འཆམ་པས་དུས་ཚོད་ཕུད་པ་དང་། ཕྱི་ལ་གདོང་པ་སྟོན་སྟངས་ནི་དམིགས་བསལ་དབུ་མའི་ལམ་གྱི་སྣེ་ཁྲིད་མི་སྣ་ཚོར་”གདོང་རྩེ་ཁ་སྤྲོད་’’༼ཚིག་འདི་དོན་གྲུབ་ལྷ་དར་གྱིས་དངོས་སུ་གསར་འགོད་གསལ་བསྒྲགས་སྟེང་བཤད། མཆན།༽ཀྱི་རྣམ་འགྱུར་བསྟན་ཅིང་། ཚོགས་པའི་ལས་འགུལ་དང་གཏམ་བཤད། བགྲོ་གླེང་གང་སར་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོར་སྤྱང་ཀིར་རྣ་ཙོར་དང་། རྐུན་མར་དཔའ་དར་འཐེན་པ་ལྟར་མཁས་དབང་དང་ཉམས་ཞིབ་པ་སོགས་ཀྱི་མིང་བཏགས་ནས། མི་སྣ་དེ་དག་གི་གཏམ་བཤད་ཀྱིས་སྤྱི་ཚོགས་ག་ཚོད་དཀྲུགས་མིན་ཤར་ཕྱོགས་ཁུག་རྟ་གཙོས་མང་དག་ཅིག་གིས་རྩོམ་དུ་གསལ་འགྲེལ་གནང་འདུག་པས་དེར་གཟིགས།
དེ་བཞིན། རྒྱལ་སྲིད་རྩིས་སྤྲོད་ཀྱི་སྐབས་ཚད་ལས་བརྒལ་བའི་གྲོས་ཆོད་དང་བསྒྲགས་གཏམ། རང་བཙན་དུས་དེབ་སྟེང་ཐལ་ཆ་ཆེ་བའི་རྩོམ་སྒྲིག་པའི་གཏམ་སོགས་བྲིས་པ། ཧ་ཅང་ཞེད་སྣང་བྱེད་དགོས་པ་ཞིག་ནི་རང་བཙན་གྱི་ཚིག་འདིར་འཐམས་ཏེ། དེའི་སྟེང་ཁ་མཐུན་ཁུལ་གྱིས་བར་ལམ་”ཆུ་བཞི་སྒང་དྲུག་”ཟེར་བའི་ངོ་ལོག་གི་བསམ་ཚུལ་གཞོན་ནུའི་ནང་སིམ་འཛུལ་བྱས་ཏེ། གཞོན་ལྷན་ནང་ཁུལ་འཐོར་བཤིག དབུས་སའི་བར་དུ་དམ་གྲིབ། ༧གོང་ས་ཆེན་པོས་མཇལ་ཁ་མ་གནང་བ་སོགས་ལ་བརྟེན་ནས་བྱུང་བ་ས་རིས་ཐང་གསལ་རེད་འདུག་པས། བོད་མི་སྤྱི་དང་གཞོན་ནུར་ཤ་ཚ་ཡོད་མཁན་ཚོས་བྱུང་རབས་ཀྱི་བྱས་ཉེས་འདི་ཐེར་འདོན་གནང་སྟེ། ལམ་ནོར་ལྡོག་ཤེས་ཅི་ལྟར་བྱེད་དགོས་མིན་ལ་བསམ་ཞིབ་ཚད་ལྡན་བྱེད་དགོས་པ་ཞུ་ག་ལ་དགོས།

 

ལྔ། གཞོན་ནུའི་དམིགས་ཡུལ་ཐད་ཀྱི་གླེང་རྙོག

 
གཞོན་ནུའི་དམིགས་ཡུལ་ལམ་རྩ་འཛིན་དོན་ཚན་བཞི་ཅན་དེ་གཏན་འབེབས་གནང་དུས་དང་། ད་ལྟའི་ཁོར་ཡུག་དང་གནས་བབ་གང་ཅིར་འགྱུར་བ་ཐེབས་ཟིན་པ། ཕྱོགས་ཡོངས་ནས་མི་འདྲ་བ་ངེས་པར་དུ་ཁས་ལེན་ཞུ་དགོས། གོང་དུ་གླེང་སློང་ནང་བཤད་པ་བཞིན། དོན་ཚན་བཞི་ལ་དཔྱད་ན་གཞོན་ནུའི་དམིགས་ཡུལ་ཆོས་དང་རིག་གཞུང་། སྐད་ཡིག་རྒྱུད་འཛིན། སྤྱི་ཚོགས་ཞབས་ཞུ། བཟང་སྤྱོད་སོགས་༧གོང་ས་ཆེན་པོའི་དགོངས་གཞི་ལྟར”་བོད་གཞུང་འབངས་”ཀྱི་བདེ་རྩར་ཕན་ཐབས་སྲི་ཞུ་སྒྲུབ་རྒྱུ་ཡིན་པ་དེ་ཧ་ཅང་གསལ་བོ་རེད། འོན་ཀྱང་། ད་ལྟའི་གཞོན་ནུའི་ལས་དོན་བྱེད་ཕྱོགས་དང་དོན་ཚན་བཞི་གཉིས་བར་ཧེ་བག་ཆེན་པོ་དང་། འགལ་ཟླ་མངོན་སུམ་ཡོད་པ་རིག་པས་སྒྲུབ་ཐུབ་པས། ཨུ་ཚུགས་དང་བསྐྱར་བཤད་བྱས་པས་མི་ཕན་པའང་གསལ་བོ་རེད། མང་གཙོའི་ཁེ་དབང་དང་འོས་འགན་ལོངས་སུ་སྤྱོད་སྐབས། བསམ་ཚུལ་མཐུན་དང་མི་མཐུན་པ་ཡོང་ངེས་ནའང་། བསམ་ཚུལ་སྣ་ཚོགས་ཡོང་ཆོག་པ་ཙམ་གྱིས་བསམ་ཚུལ་དེ་དག་༧གོང་ས་མཆོག་གི་ཆབ་སྲིད་དགོངས་གཞི་དང་འགལ་མེད་པ་སུས་ཀྱང་སྒྲུབ་མི་ཐུབ།

༧གོང་ས་མཆོག་གིས་གཞོན་ལྷན་སོགས་ལ་རྟག་ཏུ་ལངས་ཕྱོགས་གང་ཞིག་འཛིན་པར་རང་དབང་ཡོད་པ་བཀའ་གནང་གི་ཡོད་པ་དང་། དེར་ཡོང་ཆོག་པའི་ངོས་འཛིན་གནང་བའི་ཞོར་དུ། ༧གོང་ས་མཆོག་རང་ཉིད་དབུ་མའི་ལམ་ལ་ཕེབས་དགོས་པའི་བརྟག་དཔྱད་རིམ་པར་གནང་བའི་རྒྱུ་མཚན་རྣམས་རིག་པ་དང་དངོས་ཡོད་གནས་ཚུལ་གྱིས་རྒྱན་ཏེ་བཀའ་གནང་གི་ཡོད་པ་ཀུན་གྱིས་ཤེས་གསལ་ཡིན་པས། གསལ་བོ་ཤེས་དགོས་པ་ཞིག་ནི། རང་བཙན་བརྩད་དེ་བོད་མིའི་མདུན་ལམ་ལ་བསམ་བློ་གཏོང་བའི་ཆབ་སྲིད་ཀྱི་རྣམ་འགྱུར་དེ། ༧གོང་ས་མཆོག་གི་བོད་མིའི་མདུན་ལམ་རྩོལ་སྒྲུབ་གནང་བའི་ཆབ་སྲིད་ཀྱི་དགོངས་གཞི་དང་ཡོངས་སུ་འགལ་བ་ཡིན། དེའི་རྐྱེན་རང་བཙན་བརྩད་དེ་བོད་མིའི་མདུན་ལམ་ལ་བསམ་བློ་གཏོང་བའི་ཆབ་སྲིད་རྣམ་འགྱུར་ལ་མང་གཙོའི་རིང་ལུགས་ཀྱི་ཆ་ནས་དབུ་མའི་ལམ་གྱི་རྗེས་འཇུག་པ་ཚོས་གུས་བརྩི་ཞུ་དགོས་ཀྱང་། ཆབ་སྲིད་ཀྱི་རྣམ་འགྱུར་དེ་དབུ་མའི་ལམ་དང་ཡོངས་སུ་འགལ་ཟླ་ཡིན་པ་ངེས་པར་དུ་ངོས་འཛིན་གསལ་བོ་གནང་དགོས།
བོད་མིའི་བདེ་དོན་བཤད་ཀྱི་ཡོད་སྐོར་གྱི་ལྐུགས་པའི་ཞེན་ཁོག་ལ་ཁ་གཡར་ཏེ་དེ་གཉིས་ལ་འགལ་ཟླ་མེད་པ་ལྟ་བུར་སྒྲོ་བཏགས་ན། ཆབ་སྲིད་དང་ཁྲིམས་དོན། དངོས་ཡོད་གནས་ཚུལ་གསུམ་གྱི་མདུན་སར་བྱབ་ཆུང་ཡིན་པ་ཕྱོགས་གླང་ཆོས་གྲགས་སླེབས་ཀྱང་དགག་མི་ཐུབ་པ་གསལ་བོ་ཡིན་པས། དམིགས་ཡུལ་དོན་ཚན་བཞི་ལ་ངེས་པར་དུ་འགྱུར་བ་བཏང་སྟེ། ཁ་ལག་མཚུངས་པའི་ཚོགས་པ་ཞིག་ཏུ་དུས་བསྟུན་བསྒྱུར་བཅོས་ཀྱིས་རྗེས་ལུས་ཐེབས་པའི་གནས་ཚུལ་རྣམས་འཕྲལ་དུ་ཡོ་སྲང་ཞུ་དགོས་པ་ཅི་ལ་མིན།

 

དྲུག སྐབས་བབ་རྙོག་གླེང་དག་དང་འབྲེལ་ཏེ་མཇུག་བསྡུ་བ།

སྲིད་སྤྱིའི་སྔོན་འགྲོ་དང་དངོས་གཞིའི་བར་གྱི་དུས་ཚོད་འདི་དང་བསྟུན་ཏེ། ཨ་རིའི་བོད་སྐད་རླུང་འཕྲིན་ཁང་སོགས་གསར་འགྱུར་གྱི་མུ་གེ་ཐེབས་པའི་གསར་ཁང་དུ་རློམ་པ་རེ་ཟུང་གིས། ནེའུ་ཡོག་དང་ནེའུ་ཇེ་སིའི་ས་གཞོན་སྒོ་རྒྱབ་པ་ཞེས་གླེང་ནའང་། མི་དམངས་ལ་གནས་ཚུལ་ངོ་མ་སྤྲོད་ཀྱི་མེད་ཁར། སྒྲིག་གཞི་གཞིར་བཟུང་ས་གནས་ཁག་གི་རེ་འདུན་སྒྲུབ་ཐུབ་ཀྱི་མེད་པའི་གནས་ཚུལ་ཡང་གསལ་ཁ་བྱེད་ཐུབ་ཀྱི་མེད། གསར་འགོད་པ་དང་བཅའ་འདྲི་ཞུ་མཁན་ཚོས་གནས་ཚུལ་གྱི་རྒྱབ་ལྗོངས་ངོ་མར་རྒྱུས་ལོན་བྱས་ཚུལ་ཧ་ཅང་སྐྱོ་བོ་ཡོད་པ་ནི། ལས་གནས་སྟེང་ཉི་མ་ཕུད་ཐུབ་བྱེད་པ་མཚོན་ནའང་། ལྡོག་ཕྱོགས་ནས་མི་མང་ནང་མགོ་མ་འཚོས་པའི་བཤད་ཡམས་དཀྲོགས་གཏམ་མང་པོ་ཞིག་སྤེལ་གྱི་ཡོད།

དངོས་དོན་དུ་བྱས་ན། ས་གནས་གང་ཡང་རུང་བ་ནས་དབུས་ཀྱི་ཁོངས་ནས་ཕྱིར་འབུད་པའམ། དབུས་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་བའི་རེ་འདུན་བཏོན་ཆོག་པ་མང་གཙོའི་སྒྲིག་གཞི་ཚང་མར་ཁྱབ་མཉམ་དུ་ཡོད་པའི་ཐོབ་ཐང་ཞིག་ཡིན་ལ། ནེའུ་ཡོག་དང་ནེའུ་ཇི་སི་སོགས་ས་གཞོན་ཚོས་དབུས་རྒྱུན་སྐབས་འདི་དང་ལྷག་པར་ཚོགས་གཙོ་འདིའི་འཐུས་ཤོར་རྣམས་ལ་ཐེར་འདོན་ཚུལ་བཞིན་གནང་ཡོད་ཀྱང་། དེ་དག་མི་མང་ལ་ཡོངས་བསྒྲགས་གང་ཡང་བྱས་མེད། དབུས་ལ་ས་གནས་སྒོ་རྒྱག་རྒྱུའི་དབང་ཚད་ཡོད་ན། ས་གནས་དབུས་ཁོངས་ཕྱིར་འཐེན་བྱེད་པའི་དབང་ཚད་ཅི་ལ་མེད་དམ།
ས་གནས་སྒོ་རྒྱབ་པ་ལ་བརྟེན་ནས་ཅ་དངོས་རྩིས་སྤྲོད་བྱེད་དགོས་ཟེར་བ་ནི། མཐར་གཏུག་ན་གཞོན་ནུ་ལྷ་ཚོགས་ཀྱི་གདོང་རུས་གསལ་བོར་སྟོན་བྱེད་ཅིག་སྟེ། དབུས་སའི་རྒྱུན་ལས་ཚུགས་ཐུབ་པ་ཙམ་གྱི་མཐུན་རྐྱེན་འཛོམས་པ་ཡིན་ན། ཁོ་ཚོའི་མི་ཚེ་འགྲོ་ཡི་ཡོད་ཅིང་། བོད་ཟེར་ན་ས་ཡ་དང་བཏུང་ཡ་ག་རེ་ཡིན་མིན་ཤེས་རྒྱུ་ཅི་ལྟར་ཡང་། གཞོན་གཞོན་མང་པོ་ཞིག་འཚང་ཁ་རྒྱག་ས་རེག་སོང་ན་འགྲིག་གི་ཡོད་པ་དེ་ལས་བརྒལ་བའི་དམིགས་ཚད་དང་ལམ་སྟོན་གནང་ཐུབ་མཁན་ཡོང་གི་མེད་པ་གསལ་བོ་རེད། དེའི་ཆ་ནས་དངོས་དོན་དུ་བྱས་གཞུང་ཞབས་དང་གཞོན་ལྷན་སོགས་ཀྱི་སྡིངས་ཆ་འདི་དག བྱེས་སུ་སྐྱེ་བའི་གཞོན་པ་སྐོར་ཞིག་གི་མི་ཚེའི་འཚོ་ཐབས་གཉེར་སར་མི་འགྱུར་བའི་ངེས་པའང་གང་ཡང་མི་འདུག་སྙམ་པས། སྐད་ཆ་གླེང་སློང་བའི་སྐབས་ཞུས་པ་བཞིན།

གཞོན་ནུ་ལྷན་ཚོགས་འདི་ཡོད་ན་གྲངས་ཀ་ལྷག་མ་ཞིག་དང་མེད་ན་གྱོང་གུད་མེད་པའི་ངོ་བོར་གྱུར་ཚར་བ་ནི་གསལ་བོ་རེད། དེའི་ཆ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་ཀྱི་རྩོད་རྙོག་གང་ཡང་མེད་པར། གངས་ལྗོངས་གཞོན་ནུའི་ནུས་སྟོབས་སྤུངས་སའི་སྡིངས་ཆ་ཞིག་སྟེ་དོན་དམ་པའི་༼གངས་ལྗོངས་གཞོན་ནུ་ལྷན་ཚོགས་༽ཟེར་བ་ཞིག་ཟུར་དུ་དབུ་འཛུགས་ཐུབ་ན་དུས་ཀྱི་དགོས་མཁོར་མཐོང་བ་བཅས་སོ།

༢༠༡༥། ༡༢། ༡༩། ཉིན།།

དཔྱད་རྩོམ།

Post navigation

Previous Post: “དབྱངས་”ལྔ།
Next Post: ཞབས་བརྟན་དུ་གསོལ་བ་རབ་འབྱམས་ཞིང་དུ་ཁྱབ་པའི་ཚངས་དབྱངས།

Comments (25) on “༄།། གཞོན་ནུ་ལྷན་ཚོགས་ལ་ལྟ་ཞིབ་བྱས་པ།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-12-19 at 9:15 am

    ཐོག་མར་༼གེ་སར་ནོར་བུ་དགྲ་འདུལ༽མིང་བཏགས་འོག་ཡིབ་མཁན་ཁྱོད་རང་གདོང་རིས་ངོ་མ་དང་སྡོད་གནས་ལས་བྱ་སོགས་གང་ཡིན་རྩོམ་འདི་དང་མཉམ་དུ་སྦྲགས་ཤོག་དང་དེ་ནས་གཞོན་ནུ་ལྷན་ཚོགས་ཀྱི་སྐོར་དགེ་སྐྱོན་དང་དགོས་པ་རྒྱུ་མཚན་བགྲོ་གླེང་ལྷུག་པོར་བྱ་ཆོག་་་་་་

  2. ཇུང་ཏོག་ says:
    2015-12-19 at 9:34 am

    ལྷག་བསམ་རྣམ་དག་ཡིན་ན་རང་གི་མིང་བཀོད་ནས་སྤྱི་དོན་ལ་ཕན་པའི་སྐད་ཅ་བཤད་ན་རྒྱུ་ཚན་ལ་བལྟས་ནས་རྒྱབ་སྐྱོར་དང་ངོ་རྒོལ་ཡོང་སྲིད་པ་ལས་རང་གི་མིང་མམ་བཀོད་
    པར་མིང་རྫུན་འོག་ནས་སྤྱི་ཚོགས་ག་ཚོོད་དཀྲུགས་ན་ཡང་ཕན་ཐོག་ཡོད་པ་མ་རེད་དོ་།

  3. མངོན་སུམ་སྨྲ་བ། says:
    2015-12-19 at 1:16 pm

    གེ་སར་ནོར་བུ་དགྲ་འདུལ།་ནི་གཞོན་ནུ་ཚོགས་པ་དཀྲུགས་མཁན་གྱི་དཔེ་མཚོན་ཞིག་རེད་འདུག་པས་རྩོམ་པ་པོ་འདིའི་རིགས་ལ་གཟབ་གཟབ་གྱིས།

  4. ལྡོང་ངག་དབང་ཕུན་ཚོགས། says:
    2015-12-19 at 2:47 pm

    ནེའུ་ཡོཀི་དང་ནེའུ་ཇཱ་སི་གཉིས་ཀྱི་ས་གནས་གཞོན་ནུ་རེ་ཞིག་སྒོ་བསྡམས་པའི་གནས་ཚུལ་ཐོས་དུས་སེམས་སུ་སྐྱིད་སྣང་མེད་པའི་ཚོར་རླབས་ཤིག་ངང་གིས་བསྐྱེད་བྱུང་། གོང་གསལ་རྩོམ་འཆལ་དེའི་ནང་དུ་
    དཀར་ནག་གོ་ལྡོག་པའི་ཚིག་འཆལ་འགའ་ཕྱུང་འདུག །དབུ་ལམ་ནི་བཙན་བྱོལ་བ་ཚོས་གསར་པ་གསར་རྐྱང་བསྐྲུན་བཞག་པ་ཞིག་རེད། དེ་ལ་རྒྱ་ནག་གིས་ནམ་ཡང་ངོས་ལེན་བྱེད་མི་སྲིད། གང་ལ་ཟེར་ན་དབུ་ལམ་ལ་ལོ་རྒྱུས་དང་ཁྲིམས་ལུགས། ཆབ་སྲིད་རིག་པ་བཅས་ཀྱི་རྒྱབ་བརྟེན་སྟོང་པས་སོ།། རང་བཙན་ནི་བོད་མི་རིགས་ཀྱི་གཤིས་སུ་གྲུབ་པའི་ཆོས་ཉིད་ཅིག་ཡིན་ཙང་དེ་འཕྲོག་མཁན་ས་ནས་ཚུར་ལེན་ཐབས་བྱེད་དགོས་པའང་འདོར་དུ་མི་རུང་བའི་འོས་འགན་དང་ཐོབ་ཐང་རེད། རྒྱ་ནག་གིས་ང་ཚོ་ས་ནས་དབུ་མའི་ལམ་ཟེར་བ་ཞིག་འཕྲོགས་སོང་བའི་ལོ་རྒྱུས་འདུག་གམ། འདུག་ན་རྩོད་དགོས་རེད་དེ་ཕལ་ཆེར་ཡོད་རབས་མེད། རྒྱ་ནག་གིས་དངོས་སུ་འཕྲོགས་སོང་བའི་རང་བཙན་རྩོད་མ་ཕོད་ན་འཕྲོགས་མྱོང་མེད་པའི་དབུ་ལམ་ཟེར་བ་ཞིག་སུས་རྩོད་ཕོད་དམ། ཧཧཧ

  5. སྤོབས་པ་མཐའ་ཡས། says:
    2015-12-19 at 4:35 pm

    ‘དབུ་མའི་ལམ་གྱི་གཞོན་ནུ་མཐུན་ཚོགས་’ཟེར་བ་ཞིག་བཙུགས་ཚར་ཡོད་འདུག ང་ལ་ཉེ་སྔོན་ཞིག་ལ་’དབུ་མའི་ལམ་གྱི་གཞོན་ནུ་མཐུན་ཚོགས་’ཟེར་བའི་ནང་དུ་ཞུགས་ན་དགའ་བསུ་ཡོད་ཟེར་བའི་ཡི་གེ་འདྲ་ཞིག་འབྱོར་སོང་།

  6. ཚེ་རིང་། says:
    2015-12-19 at 9:45 pm

    བོད་པ་རྡུང་མཁན་ནི་བོད་པ་རང་རེད། ད་ནི་གང་ཡང་མི་ཡོང་པ་ཐག་གི་ཆོད། ང་ནི་དབུ་མའི་ལམ་གྱི་གཞོན་ནུ་མཐུན་ཚོགས་སུ་འཛུལ་ཏེ། ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་འགྲོ་ནས་ལག་ཁྱེར་ལེན་ཏེ་བོད་དུ་ལོག་གི་ཡིན། སྤོབས་མཐའ་ཁྱོད་རང་ཡང་ང་ལྟར་གནང་ཤོག

  7. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 10:05 pm

    ་་་་་་་་་་ སྐྱབས་བཅོལ་དུ་སློབ་གྲྭ་ཁག་ཚུགས་ཐུབ་གཙོས་བཙན་བྱོལ་སྒྲིག་འཛུགས་ཀྱི་རྨང་གཞི་སྲ་བརྟན་ཡོང་བར་དུས་ཚོད་གཏོང་དགོས་པ་སྨྲས་མེད་རེད།
    སྐབས་དེར་གཞོན་ལྷན་ཡང་གནས་སྟངས་དེ་འདྲའི་འོག་གཙོ་བོ་བོད་མིའི་ངོ་བོ་དང་རིག་གཞུང་། སྐད་ཡིག སྤྱི་ཚོགས་ཞབས་ཞུ་བཅས་སུ་དམིགས་ཏེ་བཙུགས་པ་ཞིག་ལས། རང་བཙན་ནམ་རང་སྐྱོང་གང་གི་དམིགས་ཡུལ་གཙོར་བཟུང་གིས་བཙུགས་པ་ཞིག་མིན་པ་ཚང་མས་ངོས་ལེན་ཞུ་དགོས་ལ། ་་་་་་་་་་

  8. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 10:09 pm

    ་་་་་་་་་ ཚོགས་མི་ཡིན་སྙམ་པའི་འདུ་ཤེས་ཡོད་མཁན་ཚོགས་མི ༡༠༠༠ ཆིག་སྟོང་ཡང་གྲངས་སུ་བརྩི་དགོས་ན་ཧ་ཅང་དཀའ་བའི་གནས་སུ་ལྷུང་ཡོད་་་་་་་་་་

  9. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 10:10 pm

    ་་་་་་་་་ གཞོན་ནུའི་ཚོགས་མིའི་གྲངས་འབོར་གྱི་གནས་བབ་ནི་དབུས་སའི་རྒྱུན་ལས་ཙམ་ལ་བརྟེན་དགོས་ཐུག་ལ་ཉེ་བ་ཡོད། ་་་་་་་་་་་

  10. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 10:12 pm

    ་་་་་་་་་ ཞལ་འདེབས་ཆར་བ་འབབ་འབབ་བསྡུས་ནས་སྤྱི་ཚོགས་ཞབས་ཞུ་མིག་ལ་ཐོགས་པ་གནང་བ་དང་། སེམས་ཚོར་ཙམ་ལ་བརྟེན་ཏེ་རེ་བ་བཅངས་བསྡད་པ་ཚོར་རེ་བ་མི་བརླག་པའི་གཞི་རྩ་ཞིག་བསྐྲུན་ཐུབ་ཡོད་པ་དེ་གཉིས་རེད། ་་་་་་་་

  11. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 10:14 pm

    ་་་་་་་་་ དེ་བཞིན་རང་བཙན་མེད་ན་སྨྱོ་ཡི་ཡིན་མདོག་སྟོན་པའི་ལྷ་བཟང་ཚེ་རིང་དང་འཇམ་དབྱངས་ནོར་བུ་སོགས་ཀྱིས་ཀྱང་སྒྲིག་འཛུགས་རང་ལ་བྱས་རྗེས་བཞག་པའི་ཤུལ་རྗེས་མཐོང་ཡུལ་དུ་མེད་ལ། དེ་ལས་ལྡོག་སྟེ་ལས་ཐོག་སྐབས་རང་གི་འཚོ་བའི་མདུན་ལམ་ཐག་གཅོད་ཡག་པོ་བྱས་ཐུབ་འདུག་་་་་་་་་་་་

  12. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 10:16 pm

    ་་་་་་་་ ཚེ་དབང་རིག་འཛིན་དང་དོན་གྲུབ་ལྷ་དར་གྱི་སྐབས་སུ་ཕྱོགས་གཉིས་འགལ་བ་རྣོ་ངར་ཅན་དུ་ཆགས་ཏེ། གནད་དོན་ཆེ་ཕྲ་གང་ཞིག་ཐག་གཅོད་བྱེད་ཐབས་ལ་ནང་ཁུལ་ཤོག་ཁ་གཉིས་མ་འཆམ་པས་དུས་ཚོད་ཕུད་པ་་་་་་་་་་

  13. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 10:19 pm

    ་་་་་་་་་ གསལ་བོ་ཤེས་དགོས་པ་ཞིག་ནི། རང་བཙན་བརྩད་དེ་བོད་མིའི་མདུན་ལམ་ལ་བསམ་བློ་གཏོང་བའི་ཆབ་སྲིད་ཀྱི་རྣམ་འགྱུར་དེ། ༧གོང་ས་མཆོག་གི་བོད་མིའི་མདུན་ལམ་རྩོལ་སྒྲུབ་གནང་བའི་ཆབ་སྲིད་ཀྱི་དགོངས་གཞི་དང་ཡོངས་སུ་འགལ་བ་ཡིན། ་་་་་་་་་་་

  14. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 10:20 pm

    ་་་་་་་་ དམིགས་ཡུལ་དོན་ཚན་བཞི་ལ་ངེས་པར་དུ་འགྱུར་བ་བཏང་སྟེ། ཁ་ལག་མཚུངས་པའི་ཚོགས་པ་ཞིག་ཏུ་དུས་བསྟུན་བསྒྱུར་བཅོས་ཀྱིས་རྗེས་ལུས་ཐེབས་པའི་གནས་ཚུལ་རྣམས་འཕྲལ་དུ་ཡོ་སྲང་ཞུ་དགོས་པ་ཅི་ལ་མིན། ་་་་་་་་་་་་ ཟེར།

  15. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 10:23 pm

    ་་་་་་་་་ དབུས་ལ་ས་གནས་སྒོ་རྒྱག་རྒྱུའི་དབང་ཚད་ཡོད་ན། ས་གནས་དབུས་ཁོངས་ཕྱིར་འཐེན་བྱེད་པའི་དབང་ཚད་ཅི་ལ་མེད་དམ། ་་་་་་་་་་

  16. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 10:25 pm

    ་་་་་་་་་ གངས་ལྗོངས་གཞོན་ནུའི་ནུས་སྟོབས་སྤུངས་སའི་སྡིངས་ཆ་ཞིག་སྟེ་དོན་དམ་པའི་༼གངས་ལྗོངས་གཞོན་ནུ་ལྷན་ཚོགས་༽ཟེར་བ་ཞིག་ཟུར་དུ་དབུ་འཛུགས་ཐུབ་ན་དུས་ཀྱི་དགོས་མཁོར་མཐོང་བ་བཅས་སོ།

    ༢༠༡༥། ༡༢། ༡༩། ཉིན།། ་་་་་་་་་ཟེར།

  17. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 11:25 pm

    གཞོན་ལྷན་ཚོགས་མི་ཁྲི་གསུམ་ཙམ་ཡོད་པར་བཤད།

  18. ཀརྡོ་གཉེར་ཕྱག་པ་ says:
    2015-12-19 at 11:29 pm

    ༡༩༧་ ༠༧་ ༡༠ ཉིན་མོར་བོད་ཀྱི་གཞོན་ལྷན་དབུ་བརྙེས་པ་རེད།

  19. ཚེ་རིང་། says:
    2015-12-20 at 7:02 am

    https://www.facebook.com/100009784965172/videos/182867082049456/
    འདིར་གཟིགས་ཙམ་གནང་དང་།

  20. ཀརྨ་བློ་གསལ་ says:
    2015-12-20 at 8:05 am

    བཀའ་ཁྲི་ཟུར་པ་ཟམ་གདོང་རིན་པོ་ཆེ་དང་སྤྱི་འཐུས་ཚོགས་གཙོའི་རྒྱབ་བསྐྱོར་འོག་དོན་གཅོད་ཟུར་པ་བློ་བཟང་སྙན་གྲགས་མཆོག་གིས་དབུ་མའི་ལམ་གཞོན་ནུ་ཚོགས་པ་བཙུགས་ཡོད་པ་མ་རེད་དམ། ད་འཇོན་ན་དེ་གས་མ་ཆོག་པར་གཞོན་ལྷན་རྩ་མེད་གཏོང་དགོས་དོན་འདུག་གམ། བཙན་བྱོལ་སྤྱི་ཚོགས་ནང་དུ་རྒྱ་དངུལ་སླེབས་པའི་མཇུག་འབྲས་འདི་རེད་ལ། བོད་རང་བཙན་གདོན་དུ་ལྟ་མཁན་གང་མང་ཞིག་བཟོ་ཐུབ་འདུག དབུ་ལམ་ཚོགས་པ་དང་དོལ་རྒྱལ་ཚོགས་པ་གཉིས་ཀ་རྒྱ་དངུལ་ལ་དགའ་སྟངས་གཅིག་མ་རེད་དམ།

  21. ཇུང་ཏོག་ says:
    2015-12-20 at 10:23 am

    ད་ལྟའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཟེར་བ་དབུས་ས་གཉིས་ལ་སྒོ་རྒྱབ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འོག་ཁྲིམས་གངས་ལྗོངས་བོད་ཀྱི་གཞོན་ནུ་ཚོགས་ཞེས་གསར་འཛུགས་གནང་དགོས་པ་ནི་ དབུས་བོད་མིའི་སྒྲིག་འཛུགས་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱི་ཐུགས་འགན་མིན་པར་ ད་མུས་བཞིན་བོད་ཀྱི་གཞོན་ནང་འཁྲུགས་ནས་ཁ་འཐོར་དུ་འགྲོ་བཞིན་པར་ད་དུང་དབུས་བོད་མིའི་སྒྲིག་འཛུགས་དང་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཁྱབ་ཆེ་བའི་རྒྱ་ཆེ་མང་ཚོགས་བཅསས་བལྟས་མོྈབལྟ་ནས་སྡོད་རྒྱུ་ཡིན་ནམ་ཧཧཧཧཧཧ།

  22. ལྡོང་ངག་དབང་ཕུན་ཚོགས། says:
    2015-12-21 at 10:26 am

    སོ་སོའི་དངོས་མིང་ཁྱེར་ཏེ་སྤྱི་སྒེར་སུ་ལ་ལེགས་ཉེས་ཅི་ཞིག་ཡོད་ན་ཤོད། དེ་མིན་གང་དྲན་ཚད་ཐམས་ཅད་ཚོགས་སུ་འཕེན་སྡོད་ན་མི་མཛེས་སོ།།

  23. བློན་ཆེན། says:
    2015-12-22 at 11:07 pm

    ཀརྡོ་གཉེར་ཕྱག་པ་ཟེར་བ་འདི་རིག་པ་འཆལ་བའི་མི་གླེན་པ་ཞིག་གམ། ཡང་ན། ཀློག་པ་པོ་རྣམས་རིག་པ་འཆལ་བའི་གླེན་པ་རེ་ཡིན་པར་ངོས་འཛིན་མཁན་ལྟ་བུ་ཞིག་རེད། དུས་རྒྱུན་མཆན་བུ་འདེབས་མཁན་མང་པོ་འདུག་བསམ་ནས་ལྟ་སྐབས། ས་རྡོའི་རིན་ཐང་ཡང་མེད་པའི་ཀརྡོའི་ཡང་བཤུས་བསྐྱར་བཤུས་རྐྱང་རྐྱང་གིས་ཁེངས་འདུག ཁྱེད་ཀྱིས་དེ་ལྟར་མ་བཀོད་ཀྱང་དོན་གོ་མཁན་ཞིག་གིས་ཀློག་གི་རེད། དོན་མི་གོ་མཁན་ཞིག་ལ་དེས་ཕན་ལས་གནོད་ཆེ་བ་འདུག རྩོམ་ཡིག་དང་གནས་ཚུལ་གང་ཡིན་ཡང་དུམ་བུ་དུམ་བུར་བཀོག་ནས་ཆ་མི་ཚང་བའི་བརྡ་ལན་ལོག་པ་སྤྲོད་པའི་ཐོབ་ཐང་དང་ལས་འགན་ཞིག་ཁྱོད་ལ་སུས་བཀལ་བྱུང་ངམ།

  24. ཀརྡོ་གཉེར་ཕྱག་པ་ says:
    2015-12-22 at 11:42 pm

    #23 བློན་ཆེན། ་ལགས།
    གཅིག བོད་ཡིག་འབྲི་ཀློག་ཤེས་མཁན་ཁྱོད་རང་ནང་བཞིན་བོད་རིགས་དཀོན་པོ་རེད།
    གཉིས། ཁ་བརྡ་དང་། དུས་བབ་ལྟ་བུའི་གློག་ཀླད་ཐོག་ལ་ཀློག་མཁན་དེ་བས་ཀྱང་དཀོན་པོ་རེད།
    གསུམ། ང་ཡང་། ་ཁྱོད་རང་ནང་བཞིན་སྤྱི་སེམས་ཡོད་པ་ཧ་ཅང་དཀོན་པོ་རེད།
    བཞི། ཁ་བརྡའི་ཆེད་རྩོམ་ཡོད་ཚད་འགོ་ནས་འཇུག་བར་ཀློག་མཁན་དེ་བས་དཀོན་པོ་རེད།
    ལྔ། བོད་རིགས་སྤྱི་ལ་ཕན་པའི་གནས་ཚུལ་བཟང་ངན་མདོར་བསྡུས་ཟུར་བཏོན་ཐུབ་ན་ཕན་པ་ལས་གནོད་པ་འོངས་མི་སྲིད་པ་རེད།
    དྲུག ང་ཡང་ཁྱེད་ལྟར། སྤྱི་སེམས་ཡོད་ཁུལ་གྱསི་བྱས་པ་ལ། སྡང་སེསམ་འཁོན་འཛིན་གྱིས་སེམས་ཤུགས་སྤར་མ་ཐུབ་ན་ཡང་། སེམས་ཤུགས་བཅོག་ཐབས་གནང་རྒྱུ་ཡོད་མ་རེད།
    མཁྱེན་སོང་ངམ་། བློན་ཆེན་ལགས། ངའི་འདི་རྒྱལ་པོའི་བཀའ་མིན་ན་ཡང་། ལ་རྒྱ་ཅན་གྱི་ངུ་འབོད་རེད་དོ།།

  25. ཀརྡོ་གཉེར་ཕྱག་པ་ says:
    2015-12-22 at 11:53 pm

    དཔེར་ན། ལོ་གཅིག་གོང་ནས་ངས་། དུས་བབ་ནང་ལ་མཆན་འབྲི་རྒྱུར་སེམས་ཤུགས་ཆགས་ནས་འབྲི་མཚམས་བཞག་པ་ཡིན། གང་ཡིན་ཟེར་ན་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme