Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །འདྲེན་མཆོག་ཐམས་ཅད་མཁྱེན་པ་གང་ལ་བསྟོད་པ་

Posted on 2011-09-262011-09-26 By སྤོབས་པ་མཐའ་ཡས། 18 Comments on ༄༅། །འདྲེན་མཆོག་ཐམས་ཅད་མཁྱེན་པ་གང་ལ་བསྟོད་པ་

༄༅། །འདྲེན་མཆོག་ཐམས་ཅད་མཁྱེན་པ་གང་ལ་བསྟོད་པ་ངེས་བརྗོད་སྙིང་གི་བདུད་རྩི་ཞེས་བྱ་བ། །

གངས་བུ་རྩེ་རྒྱལ།

གང་ཐུགས་ཡེ་ཤེས་དྲྭ་བའི་མུ་ཁྱུད་འཁོར་འདས་ཆོས་ཀུན་ཅིག་ཅར་བཟླུམས། །
གང་གསུང་འགག་མེད་ཚངས་དབྱངས་རོལ་མོ་ཐ་དད་མོས་པའི་རྗེས་སུ་འགྲོ། །
གང་སྐུ་མཚན་དཔེའི་ལང་ཚོ་གསལ་རྫོགས་སྲིད་པ་གསུམ་ན་ལྷམ་མེ་བ། །
སྐལ་བཟང་རྣམ་འདྲེན་སྟོང་ལས་ཕུལ་གྱུར་ཐུབ་དབང་ལྷ་ཡི་བླ་མར་འདུད། །
རྒྱལ་ཀུན་ཐུགས་རྗེའི་ཆུ་གཏེར་འཁྱིལ་བ་ལས། །
ལེགས་འཁྲུངས་་སྲིད་ཞིའི་གདུང་སེལ་འོད་དཀར་ཅན། །
གངས་ཅན་འགྲོ་བའི་དཔལ་དུ་ཤར་བའི་ལྷ། །
འཕགས་མཆོག་མིག་མི་འཛུམ་པས་འགྲོ་འདི་སྐྱོངས། །
ངག་ལ་ངག་གི་དབང་ཕྱུག་དགྱེས་རོལ་ཞིང༌། །
བློ་ལ་བློ་བཟང་མཁྱེན་རབ་དཀྱིལ་འཁོར་རྒྱས། །
ཐུབ་བསྟན་ཡོངས་སུ་འཛིན་ལ་ཟླ་བྲལ་བ། །
བརྩེ་བ་རྒྱ་མཚོའི་བདག་ཉིད་མཆོག་དེར་གུས། །
སྲིད་ཞིའི་དཔལ་ཡོན་མ་ལུས་འདུས་པའི་ཕུལ། །
དོན་ཀུན་གྲུབ་པའི་རིང་ལུགས་ཁོ་ན་སྟེ། །
དེ་དོན་ཇི་བཞིན་འདོམས་མཛད་དགེ་བའི་བཤེས། །
བསྟན་འཛིན་དམ་པའི་མགོན་དེ་ཕྱག་གི་གནས། །
དད་གསུམ་འདབ་སྟོང་འཛུམ་པའི་སྐྱེད་ཚལ་ནས། །
གུས་འདུད་ཕྱག་གི་ཟློས་གར་བསྒྱུར་དང་ལྷན། །
བསྟོད་གསོལ་སྙན་པའི་རོལ་མོ་དེང་ཁྲོལ་ན། །
དྲི་མེད་ཡེ་ཤེས་ཀློང་ནས་དར་ཅིག་དགོངས། །
རིག་སྟོང་ཆོས་སྐུ་མེ་ལོང་དྭངས་མའི་གཞིར། །
འོད་གསལ་སྒྱུ་འཕྲུལ་བཀོད་པའི་མདངས་བཀྲ་ཡང། །
ད་དུང་ཁ་བའི་མདངས་འཛིན་ཨུཏ་པ་ལའི། །
འཁྲི་ཤིང་ཕྱག་ན་གཡོ་བའི་འཇོ་སྒེག་ཅན། །
གང་གི་ཐུགས་རྗེ་ཟླ་གཞོན་བྱེ་བའི་མདངས། །
གངས་ཅན་བསོད་ནམས་དཔལ་དུ་འཛུམ་མ་ཐག །
ནང་གི་མུན་པ་སོལ་བའི་རང་མདངས་ཅན། །
ཡོངས་སངས་མཁའ་ལ་སྣང་བས་ཁྱབ་པ་བཞིན། །
ཁྱད་པར་སྤྲུལ་རབས་ཉི་ཟླའི་ཕྲེང་བ་ཅན། །
གངས་ལྡན་འགྲོ་བའི་ཡིད་མཁར་རེས་མོས་ཀྱིས། །
ཕན་བདེའི་འོད་སྣང་འགྱེད་ལ་རྟག་བྲེལ་བས། །
ཕུན་ཚོགས་འོད་ལྡན་ལ་ཡང་སྐྱེངས་པ་བྱིན། །
ལུགས་ཟུང་གསེར་གྱི་འཁོར་ལོའི་རྩིབས་སྟོང་བཀྲ། །
ཕུན་ཚོགས་སྡེ་བཞི་དཔལ་གྱི་བེའུར་འཁྱིལ། །
ཐབས་མཁས་ཐུགས་རྗེའི་གདུགས་མཆོག་ཀླད་ན་མཛེས། །
ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བསྒྲེངས། །
ཟབ་རྒྱས་ཆོས་ཀྱི་དུང་སྒྲ་སྙན་ལ་འཇེབས། །
གདམས་ངག་བདུད་རྩིའི་བུམ་བཟང་བརྗིད་ལ་ལྟེམ། །
ཚུལ་ཁྲིམས་པད་མའི་མཚོ་གླིང་བསིལ་ལ་འཇམ། །
སྐལ་བཟང་གསེར་གྱི་ཉ་མོ་གར་ལ་རྩེན། །
དེ་ལྟར་རྫོགས་ལྡན་དུས་ཀྱི་སྙེམས་ལྡན་པ། །
འདས་པའི་གངས་ལྗོངས་དགེ་ལེགས་རྩེར་སྙེགས་པའི། །
ངོ་མཚར་གྲགས་པ་དཀར་པོའི་མུ་ཁྱུད་ཀྱིས། །
ཛམ་བུས་མཚན་པའི་གླིང་འདི་སྐལ་བཟང་བྱས། །
འོན་ཏང་རྣམ་གྲོལ་བདུད་རྩིའི་གླིང༌། །
བདག་གིར་མ་བྱས་དེ་སྲིད་དུ། །
འདུས་བྱས་གློག་གི་གར་མཁན་མས། །
བསླུས་པར་མ་གྱུར་སྲིད་ན་གང༌། །
ཐུན་མོང་ལེགས་བྱས་རི་མོ་ནི། །
མར་ཟླའི་ཉ་ལ་ཅོ་འདྲི་བའི། །
དུས་ངན་མུན་པའི་འཁོར་ཁྱིམ་ཅན། །
གངས་ཅན་རི་བོའི་མཐོངས་སུ་ལྷགས། །
ནག་པོའི་རྩ་ལག་སྡེ་བཅས་ཀྱི། །
འཚེ་བ་ཆུ་སྲིན་གླལ་བའི་ཁར། །
ཕྱོགས་པའི་བསིལ་ལྗོངས་བསྟན་སྲིད་ཀྱི། །
ཕན་བདེའི་སྲོག་ཟུངས་སྡུད་ལ་ཉེ། །
དེ་ཚེ་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་དཔལ། །
ཕྱག་ན་པད་དཀར་འཆང་དང་པད་མ་སྐྱེས། །
དབྱེར་མེད་རྒྱལ་སྲས་དཔའ་བོའི་རྣམ་རོལ་གྱིས། །
སླར་ཡང་འགྲོ་འདི་སྐྱོབས་ལ་ལྷག་པར་བྲེལ། །
སྐྱེ་མེད་ཡི་གེའི་སྒྲ་ལྡན་མཚོ་སྔོན་པོ། །
ལྷ་ཀླུ་དྲང་སྲོང་གྲུབ་པའི་བསྟི་གནས་སུ། །
དགེ་ལེགས་ངོ་མཚར་བྱེ་བའི་ལྟས་དང་བཅས། །
མཐོང་གྲོལ་མཚན་དཔེའི་པད་མོ་རྣམ་པར་བཞད། །
གོང་མའི་ཞལ་ཆེམས་གསེར་གྱི་སྤྲིངས་ཡིག་དང༌། །
བསླུ་མེད་རྩ་གསུམ་ལྷ་ཡི་བཀའ་ལུང་དང༌། །
ཉིད་ཀྱིས་དུས་གསུམ་སྒྲིབ་མེད་གཟིགས་ཚུལ་གྱིས། །
འཁྲུལ་བྲལ་ལྷ་མིའི་འདྲེན་པར་ཡིད་ཆེས་རྙེད། །
དེ་ཚེ་སྐལ་བཟང་དྲེགས་ལྡན་བྱེ་བ་བརྒྱའི། །
འདར་ལྡན་རལ་བའི་ཅོ་པན་གཡོ་བའི་རྩེར། །
ཞབས་སེན་འཁོར་ལོའི་གཟི་བྱིན་འཁྱིལ་བ་ཡིས། །
ཡིད་སྲུབས་སྡེ་བཅས་སྙིང་ལ་མྱ་ངན་བྱིན། །
ཕྱག་ན་པད་མོ་རང་གི་རྒྱལ་སྲིད་དུ། །
འཁོད་པའི་གྲགས་པ་དཀར་པོའི་རྔ་ཡབ་ཀྱིས། །
རྣམ་མང་སྙིང་ལ་བདུད་རྩིས་བྲན་པ་བཞིན། །
དགའ་དང་སེམས་ཀྱི་མྱོང་བ་མཚོན་ནུས་མིན། །
ཐུབ་པའི་རྒྱལ་ཚབ་སྡོམ་བརྩོན་མཁན་སློབ་དྲུང༌། །
གནག་སྣུམ་དབུ་ལོའི་གཙུག་ཕུད་ལེགས་ཕུལ་ཏེ། །
ཚངས་སྤྱོད་དུལ་བ་གཞོན་ནུའི་ངང་ཚུལ་གྱིས། །
ཁམས་གསུམ་ཡིད་འཕྲོག་ཚངས་དབང་ལྷས་ཀྱང་བསྙེན། །
སྒོ་གསུམ་གཅིག་ཏུ་དཀར་བའི་དཀྱིལ་འཁོར་ལ། །
བཅས་རང་རི་དྭགས་མཚན་མས་ཡོངས་བཏང་བས། །
སྟོན་ཟླ་གསལ་བའི་དཔལ་ཡང་སྐྱེངས་གྱུར་ཏེ། །
དབང་ཕྱུག་རལ་བའི་ཀློང་དུ་གབ་པར་རྩོམ། །
ལས་ཉོན་དུག་སྦྲུལ་གདུག་པའི་ལྕེ་ཞགས་ཀྱིས། །
བཏབ་པའི་ཉམ་ཐག་མ་མའི་འགྲོ་བ་ཀུན། །
ཞི་བསིལ་བྱང་ཆུབ་གླིང་དུ་སྐྱེལ་མཛད་པའི། །
འཕགས་ཆེན་མཁའ་ལྡིང་དར་མའི་དཔུང་ཤུགས་ངོམ། །
དེ་ཚེ་དབྱིངས་ནས་སྲས་བཅས་རྒྱལ་ཀུན་གྱིས། །
སྲིད་ཞིར་ཤིས་པའི་མེ་ཏོག་ཆར་འབེབས་ཤིང། །
བཞད་པ་བརྒྱད་ཀྱིས་མངོན་པར་བཞད་པའི་སྒྲས། །
ཞི་བར་གཟིམས་པ་རྣམས་ཀྱང་འགོག་ལས་སློང༌། །
དམ་པའི་བཤེས་གཉེན་བསྟེན་ལ་རྟག་ཏུ་ངུའི། །
ངོ་མཚར་རྣམ་ཐར་རྒྱ་མཚོ་ལྷུར་བཞེས་པས། །
བླུན་པོ་ནོར་རྐྱལ་མིང་གིས་དྲེགས་པ་འགའ། །
སེང་གེའི་གསོབ་ཀྱི་ཟླ་ལ་ཅི་ཕྱིར་འགོད། །
ཐོས་བསམ་རིན་ཆེན་སྣང་བའི་མུ་ཁྱུད་ཅན། །
ཟབ་རྒྱས་ཆོས་ཀྱི་མཁའ་ལ་ཡོངས་བཏེགས་ཏེ། །
མཁྱེན་གཉིས་ལང་ཚོ་དར་བའི་འཇོ་སྒེག་གིས། །
མཁས་རྣམས་ཡིད་ཀྱི་བརྟན་པ་ཅི་ཡང་འཕྲོག །
ལྟ་ངན་དྲྭ་བ་སྟུག་པོས་ཡོངས་ཁེབས་པའི། །
ཕས་རྒོལ་བྲག་རི་ཕྱེ་མར་གཞིག་བྱེད་པ། །
རིགས་ལམ་རྡོ་རྗེའི་མེ་ཆར་སྤྲོ་བ་ལ། །
ཆོས་ཀྱི་གྲགས་པའི་སྙན་པ་ཁྱོད་ཀྱིས་འགོག།
བསྟན་པའི་གཞི་མ་སོ་སོར་ཐར་བའི་སྲོལ། །
འདུལ་ལུང་བཞི་ཡི་དགོངས་དོན་རྨ་མེད་པ། །
ཇི་བཞིན་བདག་གིར་བཞེས་ཤིང་གཞན་འདོམས་པ། །
ཡོན་ཤཱཀ་ཟུང་གི་རྗེས་སུ་རྐང་པ་འཇོག །
ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་ཆོས་སོ་ཅོག
གསུང་རབ་མངོན་པའི་གཞུང་དུ་བསྟན་པ་ཀུན། །
ཐོགས་མེད་མཁྱེན་པའི་ཀློང་དུ་དགྱེས་རོལ་བས། །
ཀུན་མཁྱེན་དབྱིག་གི་གཉེན་དང་ཡང་དག་སྡེབས། །
ཐལ་འགྱུར་ལུང་དང་རིགས་པའི་འཕྲུལ་ཐབས་ལས། །
མཐའ་བྲལ་དབུ་མའི་དེ་ཉིད་གསལ་བྱས་ཏེ། །
སྟོང་ཉིད་སེང་གེའི་ང་རོ་སྒྲོགས་པ་ལ། །
མཁས་པ་ཁྱོད་ནི་ཀླུུ་དབང་གཉིས་པར་གྲགས། །
འཕགས་བཞིའི་མངོན་རྟོགས་ནོར་བུས་ཡོངས་གཏམས་པའི། །
ཤིན་ཏུ་རྟོགས་དཀའ་སྦས་དོན་ཟབ་མོའི་གཏེར། །
འབྱེད་བྱེད་མན་ངག་བྱེ་བའི་ལྡེ་མིག་ཅན། །
བྱམས་མགོན་བློ་ཡི་ཉི་མ་དེང་ཡང་ཤར། །
སྒྲ་སྙན་སྨན་རྩིས་བཟོ་ཡི་རིག་པ་སོགས། །
ཐུན་མོང་འགྲོ་ལ་སྨན་པའི་ཐབས་ཚུལ་ཀུན། །
ཁྱོད་ཀྱི་དགོངས་པའི་ཀློང་དུ་ཚེགས་མེད་དུ། །
ཆུབ་ཕྱིར་ལྔ་རིག་སྨྲ་བའི་དབང་པོར་ངེས། །
མདོར་ན་ཤེས་བྱར་སྲིད་པའི་ཆོས་སོ་ཅོག །
གང་གི་མཁྱེན་པའི་ལམ་དུ་མ་སོང་བ། །
མེད་ཕྱིར་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཞེས། །
དོན་ལྡན་བསྔགས་པའི་སྤྲིན་སྒྲ་སྲིད་ན་རྒོད། །
གུར་གུམ་ཕྱེ་མར་བཏགས་པའི་རྡུལ་ཕྲེང་གིས། །
ས་ཆེན་དམ་དུ་འཁྱུད་ལ་ཅོ་འདྲི་བའི། །
དགེ་ལྡན་བསྟན་པ་ཀུན་ཏུ་རྒྱས་པ་ལ། །
དམ་པ་ཁྱོད་ནི་བློ་བཟང་རྒྱལ་བ་དངོས། །
བརྒྱུད་གསུམ་གདམས་པའི་གསེར་འགྱུར་རྩི་སྨན་གྱིས། །
ཕལ་གྱུར་མོས་པའི་ལྕགས་ཁམས་ཡོངས་དག་ནས། །
ཟང་ཐལ་འཇའ་སྐུར་གྲོལ་བའི་ཐབས་མཆོག་ཅན། །
གྲུབ་དབང་ཁྱོད་ནི་པད་མའི་གདུང་འཚོབ་ཉིད། །
འཁོར་འདས་དམིགས་དང་མི་དམིགས་ཆོས་རྣམས་ཀུན། །
དོན་དམ་ཕྱག་རྒྱ་ཆེན་པོར་བྱང་ཆུབ་པས། །
རེ་དོགས་སྤངས་བླང་མཚན་མ་རབ་ཞི་བ། །
རྗེ་བཙན་བཞད་པའི་རྡོ་རྗེར་ཡང་དག་མཚུངས། །
རྨད་བྱུང་མཁས་པའི་བྱ་བ་རྣམ་གསུམ་གྱིས། །
བློ་གསལ་དགའ་སྐྱེད་ལོག་རྟོགས་མུན་པ་སེལ། །
རྣལ་གྲོལ་བདུད་རྩིའི་དགའ་སྟོན་འགྱེད་མཁས་པས། །
འཇམ་དབྱངས་ས་ལོའི་རྣམ་ཐར་རྗེས་སུ་བསྙེགས། །
གང་ཞིག་དབུལ་ཞིང་ཕོངས་ལ་རིན་ཆེན་གཏེར། །
ཐར་ལམ་ཡོངས་སུ་འཚོལ་ལ་དགེ་བའི་བཤེས། །
འཇིགས་ཤིང་སྐྲག་པའི་ཉེན་ལ་སྐྱབས་ཀྱི་མཆོག །
འགྲོ་བའི་རེ་སྐོང་དམ་པ་ཕྱག་བྱའི་ཡུལ། །
དེ་ལྟར་བཅོས་མིན་དད་པའི་རང་མདངས་ལ། །
ཟོལ་བསྟོད་གཡོན་མའི་འཛུམ་གྱིས་མ་བསླད་པར། །
བསྟོད་ཚིག་ཕྲེང་བ་ཕུལ་འདིས་འགྲོ་བ་ཀུན། །
འཕགས་མཆོག་ཐུགས་རྗེའི་དཔལ་དང་མི་འབྲལ་ཤོག །
༼སྙན་ངག་འདི་ནི་སྙན་ངག་མེ་ལོང་མའི་ལམ་བཞིན་དུ་སྒྲ་དོན་རྒྱན་གྱིས་མཛེས་པར་སྤྲས་ཤིང་། མངོན་བརྗོད་ཀྱིས་བཅིངས་ཚད་རན་པ། བརྡ་རྙིང་དང་ཡུལ་སྐད་ཉི་ཚེ་བའི་དྲི་མས་དབེན་པ། བརྡ་དག་སྤྱི་འགྲོས་ཀྱི་ཁྲིམས་ལུགས་ལས་མ་འགོངས་པ་སོགས་སྙན་ངག་ཡག་པོ་ཞིག་ཏུ་མཐོང་། དེར་བརྟེན་རྩོམ་པ་རང་ཉིད་ཀྱིས་སྲོལ་རྒྱུན་དམ་པའི་མཛད་སྤྱོད་ལྷུར་བཞེས་ཀྱིས་ཁེངས་པ་བསྐྱུངས་ཏེ་སྙན་ངག་ཆ་ཚད་ལྡན་པ་འདི་ལྟ་བུ་ཡང་མཆན་གྱི་གྲལ་དུ་བཏང་འདུག དེར་ཕྲན་གྱི་རྩོམ་ཡིག་ཡག་པོ་འདི་འདྲ་ཞིག་མཆན་ཉོག་གི་ཁྲོད་དུ་ཆུད་འཛའ་བར་གྱུར་ན་ཙན་ཏན་སོལ་བར་བཟོས་པའི་དཔེ་བཞིན་སོང་བར་མཐོང་བས་རྩོམ་པ་པོ་གང་ལ་མཐུན་འགྱུར་ཞུས་གནང་བཞིན་འདིར་དྲ་བའི་མདུན་ངོར་བཀོད་པ་ལགས་པས་ཀློག་པ་པོ་ཚོས་ལང་ཚོ་ཅན་དང་འགྲོགས་པའི་དགའ་བ་ལ་རོལ་བ་བཞིན་དུ་རོལ་མྱོང་གནང་བར་ཞུ། མཇུག་གི་གསལ་བཤད་འདི་ཞུ་བ་པོ་ནི་གུས་སྤོབས་པ་མཐའ་ཡས་ཡིན།༽

སྙན་ངག

Post navigation

Previous Post: གྲྭ་པ་གཉིས་ཀྱིས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ།
Next Post: དེ་རིང་གི་རྔ་པའི་དོན་རྐྱེན།

Comments (18) on “༄༅། །འདྲེན་མཆོག་ཐམས་ཅད་མཁྱེན་པ་གང་ལ་བསྟོད་པ་”

  1. གངས་བུ་རྩེ་རྒྱལ། says:
    2011-09-26 at 7:48 am

    སྤོབས་པ་མཐའ་ཡས་ལགས་ཀྱིས་དེ་འདྲའི་གདེང་འཇོག་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

  2. དགྱེས་རྡོར། says:
    2011-09-26 at 8:25 am

    ཐུགས་རྗེ་ཡག་པོ་ཞེ་དྲག་བྲིས་ཤག

  3. དཔལ་དགྱེས། says:
    2011-09-26 at 8:27 am

    ཡག་པོ་འདུག

  4. ཨ་ར་དཀར་པོ says:
    2011-09-26 at 8:59 am

    ངས་སྙན་ངག་མི་ཤེས་མོད་ སྤོབས་མཐའ་ལགས་ཀྱིས་གདེངས་འཇོག་དེ་འདྲ་གནང་ན་སྙན་ངག་སྤྱིར་བཏང་བ་ཞིག་མིན་པ་ཐག་ཆོད།
    དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི།། སྙན་ངག་མཁན་ཚེ་བདེ་གཤེགས་རྩ་མཆོག་ལ།།
    ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་།། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དོ།། གསུངས་པ་ལྟར་གངས་ཅན་འགྲོ་བའི་མགོན་པོ་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་ཁོང་ལ་འདི་ལྟ་བུའི་སྙན་ངག་གི་ལམ་ནས་བསྟོད་པ་མཛད་པ་ནི་ཤིན་ཏུ་ནས་ཀྱང་ལེགས་སོ།

  5. དཔལ་དགྱེས་པ་རྡོ་རྗེ། says:
    2011-09-26 at 9:19 am

    དེ་འདྲའི་རྩོམ་སྙན་པོ་འདུག ངོ་སོ་ཡར་ལ་བསྟོད།

  6. ཀ་དག་ཆོས་དབྱིངས། says:
    2011-09-26 at 9:28 am

    ༧ གོང་ས་༧སྐྱབས་མགོན་རིནཔོ་ཆེ་མཆོག་ལ་འདི་ལྟ་བུའི་སྙན་རྩོམ་ཞིག་བྲིས་པར་བསོད་ནམས་ཆེའོ།།

  7. dechensemkyi says:
    2011-09-26 at 11:03 am

    སྐབས་བབ་བརྗོད་གཞི་དང་འབྲེལ་བ་སྤུ་ཙམ་མེད་པའི་མཆན་བཅུ་གྲངས་ཤིག་བཏབ་འདུག་པ་ཚང་མ་བསུབ་བཞག་པ་ཡིན། དགོངས་དག

  8. དཔལ་དགྱེས་པ་རྡོ་རྗེ says:
    2011-09-26 at 11:31 am

    སྤོབས་པ་མཐའ་ཡས་གོང་གི་ཚང་མ་མིང་རྫུན་བྱས་ནས་ཁ་བརྡ་དྲ་བ་ལ་མགོ་སྐོར་གཏོང་བ་རེད། བདག་གིས་རྩོམ་དེ་ལ་བསྟོད་ར་བྱས་མེད་ལ་སྨད་ར་ཡང་གཏོང་མེད།དེ་ལ་ལན་ཁ་བསལ་གྱི་ལན་དམིགས་བསལ་ཞིག་མེད་ན་ད་ཕྱིན་བདག་གི་མིང་དཔལ་དགྱེས་པ་རྡོ་རྗེ་ཞེས་པ་ཡོད་ཚད་ནག་བསུབས་བཏང་ཆོག་ལ་ད་ཕྱིན་ཁ་བརྡ་དྲ་བ་ལ་ཡང་གི་ཡང་མིན་ནོ། ཕྲན་དངོས་ཤྲྰིས་སོ།།
    http://amahonet.blogspot.com/2011/09/blog-post_26.html

  9. སྤོབས་པ་མཐའ་ཡས། says:
    2011-09-26 at 11:52 am

    ངས་འདིར་བརྗོད་གཞིའི་རྩོམ་ཡིག་དང་འབྲེལ་བ་མེད་པའི་མཆན་མང་པོ་ཞིག་བསུབ་བཞག་པ་དེ་ནི་བརྗོད་གཞི་དང་འབྲེལ་བ་མེད་པའི་རྒྱུ་མཚན་གྱིས་བསུབ་པ་མ་གཏོགས་སུ་དཀར་སུ་ནག་ལ་བལྟས་ཀྱང་མེད། ཁ་བརྡ་དྲ་བ་ཞེས་མཛུབ་མོ་འཛུགས་ཆོག་ཆོག་ཡོད་པ་མ་རེད། ཁ་བརྡ་དྲ་བའི་ནང་ལ་རྩོམ་ཡིག་ཡར་འགོད་མཁན་ཡང་མི་སྣ་མང་པོ་རེད། མི་རེ་རེ་བཞིན་རང་རང་གི་ལས་ཀ་བྱེད་སྟངས་རེ་ཡོད་པ་རེད། ངས་ཡར་བཀོད་པའི་རྩོམ་ཡིག་ཅིག་ཡིན་ཕྱིན་དེ་ལ་མཆན་བུ་བཀོད་པ་དེ་དག་མ་མཐའ་ཡང་བརྗོད་གཞི་དང་འབྲེལ་བ་ཡོད་དགོས། དེ་མིན་བསྟོད་སྨད་གང་བྱས་གཙོ་བོར་མི་འཛིན། བརྡ་དག་དང་འབྲི་རྩལ་བཟང་ངན་གཙོ་བོར་མི་འཛིན། མཆན་བུ་འགོད་མཁན་གྱིས་མིང་གང་ཞིག་བཀོལ་མིན་གཙོ་བོར་མི་འཛིན། དེ་ནི་ངས་ལས་ཀ་བྱེད་སྟངས་ཙམ་རེད།

  10. གཞོན་ནུ་ཟླ་མེད། says:
    2011-09-26 at 12:26 pm

    སྙན་ངག་ཡག་པོ་བྲིས་འདུག་ངོ་སོ་དགུང་ལ་བསྟོད།

  11. སྤོབས་པ་མཐའ་ཡས། says:
    2011-09-26 at 12:26 pm

    ནགས་ཀྱི་སེང་གེ་ལགས། ཡིན་དང་ཡིན། སྤོབས་པ་མཐའ་ཡས་གཞན་ཞིག་སླེབས་མི་ཆོག་དོན་གང་ཡོད། བཀག་བསམ་ན་ཡང་ངས་དེ་བཀག་ཐུབ་གི་མ་རེད། རང་རང་ལ་ངོ་ཚ་དང་ལས་རྒྱུ་འབྲས་མི་དགོས་ན་དྲ་ཐོག་འདིར་ཡོད་ཚད་ཚང་མ་ཁྲིམས་དང་སྒྲིག་གཞིས་སྟངས་འཛིན་བྱེད་ཐུབ་གི་མ་རེད།

  12. ཀ་དག་ཆོས་དབྱིངས། says:
    2011-09-26 at 1:37 pm

    སྤོས་པ་མཐའ་ཡས་ཀྱིས་གསུང་པ་དེ་ནི་ཕྱོགས་སུ་མ་ལྷུང་བའི་དྲང་གཏམ་སྲོང་པོ་ཞིག་རེད། འདིར་གཞི་མེད་སྒྲོ་སྐུར་གྱི་རྩོམ་གྱི་རིགས་དང་མཆན་ངན་སྤེལ་ས་རྩ་ནས་མ་རེད། གལ་ཏེ་མི་སོ་སོའི་སྒེར་གྱི་དགྲ་བོ་ཞིག་ཡོད་དུ་ཟིན་ཀྱང་འདིར་སྤྱི་ལ་དབང་བའི་ཁ་བརྡའི་དྲ་བ་ལ་ནག་པོ་བཟོ་དགོས་དོན་དེ་བས་ཀྱང་མེད། སྤྱིར་སྟངས་དགྱེས་པ་རྡོ་རྗེ་ཞེས་པ་དེ་རྟགས་དཔྱད་བྱེད་དགོས་ཡག་གི་མི་ཞིག་འདུག ཕར་དྲང་པོ་ལབ་དུས་ཚུར་ངན་ཁ་ཤ་སྟག་གཡོགས་མཁན་ཅན་གྱི་མི་ངན་ཞིག་འདུག

  13. དཔལ་དགྱེས་པ་རྡོ་རྗེ། says:
    2011-09-26 at 1:50 pm

    སྤོབས་པ་མཐའ་ཡས་ལགས་དགོངས་འགལ་མེད་པ་ཞུ། ཁྱེད་ཀྱི་གསུང་ལ་རྒྱུ་མཚན་མེད་པ་མི་འདུག ཡིན་ན་ཡང་ཕྱིན་ཆད་གཟབ་གཟབ་གནང་དགོས་ནི་རེད། ངའི་གློག་ཀླད་དེས་ལས་པ་ཡག་པོ་མི་བྱེད་ཀི། གོང་དུ་འབྲེལ་མེད་མཆན་མང་པོ་ཤོར་སོང་ཐལ། ཤྲྰི་ཡ་མ་ར་ཛས་གང་དྲན་དུ་བྲིས།

  14. དཔལ་དགྱེས་པ་རྡོ་རྗེ says:
    2011-09-26 at 5:22 pm

    སྤོབས་པ་མཐའ་ཡས་མཆོག་ལ་སྒེར་གྱི་དམིགས་བསལ་གྱིས་མཆོག་གི་ཡིག་སྒམ་ལ་འཕྲིན་ཐུང་ཞིག་ཀྱང་གཏོང་ཡོད། གངས་ཅན་བོད་ཀྱི་སྐད་ཡིག་དང་རིག་གནས་གོང་སྤེལ་ཆེད་དུ་ཡུན་རིང་འགྲོགས་པའི་ཁ་བརྡ་དྲ་བའི་བདག་པོ་ཡོངས་དང་སྙིང་ཉེ་བའི་སྤུན་ཟླ་རྣམ་པ་ལགས། ཁ་བརྡ་བཤད་སའི་དྲ་བ་འདིར་དྲང་བདེན་གྱིས་བཟང་ངན་ཤན་འགྱེད་དང་།བདག་ཅག་སྐྱིད་སྡུག་མཉམ་གླེང་རེ་བྱས་ན་ཡག་པོ་འདུག དེ་དག་ཀྱང་ཐོབ་དང་གོ་ས་དབང་ཆ་དང་དཔལ་འབྱོར་གང་གིས་དབང་ཤེད་དུ་མ་སོང་བར་མཐོ་དམན་དྲག་ཞན་ཚང་མ་འདྲ་མཉམ་ཞིག་དང་། དེ་ཡང་བོད་བརྡ་སྤྲོད་རང་གིས་རིགས་ལམ་དང་མཐུན་པར་སྐད་ཡིག་རིག་གཞུང་དེ་དག་ཁ་བརྡ་དྲ་བ་འདི་ལྟ་བུའི་ཞིག་གིས་ཡར་རྒྱས་སུ་གཏོང་དགོས་པ་རེད་བསམ་ཡོད། ཡིན་ན་ཡང་རྟ་རྒྱུགས་ས་དོང་རྐོ་བའི་དཔེ་བཞིན་གང་ཟག་འགའ་རེས་བཟང་ངན་གོ་ནོར་ནས་བདེན་རྫུན་མ་ཤེས་པར་རྨོངས་པའི་མིག་ཅན་དག མིང་རྫུན་དང་འགྲན་རྩོད་ཁོ་ན་དོན་དུ་གཉེར་བ་དག་ཉི་ཟེར་གྱི་རྡུལ་ལས་མང་བར་འདུག་མོད། ཅི་ཁག་སྙིགས་མ་ལྔ་བདོ་ཟེར་བ་དེ་ཡིན་ཡང་། བོད་མི་ཞིག་ཡིན་ནས་བཟུང་ངོ་ལྐོག་མཚུངས་པ་ཞིག་གནང་ན་མི་ལེགས་སམ། གང་ལྟར་སྐབས་སུ་བབས་པ་དགའ་ལྡན་ཁྲི་ཟུར་གྱི་ལས་ཀ་འདི་ཚོ་དངོས་ནས་ཧ་ལས་དགོས་པ་དང་དགག་པ་རྒྱབ་དགོས་ས་རེད། གལ་ཏེ་བདག་རང་ངོས་ནས་དེ་འདྲ་བྱས་ཡོད་ཆོས་སྐྱོང་མ་གཟའ་དམ་གསུམ་གྱིས་བདག་གི་སྙིང་སྲོག་དྲོན་མོ་བཞེས་ཆོག དེ་མིན་ཕྱོགས་ཞེན་སྡིག་པའི་ཕྲུ་གུ་མིག་སེར་གཡོ་སྒྱུའི་གཞན་དབང་དུ་སོང་བ་དག་གིས་ཅི་མོས་གྱིས། ད་ཕྱིན་ཆོད་དྲ་ཞབས་དག་གིས་དཔལ་དགྱེས་པ་རྡོ་རྗེ་ཞེས་མིང་ཅན་བརྒྱ་ཕྲག་ཁོལ་དུ་བྱུང་ཡང་དེ་ཚོ་ཁོ་རང་སོ་སོས་བདག་རྒྱོབས། ལྷ་བཟོ་ཀུན་དགའ་ཤིང་བཟོ་ཀུན་དགའ་ལྟ་བུའི་ཕྲག་དོག་ཀྱང་ཅི་ཡང་མེད་དོ། ཁྱེད་ཚོས་ཁ་བརྡ་དྲ་བར་ཤྲྰི་མ་ར་ཡ་དང་ས་ར་ཧ་སོགས་ག་རེ་བཏགས་བསམ་པ་རང་དབང་རེད། ཨེ་མ་ཧོའི་རིག་མཛོད་ཆེ་ཆུང་དུ་བྲིས་པ་ཞིག་ཡོད་ནས་བཟུང་དཔལ་དགྱེས་པ་རྡོ་རྗེ་འམ་ཤྲྰི་སྨྱོན་སོགས་གང་བརྗོད་པའི་མིང་བརྒྱ་མཚན་སྟོང་གང་བྱུང་བ་བདག་གིས་འགན་ཁུར་ཆོག དེ་མིན་ཨེ་མ་ཧོའི་རིག་མཛོད་དུ་བཞག་པའི་མི་དེ་དགྱེད་པ་རྡོ་རྗེ་མིན་པར་མིན་པར་ཀུན་གྱིས་ཤེས་པར་མཛོད། ད་ཕྱིན་ཁྱེད་ཚོས། དགྱེས་རྡོར དཔལ་རྡོར། དཔལ་དགྱེས། དཔལ་དགྱེས་པ་རྡོ་རྗེ་གསང་བ་འདུས་པ་དུས་ཀྱི་འཁོར་ལོ་མ་ཧ་ཧྰ་མ་ཡ་སངས་རྒྱས་ཐོད་པ་བྱ་རྒྱུད་སྤྱོད་རྒྱུད་སོགས་ཅི་ཞིག་བརྗོད་ཀྱང་བདག་ཨེ་མ་ཧོའི་རིག་མཛོད་དུ་བཞག་མེད་པ་དག་བདག་གིས་འགན་ཁུར་མེད་པར་ངེས་པར་ཤེས་དགོས་སོ། །
    ཨེ་མ་ཧོའི་རིག་མཛོད་ཆེ་ཆུང་དེ་འདི་ཡིན།
    http://www.amahoweb.org/?p=2735
    http://www.amahonet.blogspot.com/p/blog-page.html
    རིག་འཛིན་བླ་མ་དཔལ་དགྱེས་པ་རྡོ་རྗེ་ཁ་བརྡའི་དབུ་འཛིན་ཡོངས་ལ་གུས་ཕུལ། །
    ཁ་བརྡ་ཚང་གིས་དྲ་ཐོག་ཏུ་ངེས་པར་བཞག་དགོས།
    འདི་འབྲི་དགོས་པ་ཡང་བདག་དྲ་ཐོག་ཡུན་རིང་ཞིག་ལ་ཡོང་གི་མེད་དོ།
    ཁྱེད་ཚོ་ཚང་མ་བདེ་མོ་གྱིས།

  15. སྤོབས་པ་མཐའ་ཡས། says:
    2011-09-26 at 8:32 pm

    སྒྱུ་རྩལ་ལ་མཚན་ཉིད་བཞག་ཐུབ་དང་མི་ཐུབ་ཟེར་བ་དེ་ནི་ནུབ་ཕྱོགས་མཚན་ཉིད་རིག་པའི་རྩོད་གཞི་གནད་ཅན་ཞིག་ཡིན་སྟབས་སྙན་ངག་བྲིས་ཚད་འདི་འདྲ་ཞིག་ཡིན་དགོས་ཞེས་གཏན་ནས་ཤོད་ཀྱིན་མེད། ང་ནི་སྙན་ངག་པ་ཞིག་གཏན་ནས་མིན། འོན་ཀྱང་ངས་སྙན་ངག་མེ་ལོང་མ་འབད་པ་ཆེན་པོས་སྦྱངས་མྱོང་། དེར་བརྟེན་སྙན་ངག་འདི་ནི་མེ་ལོང་མའི་ལམ་སྟོན་བཞིན་བྲིས་པའི་སྙན་ངག་ངག་ཡག་པོ་ཞིག་ཏུ་མཐོང་། སྙན་ངག་འདིའི་བརྗོད་བྱ་ནི་ལྷ་བསྟོད་ཀླུ་བསྟོད་ལྟ་བུ་མ་ཡིན་པར་ཐེག་ཆེན་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་འབྲེལ་དེ་མི་དང་མིའི་བར་གྱི་ཡིད་ཆེས་དང་གུས་བརྩི་གཏིང་ཟབ་པའི་མཐར་སོན་པ་བླ་སློབ་བར་གྱི་དད་མོས་བརྩེ་དུང་བརྗོད་བྱར་བྱས་འདུག བརྗོད་བྱེད་ཀྱི་ཆ་ནས་ཀྱང་སྙན་ངག་མེ་ལོང་མ་ལས་བསྟན་པ་བཞིན་དུ་སྒྲ་དོན་གྱི་རྒྱན་དང་སྦྱར་ཞིང་། མངོན་བརྗོད་ཀྱིས་རན་པར་བཅིངས་པ། དྲ་ཐོག་གི་ཡིག་ཆ་ཕལ་ཆེ་བ་དང་མི་མཚུངས་པར་ཞུ་དག་ཡག་པོ་སོང་བ་བཅས་ལ་བརྟེན་ནས་ངས་རྩོམ་པ་པོ་འདིའི་མཁྱེན་དཔྱོད་དང་འབད་བརྩོན་ལ་གུས་བརྩི་བླ་ལྷག་ཏུ་ཞུ་བཞིན་ཡོད། དེ་བཞིན་དུ་སྲོལ་རྒྱུན་གྱི་རྩོམ་སྙན་ངག་དང་ཐེག་ཆེན་ནང་པ་སངས་རྒྱས་པའི་བླ་སློབ་བར་གྱི་དད་དམ་བརྩཕེ་དུང་བརྗོད་བྱར་བྱས་པའི་སྙན་ངག་གི་དཔེ་མཚོན་ཞིག་ལ་བཞག་ཀྱང་མི་ཆོག་པ་གང་ཡང་མ་མཐོང་། ཁྱེད་ཚོར་ལྟ་སྟངས་མི་འདྲ་བ་ཡོད་ན་གསུངས་རོགས།

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-09-27 at 12:21 am

    ཤིན་ཏུ་ལེགས་པའི་རྩོམ་བྲིས་སུ་མཆིས། ལྷག་པར་དུ། ཛམ་བུས་མཚན་པའི་གླིང་འདི་སྐལ་བཟང་བྱས། །ཞེས་པའི་ཛམ་བུ། ལེགས་སྦྱར་ཚིག་ལ་གཞན་རྣམས་ཀྱིས་མི་དགོས་པའི་སྔོན་འཇུག་འ་མེད་པ་དེ་སྣར་་ཐང་བཀའ་འགྱུར། དེབ་ཐེར་སྔོན་པོ་སོགས་དང་མཐུན། བོད་ཀྱི་སྒྲ་ལ་ལྟོས་མེད་བྱེད་པ་འགའ་ཞིག་གིས་སྒྲོགས་དང་སྒྲོག་གི་ཁྱད་པར་མ་རྩི་བར་སྒྲོགས་ལ་ཡང་སྒྲོག ཅེས་འབྲི་བ་མཐོང་། དེ་ལྟར་མ་ཡིན་པར། སྟོང་ཉིད་སེང་གེའི་ང་རོ་སྒྲོགས་པ་ལ། །ཞེས་ཤིན་ཏུ་དག་པར་བྲིས་པ་ལ་རྗེས་སུ་ཡི་རང་ཞུ། གཤམ་གསལ་ཚིག་དག་ལ་སླར་ཡང་དཔྱད་པ་མཛད་དགོས་པར་མངོན། བྲེལ་བས། ཞེས་འ་སྔོན་འཇུག་དགོས་མིན་དང་། བྲེལ་བ། ཞེས་པ་འབྲེལ་བའི་འདས་ཚིག་ཡིན་ན། ད་ཡང་འཇུག་མི་མངོན་པའི་ཚུལ་དུ་ཡོད་ན། ད་ཡིག་རྗེས་འཇུག་ནང་གི་ཕོ་ཡིན་པས། ཕོ་ཡིས་ཕའི་མིང་འདྲེན་པས། བྲེལ་པ། ཞེས་དགོས་པར་མཐོང་བ་བདེན་མིན་མི་ཤེས་དཔྱད་པ་མཛད་པའི་རྐྱེན་དུ་ཕུལ།
    ཕན་བདེའི་འོད་སྣང་འགྱེད་ལ་རྟག་བྲེལ་བས། །
    སླར་ཡང་འགྲོ་འདི་སྐྱོབས་ལ་ལྷག་པར་བྲེལ། །
    འདར་ལྡན་རལ་བའི་ཅོ་པན་གཡོ་བའི་རྩེར། །
    དབང་ཕྱུག་རལ་བའི་ཀློང་དུ་གབ་པར་རྩོམ། །
    བསྟན་པའི་གཞི་མ་སོ་སོར་ཐར་བའི་སྲོལ། །

  17. དཔལ་དགྱེས་པ་རྡོ་རྗེ། says:
    2011-09-27 at 10:48 am

    དགོངས་པ་མ་ཚོམས་རོགས་ཁ་བརྡའི་དྲ་བའི་དྲ་གྲོགས་ཚོ། ཁ་བརྡའི་དྲ་བ་འདི་བློས་བཏང་ཐུབ་པ་ཞིག་ཡིན་ནི་མ་རེད་ཡ། གྲོགས་པོ་ཚོར་ངས་གསལ་བསྒྲགས་ཤིག་ཞུ་རྒྱུ་ཡོད། བོད་གངས་ཅན་གྱི་བླ་ཆེན་ཁག་དང་། དེའི་ནང་ནས་ཀཾ་ཚང་གི་བླ་མ་ཚོའི་མཛད་རྣམ་དང་། དེའི་བྱུང་འབྲས་ཞིབ་ཕྲ་གཟིགས་འདོད་ན། ཨེ་མ་ཧོའི་རིག་མཛོད་དུ་བཅུག་ཡོད་པས་དྲ་མིག་ཀྱང་འདིར་ཡོད། http://www.amehowaeb.org/?p=2735
    http://www.amehonet.bloghspot.com/g/blog-page.html

  18. གངས་བུ་རྩེ་རྒྱལ། says:
    2011-09-28 at 5:24 am

    དྲ་གྲོགས་རྣམས་ཀྱིས་གདེང་འཇོག་གནང་བར་བརྟེན་ནས་བདག་སླར་ཡང་རྩོམ་རིག་གི་སྐྱེད་ཚལ་དུ་འཇུག་པའི་མོས་པ་འཕེལ་སོང་།ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme