Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས་པའི་ སྨོན་ཚིག་བསམ་པ་ལྷུན་གྱིས་འགྲུབ་པ་ཞེས་བྱ་བ་།

Posted on 2017-02-11 By ཡེ་ཤེས་ 17 Comments on ༄༅། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས་པའི་ སྨོན་ཚིག་བསམ་པ་ལྷུན་གྱིས་འགྲུབ་པ་ཞེས་བྱ་བ་།

༄༅། །ཨོཾ་ཨཱཿགུ་རུ་སུ་མ་ཏི་ཀིརྟི་མ་མ་སརྦ་སིདྡྷི་ཧཱུཾ། རྒྱལ་ཀུན་ཡེ་ཤེས་ཆོས་སྐུ་འཇམ་པའི་དབྱངས། །ངེས་པ་ལྔ་ལྡན་ལོངས་སྐུ་ཀུན་ཏུ་གཟིགས། །སེང་གེའི་ང་རོ་མཆོག་གི་སྤྲུལ་བའི་སྐུ། །སྐུ་གསུམ་ལྷུན་གྲུབ་དྲུག་པ་རྡོ་རྗེ་འཆང༌། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ལྷུམས་སུ་ཞུགས་དུས་ཡབ་ཀྱི་གཟིགས་སྣང་ལ། །ལྕང་ལོ་ཅན་ནས་གསང་བའི་བདག་པོ་ཡིས། །གསེར་གྱི་རྡོ་རྗེ་འཕངས་པ་ཡུམ་ལ་ཐིམ། །མཁའ་འགྲོའི་ཚོགས་ཀྱིས་ཁྲུས་གསོལ་བྱེད་པ་གཟིགས། །གསང་བདག་རྡོ་རྗེ་འཛིན་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །

tsongkhapa_nཡབ་ཀྱིས་སླར་ཡང་རི་བོ་རྩེ་ལྔ་ནས། །གླེགས་བམ་ཁུར་བའི་དགེ་སློང་སྨུག་ཚོས་ཅན། །མེ་ཏོག་དུ་མ་སྤེལ་བའི་ཆོས་གོས་དང༌། །ལྷ་ཡི་གོས་དར་སེར་བོའི་ཤམ་ཐབས་ཅན། །གནས་ཚང་དགོས་ཞེས་ཁང་བར་བཞུགས་པ་མཐོང༌། །རྗེ་བཙུན་འཇམ་པའི་དབྱངས་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཡུམ་གྱི་སྣང་བར་ནམ་མཁའི་སྤྲིན་གསེབ་ནས། །སྤྱན་རས་གཟིགས་དབང་རི་བོ་ལྟ་བུ་ཞིག །ལྷ་ཡི་འཁོར་གྱིས་བསྐོར་བ་སྤྱི་བོ་ནས། །ཐུགས་ཀར་ཤེལ་གྱི་ཁང་བར་བཞུགས་པ་ལ། །བལྟམས་ཚེ་ལྷ་ཡིས་ཤེལ་སྒོ་འབྱེད་པ་གཟིགས། །མགོན་པོ་སྤྱན་རས་གཟིགས་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཆོས་ཀྱི་རྒྱལ་བོ་དོན་གྲུབ་རིན་ཆེན་གྱི། །འོད་གསལ་རྨི་ལམ་སྣང་བར་འཇིགས་བྱེད་ཀྱིས། །བྱ་ལོར་ལུང་བ་འདི་རུ་དངོས་སུ་འོངས། །དེ་བར་རིམ་གཉིས་རྣལ་འབྱོར་ལྷུར་བཞེས་གསུངས། །བཅོམ་ལྡན་གཤིན་རྗེ་གཤེད་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཆོས་རྗེ་དོན་གྲུབ་རྒྱལ་བ་ཀརྨ་བས། །བསྟན་པའི་སྒོར་བཅུག་སྨན་བླ་བདེ་གཤེགས་བརྒྱད། །ཨ་ཏི་ཤ་ཡི་གཟིགས་སྣང་ནར་མར་བྱུང༌། །དཔལ་ལྡན་མར་མེ་མཛད་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །དབུས་སུ་བྱོན་ནས་ཐོག་མར་འབྲི་གུང་དུ། །སྤྱན་སྔ་ཆོས་ཀྱི་རྒྱལ་བོར་སེམས་བསྐྱེད་དང༌། །ཕྱག་ཆེན་ལྔ་ལྡན་ཆོས་ཀྱི་གདམས་པ་ཞུས། །ཞག་རེར་གཏུམ་མོའི་རླུང་སྦྱོར་བརྒྱད་བརྒྱ་བཟུང༌། །བཀའ་བརྒྱུད་བླ་མ་རྣམས་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །གྲོགས་ཀྱིས་བསྐུལ་བས་ཚལ་གྱི་གུང་ཐང་དུ། །སྨན་བླའི་སྤྲུལ་བ་ལྷ་རྗེ་རཏྣ་ལས། །སྨན་དཔྱད་ཡན་ལག་བརྒྱད་པའི་མྱོང་ཁྲིད་དང༌། །གསོ་རིག་རྒྱུད་བཞིའི་གཞུང་ལ་སྦྱངས་ཚུལ་མཛད། །བཅོམ་ལྡན་སྨན་གྱི་བླ་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ས་སྐྱའི་པཎ་ཆེན་རྗེ་བཙུན་རེད་འདའ་བ། །མཁས་གྲུབ་ཆེན་པོ་ཁྱུང་བོ་ལྷས་པའི་ཞབས། །གྲུབ་པའི་དབང་ཕྱུག་དཔའ་བོ་རྡོ་རྗེ་ལས། །མདོ་རྒྱུད་མན་ངག་གསན་པས་རྒྱན་དྲུག་སོགས། །རྒྱ་བོད་པཎ་གྲུབ་ཀུན་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཆོས་འཆད་ཕྱག་རྒྱ་མཛད་པའི་བྱམས་མགོན་གྱིས། །ཁ་བ་ཅན་འདིར་རིགས་ཀྱི་བུ་ཁྱོད་ཀྱིས། །སྟོབས་བཅུ་མངའ་བ་སླར་ཡང་བྱོན་པ་བཞིན། །སངས་རྒྱས་མཛད་པ་སྟོན་པར་ལུང་བསྟན་པ། །བཅོམ་ལྡན་ཤཱཀྱའི་རྒྱལ་བོར་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །དུས་འཁོར་དཔའ་ཅིག་གསེར་གྱི་མདོག་ཅན་གྱིས། །དུས་ཀྱི་འཁོར་ལོའི་རྒྱུད་འདི་སྟོན་པ་ལ། །ཆོས་རྒྱལ་ཟླ་བཟང་འདྲ་བར་ལུང་བསྟན་ཅིང༌། །རྒྱུད་འགྲེལ་དྲི་མེད་འོད་ཆེན་ཐུགས་འཛིན་མཛད། །ཆོས་རྒྱལ་རིགས་ལྡན་རྣམས་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ཡིས། །བྱམས་མགོན་ཉིད་དུ་གཟིགས་པའི་ཕྲག་པ་ན། །འཇམ་པའི་དབྱངས་དང་ལྷ་མོ་དབྱངས་ཅན་མ། །བཞུགས་པའི་ཞལ་ནས་བསླབ་བཏུས་གསུང་བ་གཟིགས། །བྱམས་མགོན་རྒྱལ་བའི་ལྷ་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་བོས་མཛད་པའི་བཀའ་ཆེམས་བཀའ་ཁོལ་མ། །བློན་པོས་གསུངས་པའི་ཟླ་བ་འདོད་འཇོ་དང༌། །བཙུན་མོའི་དཀར་ཆག་དར་དཀར་གསལ་བ་ན། །ལྷ་སའི་ཞིག་གསོ་མཛད་པར་ལུང་བསྟན་པས། །སྲོང་བཙན་གདུང་བརྒྱུད་རྣམས་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །འཇམ་པའི་དབྱངས་ཀྱི་སྤྲུལ་བའི་གླེགས་བམ་དུ། །མར་མེ་མཛད་དཔལ་སྒྲོལ་མའི་སྤྲུལ་སྟོང་བཅས། །ཀ་བ་ཤིང་ལོ་ཅན་གྱི་ལྷ་ཁང་ལ། །ཞིག་གསོས་བསྙེན་བཀུར་བགྱིས་པས་ལོ་སྟོང་དུ། །སངས་རྒྱས་བསྟན་པ་འཕེལ་བར་ལུང་བསྟན་པས། །ཆོས་སྐུ་སྣང་མཐའ་ཡས་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཕྱོགས་མཚམས་སྟེང་འོག་ནམ་མཁའི་ཁམས་ཐམས་ཅད། །སྲས་བཅས་རྒྱལ་བ་ཞི་ཁྲོས་གང་བ་ལ། །ཕྱི་ནང་གསང་བ་བདེ་སྟོང་དབྱེར་མེད་ཀྱི། །ཡེ་ཤེས་བླ་མེད་མཆོད་པས་མཉེས་བྱས་པས། །ཕྱོགས་བཅུའི་སངས་རྒྱས་ཀུན་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །གསང་འདུས་འཇམ་པའི་རྡོ་རྗེ་དཀྱིལ་འཁོར་བས། །མདོ་སྔགས་ཟབ་རྒྱས་བདུད་རྩིས་ཡོངས་བཀང་བའི། །རིན་ཆེན་བུམ་བཟང་གནང་ནས་དབང་བསྐུར་བས། །གྲངས་མེད་རྒྱུད་སྡེ་སྤྲོ་ཞིང་སྡུད་པ་བོ། །ཁྱབ་བདག་རྡོ་རྗེ་འཆང་དང་དབྱེར་མེད་པའི། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ནད་དང་གདོན་སོགས་ཕྱི་ནང་ཉེར་འཚེ་ཡི། །རྣམ་པ་དུ་མས་ཤིན་ཏུ་མནར་བའི་ཚེ། །མགོན་པོ་ཁྱོད་ལ་གུས་པས་སྐྱབས་བཅོལ་ན། །རྐྱེན་ངན་བར་ཆད་སེལ་བའི་བྱིན་རླབས་ཅན། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ནམ་ཞིག་ཚེ་ཡི་འཕེལ་རྐྱེན་ཟད་གྱུར་ཏེ། །མི་འདོད་འཆི་ལྟས་དུ་མ་ཤར་བའི་ཚེ། །ལོ་མང་བསྐལ་བར་གནས་པར་གསོལ་བཏབ་ན། །འཆི་མེད་རིག་འཛིན་སྩོལ་བའི་ཚེ་དཔག་མེད། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །གང་ཚེ་གནས་ལུགས་དོན་ལ་རྨོངས་པ་ཡི། །གཏི་མུག་མུན་པས་བློ་མིག་སྒྲིབ་པའི་ཚེ། །ཡེ་ཤེས་སྣང་བ་བསྐྱེད་པར་གསོལ་བཏབ་ན། །ཤེས་རབ་མིག་སྦྱིན་མཛད་པའི་འཇམ་པའི་དབྱངས། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །དངོས་སམ་རྨི་ལམ་དུས་སུ་ཚབས་ཆེན་གདོན། །ཤིན་ཏུ་དབྲལ་དཀའ་བཏབ་པའི་ལྟས་བྱུང་ཚེ། །མགོན་ཁྱོད་བསྒོམ་སྟེ་གཟུངས་སྔགས་བགྲང་གྱུར་ན། །འཇིགས་པའི་གདོན་ལས་སྒྲོལ་མཛད་མཐུ་སྟོབས་ཅན། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཡི་དམ་རྡོ་རྗེ་འཇིགས་བྱེད་རང་ཉིད་ཀྱིས། །ཆོས་ཀྱི་རྒྱལ་བོ་ཕྱི་ནང་གསང་གསུམ་གྱི། །བཀའ་གཏད་རྗེས་གནང་མཛད་ནས་བཀའ་བསྒོས་པས། །ལས་བཞིའི་འཕྲིན་ལས་གཡེལ་མེད་སྒྲུབ་མཛད་པའི། །དམ་ཅན་ཆོས་སྲུང་རྣམས་དང་དབྱེར་མེད་པ། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་ཆེན་རྣམ་སྲས་འཁོར་དང་བཅས་པ་ལ། །འཛིན་གཏོར་ཕུལ་ནས་འཕྲིན་ལས་བཅོལ་མ་ཐག །གང་དགོས་ཡོ་བྱད་ནམ་མཁའི་མཛོད་བཞིན་དུ། །འབད་པ་མེད་པར་ཤུགས་ཀྱིས་འབྱུང་འགྱུར་བས། །ནོར་ལྷ་གཏེར་བདག་རྣམས་དང་དབྱེར་མེད་པ། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །བོད་ཡུལ་སྟོད་ཀྱི་མངའ་རིས་སྐོར་གསུམ་དང༌། །བར་གྱི་དབུས་གཙང་རུ་བཞི་མཐའ་དག་དང༌། །སྨད་ཀྱི་མདོ་ཁམས་སྒང་གསུམ་ཡུལ་གྲུ་ཀུན། །ཞྭ་སེར་བསྟན་པས་ཁྱབ་པའི་འཕྲིན་ལས་ཅན། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །སངས་རྒྱས་བསྟན་པ་མཐའ་ནས་མ་སྟོང་བར། །ཁྱོད་ཀྱི་བསླབ་གསུམ་ལུང་རྟོགས་བསྟན་པ་དང༌། །དེ་ཉིད་འཛིན་སྐྱོང་སྤེལ་བའི་དགེ་འདུན་སྡེ། །དེ་ལ་བསྙེན་བཀུར་བྱེད་པའི་སྦྱིན་བདག་རྣམས། །དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ་འགྱུར་བ། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །གྲུབ་པའི་དབང་ཕྱུག་མཚོ་སྐྱེས་རྡོ་རྗེ་དང༌། །རྒྱལ་བའི་ཡུམ་མཆོག་ལབ་ཀྱི་སྒྲོལ་མ་ཡིས། །མ་འོངས་རྒྱལ་སྲིད་ཆོས་སྲིད་འཆོལ་བའི་དུས། །གྲགས་པའི་མཚན་འཆང་སྐྱེས་བུ་དམ་པ་ཡིས། །སྐྱེ་དགུ་བདེ་ལ་འགོད་པར་ལུང་བསྟན་པ། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །བྱེས་སུ་འགྲོ་ཚེ་དགྲ་ཇག་ཆོམ་རྐུན་དང༌། །གཅན་གཟན་མེ་ཆུ་ཚེས་གྲངས་གཟའ་སྐར་གྱི། །མི་འཕྲོད་སྐྱོན་བྲལ་བསམ་སར་སླེབས་པ་དང༌། །ཆོས་དང་སྲིད་ཀྱི་འདོད་དོན་མ་ལུས་པ། །གང་བསམ་འབད་མེད་འགྲུབ་པའི་བྱིན་རླབས་མཆོག། རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །འགྲོ་བའི་ཚེ་འདིའི་བདེ་སྐྱིད་ཀུན་འཇོམས་ཤིང༌། །ཕྱི་མར་ངན་སོང་སྡུག་བསྔལ་མྱོང་བའི་ལས། །དུས་ཀྱི་འཁྲུགས་པ་ནམ་ཡང་མི་འབྱུང་ཞིང༌། །ཆར་ཆུ་དུས་འབབས་འབྲུ་རྣམས་སྨིན་པ་རུ། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྒྱལ་བློན་འབངས་རྣམས་དགེ་བཅུའི་ལམ་ལ་གནས། །མཐོ་ལ་བཀུར་སྟི་མཉམ་ལ་མཛའ་ཞིང་མཐུན། །དམན་པའི་འགྲོ་རྣམས་བྱམས་བརྩེས་སྐྱོང་བ་ཡི། །ཡ་རབས་སྐྱེ་བོའི་ལུགས་བཟང་དར་བ་རུ། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ནམ་ཞིག་འཆི་འཕོའི་ཚེ་ན་མནར་གཅོད་དང༌། །བར་དོའི་གཤིན་རྗེའི་འཇིགས་སྐྲག་ཀུན་ཞི་ནས། །དགའ་ལྡན་མཁའ་སྤྱོད་བདེ་བ་ཅན་སོགས་སུ། །སྐྱེས་ནས་བདེ་གཤེགས་ཀུན་གྱི་ཞལ་མཐོང་བར། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །མི་ཕམ་ཆོས་ཀྱི་བླ་མའི་མདུན་ས་རུ། །རྒྱལ་སྲས་ཐུ་བོ་འཇམ་དཔལ་སྙིང་བོ་ཡིས། །རིས་མེད་འགྲོ་བ་རིགས་དྲུག་མ་ལུས་པ། །དགའ་ལྡན་ལྷ་ཡུལ་ཆོས་ཀྱི་ཕོ་བྲང་དུ། །འདྲེན་པར་གསང་བའི་བདག་པོས་ལུང་བསྟན་པ། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་བདེའི་རྩ་བ་མགོན་པོ་ཁྱོད་ཀྱི་བསྟན། །བཤད་སྒྲུབ་གཉིས་དང་འཁོར་ལོ་གསུམ་གྱི་སྒོས། །སྲིད་མཐའི་བར་དུ་འཕེལ་ཞིང་རྒྱས་པ་རུ། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །དེ་ལྟར་གདུང་ཤུགས་དྲག་པོས་རྩེ་གཅིག་ཏུ། །གསོལ་བཏབ་བདེན་ཚིག་མགོན་ཁྱོད་བྱིན་རླབས་མཐུས། །གནས་སྐབས་མཐར་ཐུག་བསམ་དོན་མ་ལུས་པ། །འབད་མེད་མྱུར་དུ་འགྲུབ་པའི་དངོས་གྲུབ་མཆོག ། རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང༌། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང༌། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་ཀུན་མྱུར་འགྲུབ་ཤོག། །།རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།
ཅེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས་པའི་སྨོན་ཚིག་བསམ་པ་ལྷུན་གྱིས་འགྲུབ་པ་ཞེས་བྱ་བ་འདི་ནི། གསོ་བ་རིག་པའི་སྒོ་ནས་གཞན་ལ་ཕན་པའི་འཕྲིན་ལས་རྒྱ་ཆེ་ཞིང་དད་བརྩོན་དང་ཤེས་རབ་ཕུལ་དུ་བྱུང་བའི་སྨན་པ་དཀོན་མཆོག་དར་རྒྱས་ཀྱིས་ནན་ཏན་ཆེན་པོས་ཡང་དང་ཡང་དུ་བསྐུལ་ངོར། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའི་ཡི་གེ་བ་ནི་དགེ་སློང་བློ་བཟང་ཆོས་འཕེལ་ལོ། །
—-འདྲེན་བཀོད་པ་ཀླུ་སྨྱོན།

རྩོམ་རིག

Post navigation

Previous Post: སྲིད་དོན་གཏན་ཚིགས་རིག་པའི་ངོས་ནས་རང་བཙན་འཐབ་རྩོད་པ་རྣལ་མ་ཞིག་ཡིན་ནམ།
Next Post: མཆོད་མཇལ་བའི་དད་མོས་དང་འགྲོ་འདུག་ལ་བཀག་སྡོམ་བྱས།

Comments (17) on “༄༅། །རྒྱལ་བ་བློ་བཟང་གྲགས་པ་ལ་གསོལ་བ་འདེབས་པའི་ སྨོན་ཚིག་བསམ་པ་ལྷུན་གྱིས་འགྲུབ་པ་ཞེས་བྱ་བ་།”

  1. རིན་ཆེན says:
    2017-02-11 at 4:18 am

    ལོ་རྒྱུས་དང་འབྲེལ་བའི་སྒོ་ནས་བྲིས་འདུག་པས་བཀའ་དྲིན་ཆེ།ད་ཐེངས་ཨ་ལགས་ཀླུ་སྨྱོན་ཚང་གིས་འདྲེན་བཀོད་ཡག་པོ་བྱས་འདུག

  2. ཏི་སི། says:
    2017-02-11 at 5:27 am

    དཔལ་ལྡན་བླ་མ་རྒྱལ་བ་ཙོང་ཁ་པ།།
    སྐད་ཅིག་ཙམ་ཡང་འབྲལ་བ་མ་གྱུར་ཏེ།།
    ཁྱེད་ཀྱི་གསང་གསུམ་མཛད་ཆེན་དད་མོས་ཀྱིས།།
    འདི་དང་ཕྱི་མར་ཁྱེད་ཀྱིས་བྱིན་གྱིས་རློབས།།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-11 at 10:56 am

    ཀ་དག་ཕྱག་རྒྱ་བློ་བཟང་གྲགས་པའི་དཔལ་།
    ཁ་བའི་ཡུལ་དུ་ཁྱེད་ཀྱི་འགྲོ་དོན་སྐྱངས་།
    གངས་ཅན་ལྗོངས་ཀྱི་ཕོ་གོད་བློ་བཟང་གྲགས་།
    ིངོ་ཚར་གཏམ་གྱི་སྙིང་པོ་ལོ་རྒྱུས་གསལ་།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-11 at 11:01 am

    དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས་།
    དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས་།
    གངས་ཅན་མཁས་པའི་བརྩུགས་རྒྱན་ཙོང་ཁ་བ་།
    བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས་།

  5. དགེ་འདུན་རྒྱ་མཚོ། says:
    2017-02-11 at 5:44 pm

    རྒྱལ་བ་ཀུན་གྱི་རང་གཟུགས་འཇམ་དཔལ་དབྱངས།།
    གར་དུ་བཟློས་པ་བློ་བཟང་གྲགས་པའི་དཔལ།།
    གངས་རིའི་ལྗོངས་འདིར་སྔོན་མེད་ཤིང་རྟ་ཞེས།།
    གྲགས་པའི་མུ་ཁྱུད་འཛམ་གླིང་མཛེས་པའི་རྒྱན།།

  6. ཁ་ཞེ་གཉིས་མེད་ says:
    2017-02-11 at 8:15 pm

    རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་སྒྲུབ་པ་ལ་བསྐུལ་བར་བརྟེན། རྗེ་བླ་མ་དགུང་ལོ་སོ་དྲུག་ལ་བབས་པ་ན། དཔོན་སློབ་དགུ་(རྗེ་ཉིད་དང་འཁོར་དག་པ་རྣམ་བརྒྱད་)འོལ་ཁ་ཆོས་ལུང་དུ་གཤེགས་ནས་ཚོགས་བསགས་སྒྲིབ་སྦྱོང་ལ་གཞོལ་བའི་སྐབས་རྗེ་བླ་མས་ལྟུང་བ་བཤགས་པའི་སྒོ་ནས་སྐུ་ཕྱག་འབུམ་༡༨འཚལ་ཞེས་སེ་ར་སྨད་ནས་ཡིན་པའི་དགེ་བཤེས་ཤིག་གིས་གསུངས་པ་ད་ལྟ་ཡང་དྲན། རྒན་སྙན་གྲགས་ལགས་ཀྱིས་སྐུ་ཕྱག་འབུམ་༣༥འཚལ་ཞེས་གསུངས་འདུག རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ནང་སྐུ་ཕྱག་གྲངས་ཇི་འཚལ་མ་མཇལ། གཞན་ཡང་རྗེ་བླ་མས་མ་འོངས་སྔོན་གཟིགས་ཀྱི་ལུང་བསྟན་གནང་བ་དེ་འདྲ་ཡོད་ན་མཇལ་འདོད་ཆེ་བས་ལན་སུས་གནང་ཡང་འགྲིགས། ཐུགས་རྗེ་ཆེ།

  7. ཁ་ཞེ་གཉིས་མེད་ says:
    2017-02-11 at 8:35 pm

    གཞུང་པ་ལགས། སྐྱངས་ཞེས་པ་བསྐྱངས་དང་། ཕོ་གོད་ཅེས་པ་ཕོ་རྒོད་དང་། ངོ་ཚར་ཞེས་པ་ངོ་མཚར་དང་། བརྩུགས་རྒྱན་ཞེས་པ་གཙུག་རྒྱན་ཡིན་སྙམ། ནོར་ཡོད་སྲིད་པས་ཁྱེད་ཀྱིས་དཔྱད་པ་གནང་རོགས།

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-11 at 8:53 pm

    དག་ཆ་ནོར་བཅོས་ལ་རྗེས་སུ་ཡིད་རངས་དང་ཐུགས་རྗེ་ཆེ་བཀྲིན་ཆེ་།

  9. དྲང་ཐིག says:
    2017-02-12 at 5:39 am

    ཀ་དག་འཁྲུལ་མེད་གསལ་མཛད་ཡབ་རྗེ་མཆོག །
    ཁ་བའི་ལྗོངས་འདིར་ཀླུ་སྒྲུབ་གཉིས་པ་བཞིན། །
    ག་ལོག་སྐུར་བ་མཐའ་དག་འཇོམས་མཛད་པའི། །
    ང་ཡི་བླ་མ་བློ་བཟང་གྲགས་པར་འདུད། །

  10. དྲི་མེད་ལྷག་བསམ། says:
    2017-02-12 at 6:24 am

    རྗེ་ཙོང་ཁ་པའི་སྤྲུལ་བ་རྒྱ་མོ་མཁའ་འགྲོ་མ་ཞིག་གི་ཡོད་འདུག དགེ་ལྡན་པའི་བླ་ཆེན་དང་དགོན་ཆེན་མང་པོས་ངོས་འཛིན་ཡོད་ཟེར། དཔྱད་པར་མཛོད། མོ་ལ་གསོལ་བ་བཏབ་ན་དངུལ་ཐོབ་མི་ཐོབ་མེད་པས། བསམ་པ་ལྷུན་གྱིས་འགྲུབ་ཡོང་ཟེར། བདེན་རྫུན་རང་གིས་དཔྱོད། ངས་ནི་སྨད་པ་བྱེད་མ་ཕོད། འདི་ལ་ལྟོས། bwsangha.org/teachings/master-zhenru

  11. སྲོང་བཙན་སྒམ་པོ། says:
    2017-02-12 at 1:17 pm

    རྗེ་རིན་ཆེ་ལ་བསྟོད་ཤ་སྟག་ཅི་ཕོགས།

  12. རིག་པ་འཛིན་པ་ says:
    2017-02-12 at 7:20 pm

    རྗེ་རིན་པོ་ཆེས་གསང་སྔགས་གསར་རྙིང་གི་གདམས་པ་མང་པོ་གསན། རྗེས་སུ་བོད་ལ་རྫོགས་ཆེན་དང་རྙིང་མའི་ཟབ་ཆོས་ལ་ས་སྐྱ་དང་བཀའ་བརྒྱུད་པའི་ནང་ནས་དྭོགས་འདྲི་དང་ཀླན་ཀ་འཚོལ་མཁན་མང་པོ་བྱུང་། སྐབས་དེ་དུས་རྗེ་རིན་པོ་ཆེས་རྒྱ་གར་ལ་ཕེབས་པའི་ལམ་བར་ལ་གསང་སྔགས་རྙིང་མའི་མཁས་གྲུབ་ཆེན་པོ་ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་གྱི་ཞབས་ལ་བཏུགས་ནས་གདམས་ངག་གསན། ལྷག་པར་དུ་རྙིང་མའི་དག་སྣང་གི་སྐོར་ནས་གསུངས་པའི་ཕྱག་རྡོར་གྱི་དབང་དང་གདམ་ངག་ཟབ་པར་གསན། དེ་བཞིན་རྫོགས་ཆེན་དང་འཇམ་དཔལ་གྱི་གྲུབ་ཐབས་མང་པོ་གསན་ཡོད་ཚོད། འབྲུག་ལ་རྗེ་རིན་པོ་ཆེས་ཐད་ཀར་འཇམ་དཔལ་དབྱངས་ནས་རྒྱུད་པའི་རྫོགས་ཆེན་གྱི་གསུང་ཞིག་ཡོད་པ་མཇལ་མྱོང་།

    རྗེས་མ་དབུས་གཙང་ཁུལ་ལ་རྫོགས་ཆེན་ལ་དྭོགས་འདྲི་ཆེན་པོ་བྱུང་བའི་སྐབས་ལ། མཁས་གྲུབ་རྗེས་རྗེ་རིན་པོ་ཆེར་རྫོགས་ཆེན་འདི་གང་འདྲ་ཡིན་ནམ། དེང་སང་ས་དཀར་འབྲི་གསུམ་ནང་ལ་དེ་ལ་དྭོགས་པ་ཆེན་པོ་འདུག་གསུང་དུས། རྗེ་རིན་པོ་ཆེས་ཐེ་ཚོམ་སྤུ་ཙམ་མེད་པར་རྫོགས་ཆེན་གྱི་ཉམས་ལེན་ནི་གསང་སྔགས་ཀྱི་ལམ་མཐོན་པོའི་ཉམས་ལེན་རེད། དེས་སྐྱེ་བོ་གྲངས་ལས་འདས་པར་ཐར་པའི་གོ་ཕང་སྦྱིན་ཡོད།་དེ་ལ་ཁ་གཏོང་བ་ནི་དམྱལ་བ་ལ་ལྷུང་བའི་རྒྱུ་ཁོ་ནར་ཟད་གསུངས་ཡོད།

    རྗེ་རིན་པོ་ཆེའི་གསུང་འབུམ་པོད་ཅོ་བརྒྱད་ཀྱི་ནང་ལ་དྭོགས་འདྲི་དང་དཔྱད་པ་མང་པོ་ཡོད་རུང་རྫོགས་ཆེན་དང་རྙིང་མའི་བླ་མ་རྣམས་ལ་མི་སྙན་པའི་ཚིག་ཡིག་འབྲུ་གཅིག་མཐོང་རྒྱུ་མེད།

    ངེད་ཚོ་རྙིང་མའི་རྒྱུད་པ་འཛིན་པ་རྣམས་ཀྱིས་དེ་སྙིང་ལ་བཅངས་དགོས། དགྲ་དང་གྲོགས་ངོ་མ་ཤེས་ན་གླེན་པའི་ནང་གི་གླེན་པ་མཐུག་པོ་རེད། དྲི་མེད་ལགས་ཡིད་གཟབ་གནང་རོགས།

  13. སྒྲོན་མེ། says:
    2017-02-13 at 2:09 am

    ཁྱེད་རྣམས་ཀྱིས་གསུངས་པ་ལ་མངོན་པར་བསྟོནད་དོ།།

  14. དྲི་མེད་ལྷག་བསམ། says:
    2017-02-13 at 6:58 am

    ཕྲན་ནི་རྗེ་རིན་པོ་ཆེ་ལ་དོགས་པ་ཕྲ་མོ་ཙམ་ཡང་མེད་པར་མ་ཟད། གསོལ་འདེབས་ཀྱང་ནར་མར་བྱེད། འོན་ཀྱང་རྗེ་རིན་པོ་ཆེའི་རྙིང་ཆོས་ཀྱི་སྐོར་མང་པོ་གསན་ཡོད་མེད་སོམ་ཉིར་གྱུར། དེ་བཞིན་ལྷོ་བྲག་གྲུབ་ཆེན་ཀྱང་རྙིང་མ་ཡིན་མིན་བཤད་དཀའ། མཁས་གྲུབ་རྗེའི་སྡོམ་གསུམ་ཐུབ་བསྟན་ཕྱི་དོར་ན་རྙིང་མའི་རྒྱུད་དང་མན་ངག་དགག་པ་མེད། སྐབས་རེད་དགག་ཡོད་པ་དེ་ཡང་པདྨ་གླིང་པ་སོགས་ཀྱི་བཤད་སྲོལ་ཙམ་ལས་སྙིང་མ་སྤྱིའི་འདོད་པ་རེད་སྙམ་པ་མི་འདུག མདོར་ན་རྗེ་ཡབ་སྲས་གསུམ་གྱི་མདོ་སྔགས་ཀྱི་གཞུང་ཀུན་ན་རྙིང་མའི་རྒྱུད་དང་མན་ངག་དགག་པ་མེད་པ་མཐོང་ནས་ཤེས་པའི་ཡིད་ཆེས་གཙང་མ་ཡོད། བཤད་སྲོལ་མ་མཛེས་པ་དང་། ཐ་སྙད་མ་འདྲ་པ་དང་། འགྱུར་ལེགས་ཉེས་གཉིས་རེ་ཡོད་པ་སོགས་པ་་དཔྱད་པ་གནང་བ་ནི་མཁས་པའི་མཛད་པ་སྟེ་རྒྱལ་བའི་བསྟན་ལ་ཕྱི་དོར་བྱས་པ་ཡིན་པས་རྗེས་སུ་ཡི་རང་གི་བསྔགས་པར་བྱ་བའི་ཡུལ་ལོ། །

  15. སྒྲོན་མེ། says:
    2017-02-14 at 2:02 am

    ང་རང་གིས་གོ་ཐོས་ལ།རྗེས་ཕྱག་འབུམ་ཕྲག་སུམ་ཅུ་སོར་གྲངས་ཕུལ་གནང་ཡོད་རབས་གོ་སོང།ཡིན་ན་ཡང་རྣམ་ཐར་སོགས་ལས་མཇལ་མ་མྱོང་བས།དེའི་སྐོར་དྲ་གྲོགས་སུས་མཁྱེན་མཁན་ཡོད་ན་གསལ་བོ་གསུང་རོགས་གནོངས།།

  16. འབྲོང་བུ་སོག་ཚ། says:
    2017-02-17 at 5:22 pm

    རྗེ་རིན་པོ་ཆེས་བཤད་པ་ས་སྐྱ་དང་། སྒྲུབ་པ་བཀའ་བརྒྱུད། མན་ངག་རྙིང་མ་བཅས་ལ་ཉམས་ལེན་གཙོ་བོ་གནང་ཡོད། ཕྱག་ག་ཚོད་འཚལ་ཡོད་མི་ཤེས། དེང་སང་བོད་ཨ་མདོ་ནས་དབུས་ཉི་མ་ལྷ་སའི་བར་རྐྱང་ཕྱག་འཚལ་ནས་ཡོང་མཁན་མང་པོ་འདུག། ཁ་གྲངས་གཅིག་པ་མིན་འགྲོ།

  17. ཀླུ་སྨྱོན། says:
    2017-02-17 at 9:45 pm

    ལྷོ་བྲག་གྲུབ་ཆེན་རྙིང་མ་པ་ཡིན་པ་ཀུ་བཀྲའི་ཆོས་འབྱུང་ན་གསལ་བོ་མེད་དམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme