Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །ཞི་བདེའི་མཁའ་འགྲོ་དཀར་པོའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། །

Posted on 2012-07-042012-07-04 By ཁ་བརྡ་ 26 Comments on ༄༅། །ཞི་བདེའི་མཁའ་འགྲོ་དཀར་པོའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། །

ཤྲྰི་སྨྱོན་པ།

ཨེ་མ་ཧོཿ
ནམ་མཁའ་འཇའ་འོད་ཀྱི་ཀློང་ན། །
ཞི་བདེའི་མཁའ་འགྲོ་ནི་དཀར་པོས། །
གཤོག་རྩལ་སྐྱོད་པ་འདི་མཐོང་ཚེ། །
སྙིང་གྲོགས་དམ་པ་ཞིག་དྲན་སོང་། །

སྣང་སྟོང་རྟེན་འབྱུང་གི་ལྟ་བའི། །
གཤོག་ཟུང་མཁའ་དབྱིངས་ལ་བསྐྱོད་བཞིན། །
རྒྱང་རིང་རྒྱལ་ཁམས་རྣམས་འཕུར་བའི། །
ཞི་བདེའི་མཁའ་འགྲོ་ཉིད་རྒྱལ་ལོ། །

གྲུ་འཛིན་ཞིང་མཆོག་གི་མཁའ་འགྲོས། །
གངས་དཀར་ཀླད་མེད་དུ་མ་བཞག །
མཁའ་སྤྱོད་བདེ་ལམ་དུ་མ་ཕེབས། །
གངས་ཅན་གཙུག་རྒྱན་དུ་བཞུགས་ཤིག །

གདོང་དམར་སྙིང་བརྩེ་ཡི་མཁའ་འགྲོ། །
གསང་གསུམ་དཀར་པོ་དག་མཐོང་ཚེ། །
འཛམ་གླིང་ཕུག་རོན་གྱི་ཡང་རྩེ། །
ཞི་བདེའི་ལྷ་བྱ་ཁྱེད་རྒྱལ་ལོ། །

མཁྱེན་བརྩེའི་ཕྱག་ཟུང་གི་ཐལ་སྦྱར། །
ཐབས་ཤེས་གཤོག་ཟུང་གིས་ལམ་སྟོན། །
མཁའ་འགྲོའི་སྤྱན་རིས་ཀྱིས་གཡོ་བས། །
འཁོར་འདས་ལམ་བཟང་ཞིག་བསྟན་སོང་། །

ཟིང་ཟིངས་རྨི་ལམ་གྱི་ངོགས་སུ། །
མེ་འབར་ཆུ་འཇིགས་ཀྱི་གནོད་པས། །
ཞི་བདེའི་མཁའ་འགྲོ་ལ་གཟན་པ། །
འཁྲུལ་སྣང་རང་བཟློག་ཏུ་སྨོན་ནོ། །

ལྷག་དཀར་དོན་བརྒྱད་ཀྱི་ཉིན་མོ། །
དམ་ཚིག་མཁའ་འགྲོ་ཁྱེད་དྲན་ཚེ། །
འཛམ་གླིང་ཞི་བདེ་ཡི་དེད་དཔོན། །
ལྷ་ལྡན་ཞིང་ཁམས་སུ་འཕུར་ཤོག །

ཆོས་དབྱིངས་ནོར་གླིང་གི་གདན་སར། །
མི་འཇིགས་མཁའ་འགྲོ་ཁྱེད་ཕེབས་དང་། །
ཁམས་གསུམ་འགྲོ་བ་ཡི་སྙིང་ལ། །
ཞི་བདེའི་བདུད་རྩི་ཞིག་འཁྲུངས་ཡོང་། །

ཤར་ནས་ནུབ་ཕྱོགས་སུ་འཕུར་བའི། །
ཞི་བདེའི་མཁའ་འགྲོ་ནི་དཀར་པོ། །
སླར་ཡང་རྟེན་འབྲེལ་གྱི་དབང་གིས། །
ཉི་ཟླའི་འགྲོས་བཞིན་དུ་ཕེབས་ཤོག །

གོས་དཀར་ཞལ་བཟང་དུ་བཏབས་པའི། །
སོལ་རྡུལ་ཕུང་པོ་ལ་དགོངས་ནས། །
དྲན་རྟེན་རྡོ་རིང་གི་ལོགས་སུ། །
མཁའ་འགྲོས་བྱིན་རླབས་ཤིག་མཛོད་ཅིག །

སྐྱིད་བཤོངས་ནུབ་ཁ་ཡི་མཚམས་སྤྲིན། །
དཀར་ནག་སྡིག་ཏོ་ཡི་སྤྱི་ཚོགས། །
དེང་རབས་ཤར་བསྐྱོད་དུ་མཛད་ནས། །
ཞི་བདེའི་མཁའ་འགྲོ་ཁྱེད་ཕེབས་ཤོག །

ཏང་སྐར་ཁྲག་ཞག་གི་རྒྱ་མཚོ། །
བྱམས་བརྩེའི་འོ་མཚོ་རུ་བསྒྱུར་ནས། །
དུང་གཙང་མི་ལུས་ཀྱི་རིན་ཐང་། །
རང་དབང་མཁའ་སྤྱོད་དུ་མཛོད་ཅིག །

ཁ་དར་ཁ་བ་དང་འདྲིས་ཞིང་། །
དཀར་འབྱམས་ཡུག་གཅིག་གི་གངས་ཅན། །
ཕྱི་ནང་གསང་གསུམ་གྱི་ཞི་བདེ། །
དུས་བབས་མཁའ་འགྲོ་ཡི་ཕྲིན་ལས། །

ལང་ཚོའི་འཁྲི་ཤིང་གི་འདབ་གཤོག།
འཆི་མེད་འཇའ་ལུས་སུ་ཕེབས་པས། །
མཚོ་འཁྲུངས་རྒྱལ་བ་ཡི་བརྒྱུད་འཛིན། །
བསྟན་འཛིན་མཁའ་འགྲོ་ཡི་འཛུམ་དྲུག །

བདེན་བཞིའི་ལམ་བཟང་གི་ཆོས་དབྱངས། །
འཁོར་འདས་རང་གྲོལ་གྱི་གདམས་ངག །
ཡང་གསང་རྣལ་འབྱོར་གྱི་ཐུགས་དམ། །
ཚེ་འཛིན་མཁའ་འགྲོ་ཡི་གསུང་ཆོས། །

ཀ་དག་ཆོས་ཉིད་ཀྱི་དགོངས་པ། །
ལྷུན་གྲུབ་གཉུག་མ་ཡི་འོད་གསལ། །
ཟུང་འཇུག་རིག་སྟོང་གི་སངས་རྒྱས། །
ཆོས་དབྱིངས་མཁའ་འགྲོ་ཡི་ཐུགས་རྗེ། །

ཡུན་རིང་མཇལ་འཛོམས་ཀྱི་རེ་སྒུག །
ཡིད་བཞིན་ནོར་བུ་ཡི་ཡོན་ཏན། །
བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཆེན། །
འབད་མེད་ལྷུན་གྲུབ་ཏུ་སྩོལ་ཅིག །
ཅེས་པ་རབ་རྒྱན་ཆུ་འབྲུག་སྣྲོན་ཟླའི་གསོ་སྦྱོང་གི་སྐབས་སུ་དཔལ་ལྡན་ལྷ་མོ་དང་མཁའ་འགྲོ་བདེ་གཡང་གིས་བསྐུལ་བ་བཞིན་དུ་ཨེ་ཝྃ་མཁའ་འགྲོ་ཆོས་གླིང་ནས་༧གོང་ས་མཆོག་གི་འཁྲུངས་སྐར་དུ་ཤྲྰི་སྨྱོན་པས་སྙིང་ནས་སྨོན་པ་དོན་དང་ལྡན་པར་གྱུར་ཅིག ཤྲྰིཿསརྦ་ལོ་ཀ་བི་ཛ་ཡནྟུ། །

སྙན་ངག

Post navigation

Previous Post: ཀ་ཕྲེང་ལ་བརྒྱུས་པའི་ཁ།
Next Post: བོད་ལ་འགྱོད་བཤགས་ཞུ།

Comments (26) on “༄༅། །ཞི་བདེའི་མཁའ་འགྲོ་དཀར་པོའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། །”

  1. དགའ་སྐུ་ says:
    2012-07-04 at 11:26 pm

    ཁོང་གི་བཞེད་དོན་མཐའ་དག་འབད་མེད་གྲུབ་ཅིང་སྐུ་ཁམས་བཟང་ཞིང་སྐུ་ཚེ་ཁྲི་ལོར་བརྟན་པའི་སྨོན་འདུན་དང་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས།

  2. ཀརྨ་ཡེ་ཤེས says:
    2012-07-04 at 11:40 pm

    མི་ཆོས་བླ་མའི་རྫུན་ཆེན་ལ་མཁས་པའི་ཤྲཱི་སྨྱོན་ནག ཁོའི་ཁ་ལ་རྟག་ཏུ་རྫུན་ཆེན་པོ་དང་། སེམས་ལ་རྟག་ཏུ་ཕྲག་དོགས་དུག་ཆུ་ཁོལ་མ། ད་དུང་བོད་མི་རིགས་ལ་དཀྲུགས་ཤིང་གཟེར་མ་ར་མགོ་མ་གཏོགས་གཞན་མེད་བ།
    འོ་རེད། ངས་གཞི་ནས་དྲན་སོས་བྱུང་། ཁོ་ཁ་བརྡ་དྲ་བར་ལྐོག་འཛུལ་བྱས་འདུག འདྲེ་འདིས་ཁ་བརྡ་དྲ་བར་མི་ཡོང་རྒྱུའི་ཐོ་ནག་སློང་ནས་བུད་སོང་བ་རེད། ལས་ནག་པོའི་ངན་པོ་ཁོ་སྙིང་རྗེ། ཧཧཧཧཧ

  3. མེ་ཏོག་དཀར་པོ། says:
    2012-07-05 at 12:09 am

    ཨོ་དཔལ་གྱི་མཚན་ཅན་ལགས། ཁ་སང་འཛམ་གླིང་སྤྱི་བསངས་ཞེས་པའི་རྩོམ་འཇུག་ཏུ་དཔལ་ལྡན་ལྷ་མོས་བསྐུལ་ཞེས་བྲིས་སྣང་བར་ངེད་ནས་ཆོས་སྲུང་དཔལ་ལྷ་ཡིན་ནམ་དྲན་ཏེ་ཚིག་འགའ་ཐལ་བར་དགོངས་དག དེ་རིང་རྩོམ་བྱང་དུ་ཉིད་ལ་གམ་གནས་དཔལ་ལྡན་ལྷ་མོ་ཞེས་པ་ཞིག་ཡོད་པ་གསལ་འདུག
    གང་ལྟར་༧གོང་ས་མཆོག་ལ་བསྟོད་ཚིག་སྤེལ་བར་དགའ།

  4. ཁ་སྒང་ཤེར་རྒྱམ། says:
    2012-07-05 at 12:29 am

    ཡིད་འོང་ཐུན་མཚམས་མཚམས་སྤྲིན་གསར་པར་ལི་ཁྲི་ཞུན་མའི་མཛེས་པ་རབ་ཆགས་ཐུབ་བསྟན་བསྟན་འཛིན་བྱེ་བའི་མགོན།། མགོན་གང་བསོད་ནམས་ནམ་མཁས་བཟུང་བའི་ཀུན་ཁྱབ་རྒྱུ་སྐར་མེ་ཏོག་གིས་ནི་མཁའ་མཉམ་མཉམ་པ་མེད་པའི་ནོར།། ནོར་འཛིན་དཔྱིད་དཔལ་དཔལ་གྱི་ལང་ཚོ་ཉེ་བར་བསུ་བའི་ཞི་བདེའི་རྒྱ་མཚོའི་རླབས་ཕྲེང་ཕྲེང་བར་བསྟར་པའི་རྒྱན།། རྒྱན་དུ་ཡོངས་སྤྲས་སྤྲོས་བྲལ་ཐུགས་ཀློང་རྟེན་འབྲེལ་མི་བསླུའི་བྱིན་རླབས་བསྩལ་པས་རྣམ་རྒྱལ་རྒྱལ་བའི་ཚོགས་ཀྱང་མྱོས།།

  5. ཨ་རོགས་ཉི་མ། says:
    2012-07-05 at 3:24 am

    ཕྱག་ན་པདྨོའི་ཞབས་སོར་དྲོན་པོ།།
    ཁ་བའི་ལྗོངས་སུ་བསྐྱངས་ན་འདོད་གི།
    དམ་པ་ཆོས་ཀྱི་འཁོར་ལོ་གཉིས་པ།།
    ཁ་བའི་ལྗོངས་ནས་བསྐོར་ན་འདོད་གི།

    ཁོང་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་མཛད་བཟང་ལ་བར་ཆད་མེད་པར་སྨོན།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-07-05 at 3:52 am

    ཁམས་གསུམ་སྟོང་གསུམ་འཇིག་རྟེན་ཡོངས་ཁྱབ་པའི། །
    ལྷ་མི་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་ཁྱེད། །
    ཛམ་གླིང་མི་མང་འཐེར་འབུམ་བདུན་ལྷག་མཉམ། །
    མིག་མཐོང་ལག་ཟིན་དུད་འགྲོ་སྐྱོབས་པར་མཛོད། །

  7. བན་དེ་བ། says:
    2012-07-05 at 4:31 am

    ཨོ་་་་་་མཁའ་འགྲོ་དཀར་པོའི་ཞེས་་་་་མགོ་བརྗོད་དེ་གོ་དུས་ད་ཡང་མཁའ་འགྲོ་མ་ཞིག་སུ་ཡིན་ནམ་སྙམ་ནས་རྩོམས་འཕྲོར་གཟིགས་ཞེས་པར་བསྣན་དུས།
    མ་རེད་ཤག་དེ་ནི་༸གོང་ས་མཆོག་ལ་བསྟོད་པ་ཞིག་རེད་འདུག
    མ་གཞི་ནས་མཁའ་འགྲོ་ཞེས་པ་དང་་་་དཀར་པོའི་ཞེས་པ་གཉིས་ཀྱི་ཚིག་སྡེབ་སྦྱོར་དེ་རྩ་བ་ཉིད་ནས་ལེན་པོ་མ་བྱུང། ཡང་ན་མཁའ་འགྲོ་དཀར་མོའི་ཞེས་བྲིས་ན་ལེགས། མ་གཞི་ནས་༸གོང་ས་མཆོག་ལ་མཁའ་འགྲོ་ཞེས་པའི་མིང་བཏགས་དུས་རྣ་བར་སྙན་མོ་དང་ལེན་པོ་ཞིག་རྩ་བ་ཉིད་ནས་མ་བྱུང། འོན་ཀྱང་༸གོང་ས་མཆོག་ལ་བསྟོད་པ་ཕུལ་བ་དེར་བསྔགས་བརྗོད་ཡོད།

    ཞལ་རས་ཟླ་བའི་དཀྱིལ་ནས། བརྩེ་ཆེན་འོད་སྟོང་འཕྲོས། དུས་སྙིགས་གླིང་བཞི་འདི་ཡི། མི་མཐུན་རྒུད་ཚོགས་ཞི་མཛོད།
    གང་སྐུ་རི་རྒྱལ་ལྷུན་པོ། གང་གསུང་གཡུ་འབྲུག་སྔོན་མོ། གང་ཐུགས་བརྩེ་ཆེན་ཉི་གཞོན། གླིང་འདིའི་རྒྱན་དུ་བརྟན་ཅིག

  8. པདྨ says:
    2012-07-05 at 5:19 am

    འཁྲུངས་སྐར་ཡག་པོ་ཞིག་བསུས་འདུག འཁྲུངས་སྐར་དངོས་དེ་ཕྱི་ཚེས་བདུན་ལ་ཡིན་ས་རེད། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག སྐུ་ཚེ་བསྐལ་བརྒྱ་བརྟན་པ་ཤོག མཁའ་འགྲོ་དེ་ཡག་པོ་སྦྱར་འདུག འཇིགས་གླིང་གིས། མཁའ་འགྲོ་དང་ནི་མཁའ་འགྲོ་མ། །ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ་ཞེས་ཚོགས་མཆོད་སྐབས་སུ་སྤྱན་འདྲེན་དང་གསོལ་འདེབས་ཁག་ཏུ་མང་པོ་ཞིག་འདུག རྒྱ་གར་སྐད་དུ། ཌྰ་ཀ་དང་ཌྰ་ཀི་ནི་མཁའ་འགྲོ་དང་མཁའ་འགྲོ་མ་གོ ཤྲྰིཿ་དེ་རྙིང་མ་པ་ཞིག་ཡིན་འདྲ། གང་ལྟར་གསུང་རྩོམ་དེ་ལ་ཡི་རང་དང་བསྔགས་བརྗོད་ཡོད།

  9. ཡེ་ཤེས says:
    2012-07-05 at 6:02 am

    སྐུའི་འཁྲུངས་སྐར་དུས་ཆེན་ལ་ཕུལ་བའི་ཀ་ཕྲེང་སྙིང་གཏམ་འོ་མའི་ཐིགས་པ།
    ཀ་མ་ལ་ལྟར་རང་བཞིན་གཙང་ཞིང་ཀུན་གྱིས་དགའ་བའི་མིན་ན་ཀ།།
    ཁ་བ་ཅན་གྱི་མགོན་པོ་ཁྱེད་ནི་འཛམ་གླིང་ཞི་བདེ་འདྲེན་པའི་ཁ།།
    ག་སར་ཕེབས་ཀྱང་དགྲ་དང་གྲོགས་མེད་བཞིན་གྱི་ཞལ་ནི་བཞད་ཀྱི་ག།
    ང་ཡི་རྩ་བའི་བླ་མ་ཁྱེད་ཀྱི་འཁྲུངས་སྐར་ཤིས་སྨོན་འབུལ་འདི་ང་། །
    ཅ་གས་འགྲོ་བའི་ཆེད་དུ་བསྐྱངས་པའི་མཆོག་སྐུ་དཔག་བསམ་ལྗོན་བཟང་ཆ། །
    ཇ་སྒམ་བརྩེགས་ལྟར་དགུང་གྲངས་དོན་བདུན་ཡོངས་སུ་འཁོར་བའི་ཚེས་ཀྱི་ཉ།།
    ན་གཞོན་ང་ཚོས་སྒོ་གསུམ་གུས་པའི་བཀྲ་ཤིས་བདེ་ལེགས་སྙིང་ནས་ཞུ། །
    ད་དུང་གང་གི་གསང་གསུམ་མཛད་ཕྲིན་དབྱར་གྱི་ཆུ་གཏེར་ལེགས་རྒྱས་ནས། །
    ཐ་མལ་འགྲོ་བའི་འཕྲལ་དང་ཕུགས་ཀྱི་སྐྱབས་དང་མགོན་འདྲེན་ཤིང་རྟ་ཆེར། །
    ཏ་ལའི་བླ་མའི་རྣམ་ཐར་སྐྱོང་ནས་ས་གསུམ་དགའ་བདེའི་ཆར་འབེབས་ཤོག།
    པ་ཏྲའི་རིས་ལྟར་རང་བྱུང་བཀོད་མཛེས་ཕ་ཡུལ་བོད་ཀྱི་རྒྱལ་ཁམས་སུ། །
    བ་གམ་སུམ་རྩེན་ཁང་བཟང་འགྲན་པའི་མ་ཡུམ་སྐལ་བཟང་ཕོ་བྲང་དུ། །
    མགོན་ཁྱེད་ཞབས་སོར་མངོན་པར་བཀོད་དེ་ཙ་རི་ལ་སོགས་ཆོལ་གསུལ་ཁུལ། །
    ཡུན་རིང་གསེར་ཞལ་མཇལ་ལ་རེ་བའི་ཚ་བའི་གདུང་བ་ཡོངས་སེལ་ཏེ། །
    རྟེན་ཅིང་འབྲེལ་བའི་ཟབ་དོན་བསྟན་ཅིང་ཛ་ཡའི་བསྟན་པ་ལེགས་སྤེལ་ནས། །
    ལེགས་ཉེས་འབྱེད་པའི་བློ་གྲོས་དམན་པའི་ཝ་ཚོགས་སྨོན་ལོག་མ་ལུས་ཐུལ།།
    ཞ་དཀར་དང་ནི་བོད་བརྒྱུད་ནང་བསྟན་རིས་མེད་རིང་ལུགས་གཙང་མ་ཡི། །
    ཟ་ཟོར་མེད་པར་དགོངས་པའི་ཉིང་བཅུད་མ་ལུས་ཐུགས་སུ་ལེགས་བཞེས་ནས།།
    འ་ཅག་འཇིག་རྟེན་འཁོར་མོ་ཆེ་འདིར་དར་བའི་ཆོས་ལུགས་ཆེ་ཕྲ་ཀུན། །
    ཡ་བྲལ་མེད་པར་གཅིག་ཏུ་སྒྲིལ་མཛད་འཛམ་གླིང་ཆོས་བརྒྱའི་བདག་པོ་རྒྱལ།།
    ར་ས་གྲུ་འཛིན་ཕོ་བྲང་ནང་དུ་སྔོན་གྱི་ཐུགས་བསྐྱེད་ལས་སྨོན་བཞིན། །
    ལ་རྒྱའི་དམ་ཚིག་བརྟན་པོ་སྐྱོང་ནས་གདོང་དམར་གངས་ཅན་བོད་པ་ཚོ། །
    ཤ་བརྩེས་ཐུགས་རྗེས་རྗེས་སུ་བཟུང་ནས་ཡང་དག་ལམ་བཟང་སྟོན་མཛད་པོ། །
    ས་སྟེང་འདི་ན་གཡོ་བ་མེད་པར་སྐུ་ཚེ་རྡོ་རྗེའི་གཤིས་གྲུབ་ཤོག།
    ཧ་ལམ་ཡིད་གཉིས་ཐེ་ཚོམ་མེད་པར་བོད་པ་ཚང་གི་སྨོན་ལམ་ནི། །
    ཨ་ཀ་མ་ཡི་སྐྱེས་རྟགས་འཛིན་ཁྱོད་དགའ་བ་བརྒྱ་ཡིས་རྟག་ཕྱུག་ཤོག།

    ཀ་ནས་ཨ་བར་གྱི་ཕྲེང་བ་གཅིག་གི་ནང་དུ་ཀ་མད་ཐོག་མཐའི་ཟུང་ལྡན་དང་། ལུགས་འབྱུང་ལུགས་ལྡོག་སོགས་ཀྱི་བྱེད་ཐབས་མང་པོ་ཡུགས་གཅིག་ཏུ་སྤྱད་ནས་ཐོལ་བྱུང་གི་ཚུལ་དུ་སྤེལ་བ་ཡིན།

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-05 at 7:27 am

    ཤྲཱི་སྨྱོན་ཞབས་ཀྱིས་ཁ་སང་དང་། དི་རིང་གི་རྩོམ་ཡིག་རྣམས་སྡེབས་ལེགས་དགའ་བར་བཀླགས།
    འོག་གི་ཡིག་འཕྲེང་དག་ན་སྒྲ་འགའ་རེ་ལ་དྲི་བ་རྣམས་འདི་ལྟར།
    འཁྲུངས་ཡོང་། ཞེས་པ་ལ་འོང་ཞེས་ཡིག་སྐད་དང་མཐུན་པར་འབྲི་ན། སྐྱོན་ཅི་ཡོད་དམ།
    ཕྲིན་ལས་ལ་འཕྲིན་ལས་ཞེས་བྲིས་པ་མང་བས་གང་དག་པ་ཡིན་ནམ།
    འཁྲུལ་སྣང་རང་བཟློག་ཏུ་སྨོན་ནོ། །ཞེས་པའི་ཟློག་དང་ལྡོག་ལ་ཁྱད་པར་ཡོད་དམ།
    ཁ་དར་ཁ་བ་དང་འདྲིས་ཞིང་། འདིར་ཡོད་པའི་ཞིང་དེ། མིང་ཡིན་ནམ། ཚིག་ཕྲད་ཡིན། ཐ་མ་དེ་ཡིན་ན། ཞིང་ཞེས་པ་རྗེས་འཇུག་ཇི་ཙམ་གྱི་རྗེས་སུ་འཇུག་གམ།

  11. དོན་ཡོད་མཁས་གྲུབ། says:
    2012-07-05 at 7:45 am

    ཏཱ་ལའི་བླ་མ།
    འདོན་སྤེལ། ༢༠༡༢/༠༧/༠༥

    བསྒྱུར་བྱང་། རྒྱལ་ཡུམ་ཆེན་མོ་མཆོག་གི་མཛད་རྣམ་ ༼ངའི་བུ། ཏཱ་ལའི་བླ་མ། (Dalai Lama, My Son)༽ ཞེས་པ་ལས་ཚན་པ་གཅིག་༸སྐུའི་འཁྲུངས་སྐར་ཉིན་མོར་བཅོས་མིན་གྱི་འཚམས་འདྲི་དང་། གངས་ལྗོངས་གཞིས་བྱེས་བོད་འབངས་ཡོངས་དང་། སྙིགས་དུས་ཀྱི་སེམས་ཅན་ཡོངས་ཀྱི་མགོན་སྐྱབས་སུ་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱི་གྲུབ་པ། བཀའ་དྲིན་རྗེས་དྲན་སླད་བོད་བསྒྱུར་ཞུས་པ་དགེའོ།

    རྒྱལ་ཡུལ་ཆེན་མོ་བདེ་སྐྱིད་ཚེ་རིང་མཆོག་གིས་བརྩམས། ནོར་བསམ་གྱིས་བསྒྱུར།

    བློ་བཟང་བསམ་གཏན་སྐྱེས་ནས་ལོ་གསུམ་ཙམ་གྱི་རྗེས་སུ་ལྷ་མོ་དོན་གྲུབ་སྐྱེས་པ་དང་། ཁོང་ནི་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པར་ངོས་འཛིན་ཞུས་པ་རེད། ལྷ་མོ་དོན་གྲུབ་མ་སྐྱེས་སྔོན་ལ་ངའི་བཟའ་ཟླ་ན་ནས་ཉལ་སར་ཟླ་བ་གཉིས་ཙམ་ལུས་སོང་། ཁོང་ཡར་ལངས་རྒྱུའི་ཐབས་ཤེས་བྱེད་སྐབས་མགོ་ཡུ་འཁོར་བ་དང་། རིག་ཚོར་བརླག་པ་སོགས་བྱེད་ཀྱི་ཡོད་ལ། དེ་ལྟར་ཡོང་ཐེངས་རེར་ཁོང་གི་ཕ་མའི་ཞལ་རས་མིག་ལམ་དུ་འཆར་གྱི་འདུག་ཅེས་ང་ལ་བརྗོད་མྱོང་ཡོད། ང་རང་ཉིན་མོ་ལས་ཀ་བྱེད་དགོས་པ་མ་ཟད་མཚན་མོ་ཁོང་གཉིད་ཁུག་མི་ཐུབ་པར་བརྟེན་རོགས་བྱེད་དགོས་པས་དེ་སྐབས་དཀའ་ངལ་ཧ་ཅང་ཆེ་བའི་དུས་སྐབས་ཞིག་རེད། ངའི་སེམས་ལ་ཁོང་གིས་གཡོ་བྱུས་བྱེད་ཀྱི་འདུག་དྲན་མྱོང་ཡོད་ཀྱང་ཕྱིས་སུ་དེ་ལྟར་མ་ཡིན་པ་ཤེས་རྟོགས་བྱུང་། དེ་དག་ནི་ལྷ་མོ་དོན་གྲུབ་མ་སྐྱེས་གོང་གི་ལོ་གསུམ་ནང་རིམ་པ་བསྟར་ཆགས་བྱུང་བའི་ཡ་མཚན་ཅན་གྱི་གནས་ཚུལ་ཁག་ཅིག་རེད།

    སྐབས་དེ་དུས་ང་ཚོའི་རྟ་རེ་རེ་བཞིན་སྨྱོ་བ་ལྟ་བུ་ཆགས་ནས་ཆུ་ཁར་འཁྲིད་སྐབས་ཆུ་ཁར་རྒྱུགས་ནས་ཆུའི་ནང་བསྐོར་བ་རྒྱབ་པ་བརྩམས་ལས་བཟའ་འཐུང་གང་ཡང་བྱེད་ཀྱི་མི་འདུག དེ་ནས་རྟའི་མཇིང་པ་མཁྲེགས་པོ་ཆགས་ནས་མཐའ་མ་གོམ་པ་ཡང་སྤོ་ཐུབ་ཀྱི་མི་འདུག རྟ་བཅུ་གསུམ་ཡོད་པ་ཚང་མ་ཤི་སོང་། རྟ་དེ་རྣམས་ལ་དངུལ་གྱི་རིན་ཐང་ལྡན་པས་ཁྱིམ་ཚང་ཞིག་གི་གོད་ཆག་ཆེན་པོ་རེད། དེ་རྗེས་ཆར་པ་དང་སེར་བ་ཐིག་པ་གཅིག་ཀྱང་མ་བབ་པར་བརྟེན་ལོ་ཏོག་མེད་པ་དང་། མི་རྣམས་བཀྲེས་ལྟོག་གིས་མནར་ནས་ལྟོག་ཤི་ཐེབས་ནས་ལོ་གསུམ་རིང་མུ་གེ་བྱུང་བ་རེེད། ཁྱོན་བསྡོམས་མི་ཚང་བཞི་བཅུ་ཞེ་ལྔ་ཡོད་ཁོངས་ནས་བཅུ་གསུམ་མ་གཏོགས་གཞན་ཚང་མ་ས་ཆ་གཞན་ལ་གནས་སྤོས་བྱས་ཀྱང་། སྐུ་འབུམ་དགོན་པས་ང་ཚོར་སྲན་ཆུང་མ་སུར་ (Lentil) དང་། འབྲས། སྲན་མ་བཅས་གནང་བར་བརྟེན་ངའི་ནང་མི་ཚོ་འཚོ་གནས་ཐུབ་པ་བྱུང་།

    ལྷ་མོ་དོན་གྲུབ་ཞོགས་པ་སྔ་བོ་ཉི་མ་མ་ཤར་སྔོན་ལ་སྐྱེས་སོང་ལ། ཧང་སངས་དགོས་པ་ཞིག་ནི་ངའི་བཟའ་ཟླ་གང་ཡང་མི་ན་བ་ལྟར་ཡར་ལངས་ནས་སླེབས་སོང་། ངས་ཁོང་ལ་བུ་སྐྱེས་སོང་ཞེས་བརྗོད་པར་ཁོང་གིས་དེ་ནི་ཏན་ཏན་སྤྱིར་བཏང་གི་བུ་ཞིག་མ་ཡིན་པས་ང་ཚོས་གྲྭ་པ་བཟོ་དགོས་ཞེས་ལན་བཏབ་བྱུང་། སྐུ་འབུམ་དགོན་པའི་ཆུ་བཞི་རིན་པོ་ཆེ་ (Chushi Rinpoche) དགོངས་པ་རྫོགས་ཟིན་པས་གསར་དུ་སྐྱེས་པའི་ཁྱེའུ་དེ་ཁོང་གི་ཡང་སྲིད་ཡིན་པའི་རེ་བ་བྱས་པ་རེད། བྱིས་པ་སྐྱེས་རྗེས་གོད་ཆག་དང་། ཡ་མཚན་གནས་ཚུལ་གང་ཡང་མ་བྱུང་ལ། ཆར་ཆུ་དུས་སུ་བབ་ནས་སྔར་བཞིན་ཡར་རྒྱས་གོང་འཕེལ་བྱུང་།

    ལྷ་མོ་དོན་གྲུབ་ནི་ཐོག་མ་ཉིད་ནས་ངའི་ཕྲུ་གུ་གཞན་དང་མི་འདྲ་བ་ཞིག་ཡོད། ཁོང་ནི་ཁང་པའི་ནང་ལ་ཁོང་རང་གཅིག་པུར་སྐྱོ་སྣང་ལྡན་པའི་ངང་ནས་སྡོད་མཁན་ཞིག་དང་། དུས་རྒྱུན་ཁོང་རང་གི་ཅ་དངོས་ཉུང་ངུ་དག་ཐུམ་བུ་བཟོ་གི་ཡོད། ང་ཁོང་ལ་ག་རེ་བྱེད་ཀྱི་ཡོད་དམ་ཞེས་སྐད་ཆ་འདྲི་སྐབས་ཁོང་གིས་ལྷ་སར་འགྲོ་ཆེད་ཁུར་པོ་བཟོ་གི་ཡོད་ལ་ང་ཚོ་ཚང་མ་ཁོང་མཉམ་དུ་འཁྲིད་ཀྱི་ཡིན་ཞེས་ལན་འདེབས་བྱེད་ཀྱི་འདུག ང་ཚོ་སྤུན་ཉེ་འབྲེལ་གྱི་འགྲམ་ལ་བསྐྱོད་སྐབས་ཁོང་གིས་ངའི་ཕོར་པའི་ནང་མ་གཏོགས་ཕོར་པ་གཞན་གྱི་ནང་ཇ་རྩ་བ་ནས་བཏུང་གི་མ་རེད་ལ། ངས་མ་གཏོགས་གཞན་གྱིས་ཁོང་གི་ཉལ་ཆས་ལ་ལག་པ་འཆང་མ་བཅུག་པ་མ་ཟད་ངའི་འགྲམ་ལ་མ་གཏོགས་ས་ཆ་གཞན་ལ་ཡང་བཞག་གི་མ་རེད། གལ་ཏེ་ཁོང་ལ་མི་རྙོག་དྲ་ཚ་པོ་དེ་འདྲ་ཐུག་ཚེ་ཁོང་གིས་རྒྱུགས་པ་བླངས་ནས་རྡུང་རྡེག་གཏོང་རྒྱུའི་ཐབས་ཤེས་བྱེད་པ་དང་། གལ་སྲིད་ང་ཚོའི་སྐུ་མགྲོན་སུ་རུང་གཅིག་གིས་ཐ་མག་ལ་མེ་སྤར་ཚེ་ཁོང་སྐུ་རླུང་ལངས་ཀྱི་རེད། ང་ཚོའི་གྲོགས་ཉེ་ཚོས་ཁོང་གི་ལོ་ཚོད་ལ་དཔགས་པས་བཤད་མི་ཤེས་པའི་ཞེད་སྣང་སྐྱེ་གི་འདུག་ཅེས་བརྗོད་ཀྱི་འདུག གནས་ཚུལ་དེ་དག་ཚང་མ་ཁོང་ལོ་ན་གཅིག་སོན་པ་དང་། སྐད་ཆ་ཤོད་མི་ཤེས་པའི་གནས་སྐབས་སུ་རེད།

    ཉིན་ཞིག་ཁོང་གིས་ང་ཚོར་ཁོང་ལྷ་ཡུལ་ནས་སླེབས་པ་ཡིན་ཞེས་བརྗོད་བྱུང་། དེ་ཡང་ང་ལ་འགོག་ཏུ་མེད་པའི་གནས་ཚུལ་ཁྱད་མཚར་གཅིག་བྱུང་མྱོང་ཡོད། ཁོང་མ་སྐྱེས་པའི་ཟླ་བ་གཅིག་ཙམ་གྱི་སྔོན་ལ་ངའི་རྨི་ལམ་དུ་སེང་གེ་ལྗང་ཁུ་གཉིས་དང་། བཀྲག་མདངས་ཅན་གྱི་འབྲུག་སྔོན་པོ་གཅིག་མཁའ་དབྱིངས་སུ་འཕུར་ནས་སླེབས་པ་དང་། བོད་ཀྱི་ལུག་སྲོལ་ལྟར་ང་ལ་འཛུམ་མདངས་བསྟན་ནས་ལག་ཟུང་གི་ཐལ་མོ་དཔྲལ་བར་སྦྱར་སོང་། ཕྱིས་སུ་ངས་འབྲུག་དེ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་དང་། གངས་སེང་གཉིས་ནི་བོད་ཀྱི་གཞུང་བསྟེན་སྲུང་མ་གནས་ཆུང་ཆོས་སྐྱོང་ཡིན་པའི་ཚོར་སྣང་བྱུང་བས་༸སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ཕེབས་ལམ་བསྟན་གྱི་ཡོད་སྐོར་བརྗོད་པ་ཡིན། རྨི་ལམ་དེ་རྨིས་རྗེས་ངའི་ཕྲུ་གུ་བླ་ཆེན་ཞིག་གི་ཡང་སྲིད་ལ་ངོས་འཛིན་བྱེད་རྒྱུ་ཡིན་པ་ཤེས་བྱུང་ཡང་། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་ཡིན་པ་རྩ་བ་ནས་དྲན་མ་བྱུང་།

    ལྷ་མོ་དོན་གྲུབ་ལོ་ན་གཉིས་ལ་སོན་སྐབས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་ཕྲེང་བཅུ་བཞི་པ་མཆོག་གི་འཚོལ་ཞིབ་ཚོགས་ཆུང་སྟག་ཚེར་ཡུལ་གྱི་ང་ཚོའི་ཁྱིམ་ཚང་ལ་ཕེབས་སོང་། ཚོགས་ཆུང་གཞུང་ཞབས་རྩིས་དྲུང་བློ་བཟང་ཚེ་དབང་། སེ་ར་དགོན་གྱི་ཀེའུ་ཚང་རིན་པོ་ཆེ། ༼ཕྱིས་སུ་མཚན་ཞབས་གནང་བ་དང་། རྒྱ་མིས་བཀྲོངས་པ་རེད།༽ དེ་མིན་གྱི་མི་སྣ་གཞན་ཁག་ཅིག་འདུག ཁོང་རྣམ་པ་ཕེབས་ཐེངས་དང་པོ་ནི་ཟླ་བཅུ་གཅིག་གམ། བཅུ་གཉིས་དབར་ལ་གངས་མཐུག་པོ་ཧྥི་ཀྲི་བཞི་ཙམ་བཏང་ཡོད་པའི་སྐབས་སུ་ཡིན་པས་ང་ཚོས་ལམ་ཁ་གཙང་མ་བཟོས་པ་ཡིན། ང་ཚོས་ཁོང་ཚོ་ལྷ་ས་ནས་ཡོང་བ་རེད་དྲན་པ་ལས་སུ་གཅིག་ཀྱང་ངོ་ཤེས་ཀྱི་མེད་ལ། ཁོང་ཚོས་ཀྱང་ཁོང་ཚོའི་དམིགས་ཡུལ་གང་ཡིན་ང་ཚོར་བཤད་མ་བྱུང་།

    ཁོང་ཚོས་ཙོང་ཁ་ཁུལ་ལ་༸གོང་ས་ཏཱ་ལའི་བླ་མ་འཚོལ་ཞིབ་བྱས་ནས་ལོ་གསུམ་བསྡད་པར་བརྟེན་ཙོང་ཁའི་ཡུལ་སྐད་བདེ་པོ་བཤད་ཀྱི་འདུག་ལ། དེ་སྔ་ཁོང་ཚོས་ཞོགས་པ་ཞིག་ལ་ས་ཆ་ཚང་མ་དཀར་པོ་ཡིན་པའི་ཡུལ་ཞིག་ནས་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མའི་ཡང་སྲིད་རྙེད་ཀྱི་རེད་ཅེས་བརྗོད་འདུག འཚོལ་ཞིབ་ཚོགས་ཆུང་དེ་ང་ཚོའི་སྒོ་འགྲམ་ལ་བསྡད་ནས་ཁོང་ཚོ་སན་ཧོ་ (Sanho) ལ་བསྐྱོད་མཁན་ཡིན་ཡང་ལམ་ནོར་ཐེབས་འདུག་པས་དགོང་མོ་གཅིག་གནས་ཚང་གཡར་རོགས་ཞེས་བརྗོད་བྱུང་། ངས་ཁོང་རྣམས་ལ་ཇ་དང་། ཁྱིམ་དུ་བཟོས་པའི་བག་ལེབ། ཤ་སྐམ་པོ་བཅས་ཕུལ་བ་ཡིན། ཉིན་རྗེས་མའི་ཞོགས་པ་སྔ་པོར་ཁོང་རྣམས་ཀྱིས་གནས་ཚང་གཡར་གླ་དང་། ཁོང་རྣམས་ཀྱི་སེམས་ཅན་ལ་སྤྲད་པའི་ལྟོའི་རིན་པ་ཨུ་ཚུགས་ཀྱིས་སྤྲད་བྱུང་ལ། སྤྲོ་སེང་ལྡན་པའི་ངང་ནས་རྗེས་སུ་མཇལ་ཡོང་ཞེས་བརྗོད་བྱུང་། ཁོང་རྣམས་ཕྱིར་ཕེབས་རྗེས་ང་ཚོས་ཁོང་རྣམས་ནི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་འཚོལ་ཞིབ་བྱེད་མཁན་ཡིན་པ་ཤེས་རྟོགས་བྱུང་། འོན་ཀྱང་ང་ཚོའི་ཁྱིམ་ལ་ཕེབས་པ་འདིར་དམིགས་ཡུལ་ཞིག་ཡོད་པ་སེམས་ནང་དྲན་མ་བྱུང་།

    ཟླ་བ་གསུམ་གྱི་རྗེས་སུ་ཁོང་རྣམས་ང་ཚོའི་ནང་ལ་ཕྱིར་ཕེབས་བྱུང་ཡང་། ཙོང་ཁར་ཕེབས་མཁན་ཡིན་པས་ང་ཚོར་འགྲོ་ལམ་བསྟན་རོགས་བརྗོད་པར་ངའི་བཟའ་ཟླས་ལམ་འཁྲིད་བྱས་ཏེ་ཁོང་རྣམས་དང་ལྷན་ཕྱིན་པ་རེད། གཟའ་འཁོར་གཉིས་ཀྱི་རྗེས་སུ་ཁོང་རྣམས་ཕྱིར་ཕེབས་པ་དེ་ནི་ཐེངས་པ་གསུམ་པ་རེད། སྐབས་དེ་དུས་ཀེའུ་ཚང་རིན་པོ་ཆེས་ལས་བྱེད་གཉིས་འཁྲིད་ནས་ལྷ་མོ་དོན་གྲུབ་རྩེད་མོ་རྩེད་སའི་བར་འཁྱམ་ལ་ཕེབས་པ་དང་། ལས་བྱེད་གཉིས་ཟུར་ལ་བཞག་སོང་། ང་ཚོའི་བུས་ལས་བྱེད་གཉིས་ཀྱིས་འགྲམ་ཏུ་ཕྱིན་ནས་གཅིག་ཟུར་དུ་བཞག་པ་དང་གཞན་དེར་འཇུས་སོང་། ཁོང་གིས་རིན་པོ་ཆེའི་རྒྱབ་ལ་ག་ལེར་སྣུན་པ་དང་། ལས་བྱེད་དེ་ནི་ཁོ་རང་གིས་ཡིན་པ་དང་ག་རེ་བྱས་ནས་ཀེའུ་ཚང་རིན་པོ་ཆེས་ན་བཟའ་དེ་ལྟར་བཞེས་པ་རེད་དམ་བརྗོད་སོང་། འཚོལ་ཞིབ་ཚོགས་ཆུང་གི་ཚོགས་མི་ཕན་ཚུན་རྣམ་པ་རྫུན་མ་བཟོས་འདུག་ཀྱང་ཁོང་ཚོས་བཤད་པའི་ལྷ་སའི་ཁ་སྐད་ངས་ཚིག་ཅིག་ཀྱང་གོ་མ་བྱུང་།

    ཀེའུ་ཚང་རིན་པོ་ཆེ་ངའི་འགྲམ་ལ་ཕེབས་སྐབས་ང་ཐབ་ཚང་ནང་ལ་ཀང་(Kang)སྟེང་ལ་བསྡད་ནས་ཇ་འཐུང་གི་ཡོད། ཁོང་གིས་ཙོང་ཁའི་ཡུལ་སྐད་དང་། རྒྱ་སྐད་གཉིས་ཀ་ཧ་ཅང་བདེ་པོ་མཁྱེན་གྱི་ཡོད་པས་ཁོང་མཉམ་དུ་སྐད་ཆ་ཤོད་རྒྱུ་ལས་སླ་པོ་འདུག ང་ཚོ་དེར་ཡོད་སྐབས་ལྷ་མོ་དོན་གྲུབ་སླེབས་ནས་ཁོང་གི་ལག་པ་ནས་འཇུས་ཏེ་ཁོང་གིས་གྱོན་པའི་གོས་ཆེན་གྱི་ན་བཟའ་ཤུགས་ཀྱི་འཐེན་གྱི་འདུག ངས་བུར་སྐུ་མགྲོན་འཐེན་མཚམས་འཇོག་ཞེས་གཤེ་གཤེ་བཏང་པ་ཡིན་ཡང་། ཁོང་གིས་རིན་པོ་ཆེའི་རྔུལ་ལེན་ནང་ནས་ཕྲེང་བ་གཅིག་ཕྱིར་བཏོན་ནས་ཁོ་རང་གི་ཡིན་ཞེས་ཨུ་ཚུགས་རྒྱག་གི་འདུག ཀེའུ་ཚང་རིན་པོ་ཆེས་ངག་འཇམ་པོའི་ཐོག་ནས་ཁོང་གིས་ཕྲེང་བ་དེ་རྙིང་པ་ཡིན་པས་ཁྱེད་ལ་ཕྲེང་བ་གསར་པ་གཅིག་སྤྲད་ཆོག་ཅེས་བརྗོད་སོང་ཡང་ལྷ་མོ་དོན་གྲུབ་ཀྱིས་ཕྲེང་བ་དེ་རང་དགོས་ཞེས་འཐེན་གྱི་འདུག ངས་ཕྱིས་སུ་ཤེས་རྟོགས་བྱུང་བར་ཕྲེང་བ་དེ་ནི་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་ཀེའུ་ཚང་རིན་པོ་ཆེར་གནང་བ་ཞིག་རེད་འདུག

    དེའི་དགོང་དྲོ་འཚོལ་ཞིབ་ཚོགས་ཆུང་གིས་ང་ཚོ་འབོད་འགུགས་ནས་བསྐྱོད་སྐབས། ཁོང་རྣམས་གཟིམས་ཤག་གི་ཀང་(Kang)སྟེང་ལ་བཞུགས་འདུག ཁོང་རྣམས་ཀྱི་མདུན་ལ་བྱེ་རིལ་བླུགས་པའི་ཕོར་པ་གཅིག་དང་། ཕྲེང་བ་གཉིས། ཌ་མ་རུ་གཉིས་བཅས་འདུག ཁོང་རྣམས་ཀྱིས་ངའི་བུར་བྱེ་རིལ་བླུགས་པའི་ཕོར་བ་སྤྲད་པར་ཁོང་གིས་གཅིག་བླངས་ནས་ང་ལ་སྤྲད་ནས་ཁོང་ཚོ་མཉམ་དུ་བསྡད་པར་ཕྱིན་སོང་། ལྷ་མོ་དོན་གྲུབ་ལོ་ན་ཆུང་ཆུང་སྐབས་ནས་རྟག་ཏུ་མི་ཚང་མར་མིག་དང་མིག་དབར་བལྟ་བ་ལས་རྐང་པར་བལྟ་གི་མེད་པས་མི་ཚོས་ང་ལ་ཕྲུ་གུ་འཕྲོག་བརླག་གཏོང་གི་འདུག་ཅེས་བརྗོད་ཀྱི་ཡོད། དེ་ནས་ཁོང་གིས་ཅོག་ཙེའི་སྟེང་ནས་ཕྲེང་བ་གཅིག་དང་། ཌ་མ་རུ་གཅིག་དབྱེ་འདེམ་བྱས་པ་གཉིས་ཀ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་རེད་འདུག

    ང་ཚོའི་སྐུ་མགྲོན་ཚོས་ངའི་བཟའ་ཟླ་དང་། ང་ལ་ཇ་ཕོར་པ་རེ་སྤྲད་པ་དང་མཉམ་དུ་རྟེན་འབྲེལ་མཚོན་པའི་ཁ་བཏགས་རེ་གཡོག་བྱུང་ལ། ཁོང་ཚོས་ངས་མགྲོན་བསུ་སྣེ་ལེན་བྱས་པར་ཐུགས་རྗེ་ལེགས་འབུལ་ཆེད་ངས་དངུལ་ཕྲན་བུ་ལེན་དགོས་པའི་ཨུ་ཚུགས་བྱས་ཀྱང་ངས་ངོས་ལེན་མ་བྱས་པར་ཁོང་ཚོས་རྟེན་འབྲེལ་མཚོན་བྱེད་ལེན་དགོས་པར་བརྗོད་བྱུང་། ཁོང་ཚོས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཙོང་ཁའི་ཁུལ་ལ་ཏན་ཏན་འཁྲུངས་ཡོད་པས་ཁོང་ཚོས་འཚོལ་ཞིབ་བྱེད་ཀྱི་ཡོད་ལ། འཚོལ་ཞིབ་བྱེད་མཁན་བཅུ་དྲུག་ཡོད་སྐོར་ཡང་བརྗོད་བྱུང་། དོན་དངོས་ཐོག་ཁོང་ཚོས་ངའི་བུ་ཡིན་པར་ཐག་གཅོད་ཟིན་འདུག དེའི་དགོང་མོ་ལྷ་མོ་དོན་གྲུབ་གྱིས་ཆུ་ཚོད་གསུམ་རིང་ཁོང་ཚོ་མཉམ་དུ་བསྡད་པ་རེད། ཕྱིས་སུ་ཁོང་ཚོས་ང་ལ་བརྗོད་པར་ཁོང་གིས་དེ་སྔ་ལྷ་སའི་ཁ་སྐད་གོ་མྱོང་མེད་ཀྱང་ལྷ་སའི་ཁ་སྐད་ཐོག་ནས་དྲི་བ་འདྲི་སྐབས་དཀའ་ངལ་གང་ཡང་མེད་པར་ལན་འདེབས་བྱེད་ཀྱི་འདུག་ཅེས་བརྗོད་བྱུང་།

    རྗེས་སུ་ཀེའུ་ཚང་རིན་པོ་ཆེས་ང་ཟུར་དུ་འབོད་ནས་ཨ་མ་ལྟར་བྱྱམས་བརྩེའི་བཀའ་སློབ་ལམ་སྟོན་གནང་ནས་ང་རང་ཁྱིམ་ནས་ཁ་བྲལ་ཏེ་ལྷ་སར་འགྲོ་དགོས་ཞེས་བརྗོད་བྱུང་། ང་རང་འགྲོ་འདོད་མེད་ལ་ལྷག་པར་དུ་ངའི་ཁྱིམ་ལ་བལྟ་རྟོགས་བྱེད་མཁན་གཅིག་ཀྱང་མེད་པར་ང་ཁ་བྲལ་ཐུབ་པ་མི་འདུག་ཅེས་ལན་བཏབ་པ་ཡིན། ཁོང་གིས་ང་ལ་དེ་ལྟར་བརྗོད་མི་ཉན། གང་ཡིན་ཟེར་ན་དུས་ལ་སླེབས་སྐབས་ང་འགྲོ་དགོས་ཞེས་བརྗོད་བྱུང་། ཁོང་གིས་ངའི་ཁྱིམ་ལ་སེམས་ཁྲལ་བྱེད་མི་དགོས་པར་། གལ་སྲིད་ང་དེ་ནས་ཁ་བྲལ་ཚེ་འཚོ་བར་དཀའ་ངལ་གང་ཡང་མེད་ལ་བདེ་ལྷོད་ངང་འཚོ་བ་སྐྱེལ་ཐུབ་ཀྱི་ཅེས་བརྗོད་བྱུང་། ཁོང་ཙོང་ཁའི་ས་གནས་སྲིད་སྐྱོང་བ་རྨ་ཧྥུ་ཧྥང་ (Ma Pu fang) གི་འགྲམ་ལ་ཕྱིན་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཙོང་ཁའི་ཡུལ་དུ་འཁྲུངས་འདུག་པས་ཁོང་ཚོས་ལྷ་སར་གདན་འདྲེན་ཞུ་འཆར་ཡོད་སྐོར་བརྗོད་འདུག

    ཉིན་རྗེས་མའི་ཞོགས་པ་སྔ་པོ་ཁོང་རྣམས་ཐོན་རྒྱུའི་གྲ་སྒྲིག་བྱེད་སྐབས་ལྷ་མོ་དོན་གྲུབ་ཀྱིས་ཀེའུ་ཚང་རིན་པོ་ཆེ་དམ་པོར་འཛིན་ནས་ངུས་པ་དང་། མཉམ་དུ་འཁྲིད་རོགས་ཞེས་ཞུ་བ་ཕུལ་བར་རིན་པོ་ཆེས་བདུན་ཕྲག་ཁ་ཤས་རྗེས་སུ་ལེན་པར་ཡོང་གི་ཡིན་ཞེས་སེམས་གསོ་བཏང་བ་དང་། ཁོང་གིས་མར་གུག་གུག་བྱས་ནས་ཁོང་གིས་དཔྲལ་བ་ངའི་བུའི་དཔྲལ་བར་གཏུགས་སོང་།

    ཁོ་ཚོ་རྨ་ཧྥུ་ཧྥང་དང་ཐུག་འཕྲད་བྱས་རྗེས་སླར་ཡང་ཕྱིར་ཕེབས་སོང་། སྐབས་དེ་དུས་ཁོང་ཚོས་༸རྒྱལ་བ་རིན་པོ་ཆེའི་ཡང་སྲིད་འོས་མི་གསུམ་ཡོད་པ་ཚང་མ་ལྷ་སར་འཁྲིད་ནས་རྗེ་རིན་པོ་ཆེའི་སྐུ་བརྙན་མདུན་ལ་འོས་མི་གསུམ་གྱི་མིང་ཕོར་པའི་ནང་དུ་གསེར་གྱི་ཁོ་རྩེ་མཉམ་དུ་བླུགས་ནས་ངོས་འཛིན་བྱེད་ཀྱི་རེད་ཅེས་བརྗོད་བྱུང་། དོན་དངོས་ཐོག་ཁོང་ཚོས་ངའི་བུ་འདེམས་ཟིན་འདུག ངས་སླར་ཡང་ང་རང་འགྲོ་ཐུབ་པ་མི་འདུག་ཅེས་བརྗོད་པར་ཀེའུ་ཚང་རིན་པོ་ཆེས་ཞལ་གསང་པོའི་ཐོག་ནས་ང་ངེས་པར་དུ་ལྷ་སར་ཐོན་དགོས་ཞེས་གསུངས་བྱུང་། ཁོང་གིས་ངའི་བུ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཡིན་པ་ཐག་གཙང་མ་བཅད་ནས་གསུངས་བྱུང་ཡང་། ངའི་སེམས་ལ་ཉར་བ་ལས་གཞན་ལ་བརྗོད་མི་ཉན་སྐོར་གསུངས་བྱུང་།

    ཉིན་བཞིའི་རྗེས་སུ་རྨ་ཧྥུ་ཧྥང་གི་སྐུ་ཚབ་ང་ཚོའི་ཁྱིམ་དུ་སླེབས་ནས་ང་ཚོའི་ཁང་པ་དང་ནང་མི་ཚོ་དཔར་རྒྱབ་སོང་ལ། རྨ་ཧྥུ་ཧྥང་གི་བཀའ་ལྟར་ང་ཚོ་སང་ཉིན་ཙོང་ཁ་ནས་ཐོན་དགོས་ཞེས་བརྗོད་བྱུང་། ང་ལ་ཕྲུ་གུ་འཁོར་ནས་ཟླ་བ་བརྒྱད་འགྲོ་བཞིན་ཡོད་པས་ང་འགྲོ་ཐབས་མེད་ཀྱང་ཁོང་ཚོས་དེ་ནི་གལ་ཆེན་པོ་ཡིན་པས་ངེས་པར་དུ་བསྐྱོད་དགོས་ཞེས་ང་ཚོ་ཁྱིམ་མི་བཅུ་དྲུག་ཚང་མ་འབོད་འགུགས་བྱས་ནས་བརྗོད་བྱུང་། ཙོང་ཁར་དབར་རྟ་ཐོག་ནས་ཆུ་ཚོད་བརྒྱད་འགོར་སོང་ལ་འགྲུལ་བསྐྱོད་སྐབས་སུ་ཚོར་སྣང་བཟོད་མི་བདེ་ཆེན་པོ་བྱུང་བས་ཆུ་ཚོད་རེ་རེ་བཞིན་ངལ་གསོ་རྒྱབ་དགོས་བྱུང་། ང་ཚོ་ཙོང་ཁར་འབྱོར་རྗེས་མགྲོན་ཁང་དུ་བསྡད་པ་ཡིན། ངའི་བཟའ་ཟླ་དང་། ཁོང་གི་ཨ་ཁུས་ངའི་བུ་རྨ་ཧྥུ་ཧྥང་གི་སྡོད་གནས་སུ་འཁྲིད་སོང་བ་དེ་ལ་ཕྲུ་གུ་ཚང་མ་ཕྱེད་སྒོར་སྒོར་གྱི་ཚུལ་དུ་བསྡད་བཅུག་སྐབས་ཕྲུ་གུ་ལ་ལ་ངུས་པ་དང་། ཁོང་ཚོའི་ཕ་མའི་ལག་པ་ནས་འགྲོ་རྒྱུར་འདོད་པ་མི་བྱེད་མོད་ངའི་བུས་ཁོ་རང་གི་ལོ་ཚོད་ལ་དཔག་པའི་གཟི་བརྗིད་ལྡན་པའི་ངང་ནས་ཐད་ཀར་རྐུབ་སྟེགས་སྟོང་པའི་ཐོག་ལྷིང་པོའི་ངང་ནས་བསྡད་སོང་། ཕྲུ་གུ་ཚོར་བྱེ་རིལ་སྤྲོད་སྐབས་ཁོང་ཚོ་མང་པོ་ཞིག་གིས་སྦར་འཇུ་རྒྱབ་ནས་སྦར་མོ་གང་བླངས་ཀྱང་ངའི་བུས་རྐང་གཅིག་བླངས་པ་དང་། ལམ་སེང་ངའི་ཁྱོ་གའི་ཨ་ཁུར་སྤྲད་འདུག དེ་ནས་རྨ་ཧྥུ་ཧྥང་གིས་ལྷ་མོ་དོན་གྲུབ་ལ་ཁོ་པར་སྐད་ཆ་ཤོད་མཁན་དེ་སུ་རེད་དམ་ཞེས་དྲིས་པར་ཐེ་ཚོམ་གང་ཡང་མེད་པའི་ཐོག་ནས་རྨ་ཧྥུ་ཧྥང་རེད་ཅེས་ལན་བཏབ་འདུག

    རྨ་ཧྤུ་ཧྥང་གིས་གལ་སྲིད་འདི་ལ་ཏཱ་ལའི་བླ་མ་ཡོད་ཚེ་སྟག་འཚེར་རིན་པོ་ཆེའི་བུ་སྤྲུན་ཡིན་མཁན་བུ་འདི་རེད་ཅེས་བརྗོད་འདུག ཁོང་གིས་བུ་དེའི་མིག་ཆེ་བ་དང་། སྐད་ཆ་ཤོད་སྟངས་དང་བྱེད་སྟངས་རྣམ་རིག་ལྡན་པ། ཁོང་གི་ལོ་ཚོད་ལས་བརྒལ་བའི་གཟི་བརྗིད་ཡོད་པ་སོགས་ཀྱིས་གཞན་དང་མི་འདྲ་བ་ཞིག་འདུག ཁོང་གིས་ཁྱིམ་མི་གཞན་ཚོ་ཕྱིར་སློག་བྱས་པ་དང་ང་དང་ངའི་བཟའ་ཟླ་གཉིས་ཉིན་ཤས་རིང་ཙོང་ཁར་སྡོད་དགོས་ཞེས་བརྗོད་བྱུང་། ཉིན་ཉི་ཤུའི་རིང་རྨ་ཧྥུ་ཧྥང་གིས་ང་ཚོ་དང་། ང་ཚོའི་རྟར་བལྟ་སྐྱོངས་བྱས་པ་དང་། ཉིན་གྲངས་བཅུ་བཞི་པ་དེར་ང་ལ་ཕྲུ་གུ་སྐྱེས་ཀྱང་དུས་ཚོད་རིང་པོ་མ་ཕྱིན་པར་གྲོངས་སོང་། རྨ་ཧྥུ་ཧྥང་གིས་ཉིན་ལྟར་ང་ཚོ་དང་། དུད་འགྲོ་སེམས་ཅན་གྱི་ཆེད་དུ་ཟས་རིགས་བསྐུར་བ་མ་ཟད་ཉིན་རེ་འགྲོ་གྲོན་གཏོང་ཆེད་ཀྱི་དངུལ་ཡང་བསྐུར་གྱི་འདུག ཁོང་གིས་ཁོ་རང་ང་ཚོའི་གྲོགས་པོ་ལྟ་བུ་ཡིན་ཞེས་བརྗོད་བྱུང་ལ། ད་དུང་ཁོང་གིས་ང་ཚོ་མི་དཀྱུས་མ་དེ་འདྲ་མ་རེད་ལ་ཁོང་གི་བཙོན་པ་ཡང་མ་རེད། འོན་ཀྱང་ང་ཚོ་ལྷ་སར་འགྲོ་མཁན་ཡིན་པས་དེ་ལྟར་བྱེད་དགོས་བྱུང་བ་རེད་ཅེས་བརྗོད་བྱུང་། ང་ཚོས་གནས་ཚུལ་ཐོས་རྗེས་དགའ་སྣང་ཆེན་པོ་བྱུང་ཡང་དགའ་སྐྱོ་འདྲེས་མའི་མིག་ཆུ་ཤོར་བྱུང་། ངས་ལོ་ངོ་སུམ་ཅུ་སོ་ལྔ་རྒྱུས་མངའ་ཡོད་པའི་སྐྱེ་ཡུལ་བཞག་དགོས་བྱུང་བར་སེམས་པ་སྐྱོ་བ་དང་། རྔམ་འཚབ་ལངས་པ། རེ་སྒུག་འདྲེས་མའི་ཐོག་ནས་གཏན་འཁེལ་མེད་པའི་མ་འོངས་པའི་ཆེད་ཙོང་ཁ་ནས་ཁ་བྲལ་དགོས་བྱུང་།

    ཕྱིས་སུ་ངས་གོ་ཐོས་བྱུང་བར་རྨ་ཧྥུ་ཧྥང་གིས་ངའི་བུ་དེ་ནས་ཐོན་རྒྱུའི་ཆེད་དུ་བརྗེ་ལེན་ལྟ་བུར་བོད་གཞུང་ལ་ཚད་ལས་བརྒལ་བའི་བླུ་རིན་སྤྲོད་དགོས་པའི་འདོད་འདུན་སྟོན་འདུག གཞུང་གིས་ཁོ་པས་ལྐོག་ཤོམ་བྱས་པ་ལྟར་དེ་ལས་མང་བའི་དངུལ་འབོར་འདོད་འདུན་སྟོན་པ་ལྟར་སྤྲད་ནས་གུང་སྒྲིག་པ་རེད། དངུལ་འབོར་དེ་དག་ཁ་ཆེའི་ཚོང་པ་ལྷ་ས་བརྒྱུད་དེ་མེ་ཁ་ (Mecca) ལ་གནས་བསྐོར་དུ་འགྲོ་མཁན་ལ་གཡར་པ་དང་། ཁོང་ཚོ་ང་ཚོའི་འགྲུལ་བསྐྱོད་སྐབས་ཀྱི་ལམ་རོགས་ཆགས་པ་རེད། དེས་མ་ཚད་ངས་གོ་ཐོས་བྱུང་བར་རྨ་ཧྥུ་ཧྥང་གིས་དགོས་འདུན་ཐེངས་གཉིས་པ་སྟོན་པར་དངུལ་འབོར་གྱིས་འདོད་བློ་མ་ཚིམས་པར་བརྟེན་གཞུང་གི་མི་སྣ་གཅིག་གཏའ་མར་འཇོག་དགོས་ཞེས་དགོས་འདུན་སྟོན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེབས་འབྱོར་ལམ་ལྷོངས་ཡོང་སླད་འཚོལ་ཞིབ་ཚོགས་ཆུང་གིས་བློ་བཟང་ཚེ་དབང་མི་གཏར་བཞག་དགོས་བྱུང་ཡང་ཕྱིས་སུ་རྨ་ཧྥུ་ཧྥང་གི་དོ་དམ་འོག་ནས་འོག་ནས་ལྷ་སར་བྲོས་བྱོལ་ལ་ཡོང་ནས་ལྷ་སར་བདེ་འབྱོར་ཐུབ་པ་བྱུང་འདུག

    ཀེའུ་ཚང་རིན་པོ་ཆེས་ང་ཚོར་དེ་ཚོ་གནས་ཚུལ་ཚང་མ་གསུངས་བྱུང་བས་ང་དང་ངའི་ཁྱོ་གས་རིན་པོ་ཆེ་ལ་ཁོང་རྣམ་པ་ཚོས་རྨ་ཧྥུ་ཧྤང་ལ་གནས་ཚུལ་དྲང་པོ་བཤད་པ་དེས་ནོར་འཁྲུལ་བཟོས་པ་རེད་ཅེས་བརྗོད་པ་ཡིན་ལ། ཁོང་རྣམ་པས་ང་ཚོ་གནས་སྐོར་ལ་འགྲོ་མཁན་ཡིན་ཞེས་བརྗོད་ཡོད་ཚེ་གནས་ཚུལ་མི་བདེ་བ་དེ་རིགས་གང་ཡང་བྱུང་མེད་ངེས་ཞེས་བརྗོད་པ་ཡིན། རིན་པོ་ཆེས་ཁོང་གི་སྐྱོན་ཆ་ངོས་ལེན་གནང་མོད། ཁོང་ཚོས་འགྲུལ་བསྐྱོད་བཀག་འགོག་བྱས་པའི་དབང་དུ་བཏང་ན་གནས་ཚུལ་དྲང་པོ་ཤོད་རྒྱུ་དེ་ནི་དེ་བས་རྣམ་དཔྱོད་ལྡན་པའི་བྱ་བ་ཞིག་རེད་ཅེས་ཁོང་གིས་གསུངས་བྱུང་།

    རྨ་ཧྥུ་ཧྥང་ནི་ངའི་པཱ་ལགས་ཀྱི་བུ་སྤུན་གཉིས་ཀྱི་ངོ་ཤེས་ཡིན་པས་ངས་ཁོང་ཕྲུ་གུའི་དུས་ནས་ངོ་ཤེས་ཀྱི་ཡོད། ཁོང་གིས་རྫོང་དཔོན་གྱི་ལས་འགན་ནི་ཕ་ཤུལ་རྒྱུད་འཛིན་བྱས་པ་ཞིག་རེད། སྐབས་དེ་དུས་རྒྱ་ནག་ནི་གསར་བརྗེའི་གྱེན་ལངས་ཀྱི་གནས་སྟངས་འོག་ལུས་ཡོད། གོ་མིན་ཏང་དང་དམར་ཤོག་ཚོགས་པ་གཉིས་དབར་ནང་འཁྲུག་བྱུང་བ་དང་། དམར་ཤོག་ཚོགས་པས་རྒྱ་ནག་དབང་བསྒྱུར་གྱི་རྒྱལ་ཁ་ཐོབ་རྗེས་ཙོང་ཁ་ཡང་འགལ་ཟླ་གཉིས་དབར་ལྷུངས་པ་རེད། ངས་གོ་ཐོས་བྱུང་བར་རྨ་ཧྥུ་ཧྥང་ཨ་རབ་ཡུལ་ལ་བྲོས་འབྱོལ་ལ་ཕྱིན་ནས་དེ་གར་སློབ་འཁྲིད་ཀྱི་ལས་འགན་འཁུར་ནས་བསྡད་ཡོད་འདུག

    མཐའ་མ་རྨ་ཧྥུ་ཧྥང་གིས་ང་ཚོ་སྐུ་འབུམ་ནས་ཐོན་རྒྱུར་བཀའ་གནང་བ་ལྟར་ང་ཚོས་ལྷ་སར་འགྲུལ་བསྐྱོད་བྱེད་རྒྱུར་གྲ་སྒྲིག་བྱས་པ་ཡིན། ཁོང་གིས་ང་ཚོར་ཅང་ཤེས་རྟ་ཕོ་བཞི་དང་། སྡོད་གུར་གནང་བ་མ་ཟད་གལ་སྲིད་ང་ཚོར་དཀའ་ངལ་འཕྲད་ཚེ་ཁོང་ལ་སྙན་སེང་ཞུ་དགོས་སྐོར་བརྗོད་བྱུང་། ང་ལ་ཕྲུ་གུ་སྐྱེས་ཙམ་ཡིན་པས་ང་ཚོ་གྲོང་གསེབ་ཀྱི་ལུགས་སྲོལ་ལྟར་ན་བུད་མེད་ལ་ཕྲུ་གུ་སྐྱེས་ནས་ཟླ་བ་གཅིག་མ་ཟིན་དབར་ཕྱི་ལ་བསྐྱོད་ན་མི་འགྲིག་ཀྱང་ཀྱང་སྐུ་འབུམ་ལ་ཡོད་པའི་ངའི་བཟའ་ཟླའི་བུ་སྤྲུན་གྱིས་དེ་ནི་གནས་ཚུལ་དམིགས་བསལ་ཅན་ཞིག་ཡིན་པས་ཡུལ་གྱི་སྒྲིག་སྲོལ་དང་འགལ་གྱི་མ་རེད་ཅེས་བརྗོད་བྱུང་།

    ང་ལ་ཕྲུ་གུ་སྐྱེས་ནས་ཉིན་དྲུག་གི་རྗེས་སུ་ ༼དེ་ནས་དུས་ཚོད་རིང་པོ་མ་ཕྱིན་པར་བུ་མོ་གྲོངས་པ་རེད།༽ ང་ཚོ་སྐུ་འབུམ་དགོན་པར་བདུན་ཕྲག་གསུམ་བསྡད་པ་ཡིན། དེ་ལ་ངས་འགྲུལ་བསྐྱོད་བྱེད་མཁན་གྱི་མི་ཚང་མའི་ཆེད་དུ་གྱོན་གོས་བཟོས་ཏེ་དུས་ཚོད་བཏང་པ་ཡིན་ལ། དེ་མིན་དགོན་པར་འགྲུལ་བསྐྱོད་གྲ་སྒྲིག་ཆེད་བྲེལ་ཚུབ་ཆེན་པོ་བྱུང་སོང་།

    ང་དང་ངའི་བཟའ་ཟླ་གཉིས་སྟག་འཚེར་ལ་ལས་དོན་གཏན་ལྷིང་ཡོང་ཆེད་མཐའ་འཇུག་བསྐྱོད་པ་ཡིན་ལ། ང་དེར་སླེབས་པ་དང་ངས་སྒོ་ཕྱུག་སེམས་ཅན་ཁྱུ་ཚོགས་དང་། རྟའི་གཟན་རྩྭ་གྲ་སྒྲིག་བྱས་པ་ཡིན། གང་ཡིན་ཟེར་ན་ལྷ་སར་འགྲོ་བའི་ལམ་ཕལ་ཆེ་བ་རྩེ་ཤིང་རིགས་མི་སྐྱེ་བའི་ས་ཆ་སྐམ་པོ་མིང་མེད་ལུང་སྟོང་ཡིན་པས་ངས་མཁོ་ཆས་མང་པོ་གྲ་སྒྲིག་བྱས་པ་མ་ཟད། ནང་མི་ཡོངས་ཀྱི་ཆེད་དུ་ཙོང་ཁའི་ཇ་དང་། ཆང་། ཚུའུ། ཁ་སུར་། པར་སི་མོན་ཤིང་འབྲས་ ༼ཅུང་ལི་འདྲ་བའི་ཤིང་འབྲས་མངར་མོ་ཞིག༽ གྱོན་གོས་གསར་པ་བཅས་གྲ་སྒྲིག་བྱས་པ་ཡིན། སྐུ་འབུམ་དགོན་པ་ནི་ང་ཚོའི་ནང་ལྟ་བུ་ཡིན་པར་བརྟེན་ང་ཚོའི་ཅ་དངོས་གལ་ཆེའི་རིགས་དགེ་འདུན་པ་ཚོར་བདག་གཉེར་བྱེད་བཅུག་པ་དང་། ང་ཚོའི་འགྲུལ་བསྐྱོད་མ་བྱེད་པའི་སྔ་རོལ་དུ་ཁོང་རྣམས་ཞལ་འདོན་ཆེད་གདན་འདྲེན་ཞུས་པ་ཡིན། དེ་བཞིན་ང་ཚོའི་སྤུན་མཆེད་དང་ཁྱིམ་མཚེས་ཚང་མ་ཞལ་ལག་ལ་གདན་ཞུ་བྱས་པ་ཡིན། ང་ཚོ་མི་རིང་བར་ས་ཆ་དེ་ནས་གཏན་ནས་ཁ་བྲལ་རྒྱུ་ཡིན་པས་ཁོང་ཚོར་རྗེས་སུ་མཇལ་རྒྱུ་ཡོང་བའི་ཁས་ལེན་ཡང་བྱས་པ་ཡིན།

    ང་ཚོའི་སྤུན་མཆེད་ཚོས་ང་ཚོ་ནམ་ཡང་ཐུག་རྒྱུ་མེད་པ་ལྟར་ངུ་འབོད་བྱེད་ཀྱི་འདུག ང་ཚོ་ཨ་མདོའི་མི་རིགས་ནི་རང་གི་བརྩེ་བའི་སྙིང་ཉེ་ཞིག་འཆི་ཁར་མིག་ཆུ་གཏོང་བ་ལྟར་སེམས་ཚོར་སྐྱེན་པོའམ། སེམས་ཚོར་དྲག་པོ་དང་། སེམས་སྡུག་ཅན་ཞིག་རེད། ང་ཚོའི་སྤུན་མཆེད་རྣམས་ང་ཚོ་མཉམ་དུ་ཉིན་ཤས་རིང་འགྲུལ་བསྐྱོད་བྱས་རྗེས་ཕྱིར་ཁྱིམ་དུ་ལོག་སོང་། ངས་ངུ་འབོད་ཧ་ཅང་མང་པོ་བྱས་པར་བརྟེན་ཉིན་ཤས་རིང་ངའི་མིག་ལོང་བ་ལྟ་བུ་མི་མཐོང་བ་ཆགས་སོང་། ང་ཚོའི་དབུགས་འགག་ནས་སྐད་སྒྲ་ཐོན་མི་ཐུབ་པར་སྒྱུར་ནས་ཕན་ཚུན་བདེ་མོ་གྱིས་ཞེས་ཡང་བརྗོད་མི་ཐུབ་པར་གྱུར་སོང་།

    དེ་རྗེས་ང་ཚོ་སྐུ་འབུམ་ལ་ཕྱིར་ལོག་པ་ཡིན། ཉིན་གཅིག་དགེ་འདུན་པ་གཉིས་ང་ཚོའི་འགྲམ་ལ་སླེབས་ནས་ཁོང་གཉིས་ཀྱིས་ཐོས་པའི་སྟབས་མི་ལེགས་པའི་གནས་ཚུལ་ལྷ་མོ་དོན་གྲུབ་༸གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོ་མ་མིན་པ་དང་། ཀླུ་བོན་ (Lopon) ནས་ཡིན་པའི་བུ་དེ་ཡང་སྲིད་ངོ་མ་ཡིན་ཚུལ་བརྗོད་ཀྱི་འདུག་ཅེེས་ལན་བསྐྱེལ་ནས་ཕྱིར་ཐོན་རྗེས། ང་རང་ཧང་སངས་དགོས་པ་ཞིག་ལ་ངའི་བུས་དབུགས་རིང་བཏང་ནས་ཡ་ང་བོའི་ཐོག་ནས་མིག་ཆུ་གཏོང་གི་འདུག ངས་ཁོང་ལ་ག་རེ་བྱས་སོང་ངམ་ཞེས་འདྲི་སྐབས་ཁོང་གིས་གྲྭ་པ་གཉིས་ཀྱིས་བཤད་པའི་སྐད་ཆ་བདེན་པ་མ་ཡིན་པར་ཁོ་རང་༸གོང་ས་ཏཱ་ལའི་བླ་མ་འཁྲུལ་བྲལ་ཡིན་ཚུལ་བརྗོད་བྱུང་། ངས་གྲྭ་པ་དེ་གཉིས་ཀྱིས་ཁོ་རང་མགོ་བོ་འཁྲུལ་ཐབས་ཀྱིས་རྩེད་མོ་རྩེད་ཀྱི་ཡོད་རེད་ཅེས་བརྗོད་ནས་སེམས་གསོ་བཏང་བ་དང་། གདེང་ཚོད་ཡོད་མདོག་གི་རྣམ་འགྱུར་མང་པོ་བསྟན་རྗེས་ཁོང་གི་ཚོར་སྣང་ལེགས་སུ་ཕྱིན་སོང་།

    ངས་ཁོང་ལ་ལྷ་སར་དགའ་པོ་དེ་ལྟར་བྱེད་དགོས་དོན་གང་ཡིན་ནམ་ཞེས་སྐད་ཆ་དྲིས་པར་ཁོང་གིས་གྱོན་གོས་ཡག་པོ་གྱོན་རྒྱུ་ཡོད་པ་མ་ཟད། གོས་ཧྲུལ་པོའམ་རལ་པོ་ནམ་ཡང་གྱོན་མི་དགོས་ཞེས་བརྗོད་བྱུང་། ཁོང་གིས་རྒྱུན་དུ་གྱོན་གོས་རྩབ་རལ་དང་། བཙོག་པ་གྱོན་རྒྱུར་དགའ་པོ་བྱེད་ཀྱི་མེད། གལ་ཏེ་ཁོང་གིས་ལྷམ་གྱི་སྟེང་ལ་ཐལ་བ་ཡོད་ཚེ་གྱོན་གྱི་མ་རེད། སྐབས་རེ་ཁོང་གིས་བསམ་ཞིབ་ནན་པོ་བྱས་པ་དང་གཞི་ལྕི་པོའི་ཐོག་ནས་མིག་ཆུ་གཏོང་བ་མ་ཟད་དེ་ཡང་མིག་ཆུ་རྒྱུན་རིང་པོ་གཏོང་གི་ཡོད། ངས་ཁོང་ལ་གྱོན་གོས་གསར་པོ་ཉོ་ཆེད་དངུལ་མེད་ཅེས་ཁ་ཏ་བྱས་པར་ཁོང་གིས་ཁོ་རང་ཆེན་པོ་ཆགས་རྗེས་ང་ལ་དངུལ་མང་པོ་སྤྲོད་ཀྱི་ཡིན་ཞེས་ལན་འདེབས་བྱེད་ཀྱི་ཡོད།།

    མཆན།

    གོང་གི་རྩོམ་ཡིག་དེ་ནི་དབྱིན་ཡིག་ནས་བོད་བསྒྱུར་ཞུས་པ་ཞིག་ཡིན་པས། མ་རྩོམ་ནང་ཨ་མདོའི་ཁ་སྐད་རེ་ཟུང་དབྱིན་ཡིག་ཐོག་སྒྲ་བསྒྱུར་བྱས་འདུག་པར་རྒྱུ་མཚན་དམིགས་བསལ་ཡོད་སྲིད་པ་དང་། གུས་པས་བོད་བསྒྱུར་བྱེད་སྐབས་དཔེར་ན། Kang ཀང་ཞེས་པ་དང་། ས་མིང་ Sanho ཞེས་པའི་དག་ཆ་གང་ཡིན་མིན་ཨ་མདོ་ཙོང་ཁ་དང་། སྐུ་འབུམ་ཁུལ་ནས་ཡིན་པའི་དགེ་རྒན་དང་། དགེ་འདུན་པ་ཁ་ཤས་ལ་བཀའ་འདྲི་ཞུས་ཀྱང་དོན་ལྡན་གྱི་ལན་མ་ཐོབ་པར་བརྟེན་སྒྲ་བསྒྱུར་བྱས་དང་ལྷན་དུ་གུག་རྟགས་ནང་དབྱིན་ཡིག་བྲིས་ཡོད། སྙིང་ཉེ་བའི་ཀློག་པ་ཚོས་དགོངས་འཆར་ལྷུགས་རྩོལ་ཡོང་བ་ཞུ། བཀའ་དྲིན་ཆེ།

  12. གནམ says:
    2012-07-05 at 7:49 am

    ང་ཡི་མྱི་རབས་མྱི་རྒྱུད་ཀྱིས་སྐྱབས་པའི་རྒྱལ་བ་རིན་པོ་ཆེ།
    ཁྱེད་ཚང་ནི་ངེད་ཚང་གི
    ཐུགས་རྗེ་བྱིན་རླབས་ཅན་གྱི་རྩ་བའི་བླ་མ། གཙུག་གི་ནོར་བུ།
    སྐུ་ཚེ་ཡིད་རང་བརྟན་པར་ཤོག

    ངེད་ཚང་གི་སྐྱིད་དུས་དང་སྡུག་དུས་བཅོལ་ས།
    ངེད་ཚང་གི་དགའ་དུས་དང་སྐྱོ་དུས་བཅོལ་ས།
    ངེད་ཚང་གི་ཤི་བོའི་ལམ་འདྲེན།
    ངེད་ཚང་གི་གསོན་པོའི་བར་ཆད་བསེལ་མཁན།
    སྐུ་ཚེ་ཡིད་རང་བརྟེན་པར་ཤོག

    རྒྱལ་བ་བསྟན་འཛིན་རྒྱ་མཚོ།
    ངེད་ཚང་གི་ངག་གི་གསོལ་འདེབས།
    ཡིད་ཀྱི་དད་པ།

  13. གནམ says:
    2012-07-05 at 8:04 am

    ང་ཡི་མྱི་རབས་མྱི་རྒྱུད་ཀྱིས་སྐྱབས་པའི་རྒྱལ་བ་རིན་པོ་ཆེ།
    ཁྱེད་ཚང་ནི་ངེད་ཚང་གི
    ཐུགས་རྗེ་བྱིན་རླབས་ཅན་གྱི་རྩ་བའི་བླ་མ། གཙུག་གི་ནོར་བུ།
    སྐུ་ཚེ་ཡུད་རིང་བརྟན་པར་ཤོག

    ངེད་ཚང་གི་སྐྱིད་དུས་དང་སྡུག་དུས་བཅོལ་ས།
    ངེད་ཚང་གི་དགའ་དུས་དང་སྐྱོ་དུས་བཅོལ་ས།
    ངེད་ཚང་གི་ཤི་བོའི་ལམ་འདྲེན།
    ངེད་ཚང་གི་གསོན་པོའི་བར་ཆད་སེལ་མཁན།
    སྐུ་ཚེ་ཡུད་རིང་བརྟན་པར་ཤོག

    རྒྱལ་བ་བསྟན་འཛིན་རྒྱ་མཚོ།
    ངེད་ཚང་གི་ངག་གི་གསོལ་འདེབས།
    ཡིད་ཀྱི་དད་པ།
    སྐུ་ཚེ་ཡུད་རིངབརྟན་པར་ཤོག

  14. སྤྲིན་དཀར་གྲོང་གཙོ says:
    2012-07-05 at 9:16 am

    མངོན་པར་སྟོད་དོ

    ཁ་བརྡ་དྲྭ་བ་ལགས་འདིའི་ཐོག་རྩོམ་སྐུར་ཡུལ་གྱི་ཁ་བྱང་གང་ཡིན་་་་་་་་་་དེ་མིན་དྲྭ་གྲོགས་ཚོས་ཤེས་ན་ཕྲན་ལ་ལམ་སྟོན་ཞིག་གནང་རོགས་ཞུ

  15. མགོན་པོ་ཕྱག་གཉིས་པ། says:
    2012-07-05 at 9:29 am

    གོང་དུ་དྲ་གྲོགས་ཤིག་ནས་བརྗོད་པ་ལྟར། ༧གོང་ས་མཆོག་མཁའ་འགྲོའི་གཟུགས་སུ་དང་དཔེ་རུ་བཀོད་པ་དེ་ནི་ཁྱོན་ནས་ལན་པོ་མི་འདུག དཔེ་དམན་པའི་སྐྱོན་དུ་སོང་བ་ལྟ་བུ་ཞིག་འདུག

  16. དོལ་སྨྱོན། says:
    2012-07-05 at 10:50 am

    གསང་གསུམ་འཕྲིན་ལས་ཀྱི་མཛད་པས།།
    ནོར་འཛིན་ཡུག་གཅིག་ཏུ་བཏུམས་པའི།།
    གང་སྐུ་ལྟ་བདུན་གྱི་དབང་པོ།།
    སྲིད་པའི་སྒྲོན་མེ་རུ་བཞུགས་མཛོད།།

  17. ཀརྡོ་གཉེར་ཕྱག་པ་ says:
    2012-07-05 at 10:54 am

    སྐབས་འདིའི་དཔལ་ལྡན་ལྷ་མོ་དང་མཁའ་འགྲོ་བདེ་གཡང་གཉིས་པོ་ལྷ་རེད་དམ་མི་རེད།

  18. ལོ་མ་ལྗང་ཁུ་། says:
    2012-07-05 at 12:42 pm

    འདི་ཕྱིའི་གཏན་ཀྱི་སྐྱབས་གནས་༧གོང་ས་རྩ་བའི་བླ་མའི་སྐུ་ཚེ་བརྟན་ཅིང་ནམ་ཡང་རྒྱལ་གྱུར་ཅིག

  19. འདོད་ལྷ་ཁམས་པ། says:
    2012-07-05 at 1:10 pm

    ཕྱི་ནང་སྐྱེས་ཆེན་དམ་པ་གྲངས་མེད་ཐབས་བརྒྱ་སྟོང་གིས་མ་ནུས་པའི། །
    ཡ་མ་བརླ་ཡི་སྙིགས་དུས་དེང་གི་བསོད་ཟད་འགྲོ་བ་འདི་དག་ལ། །
    འཐབ་རྩོད་མ་ལུས་ཞི་བའི་ཐབས་མཆོག་ཞི་བདེ་ལམ་བཟང་གསལ་སྟོན་པའི། །
    ༧གོང་ས་སྐྱབས་མགོན་རྒྱལ་བའི་དགུང་གྲངས་དོན་བདུན་ཕེབས་ལ་དགའ་སྟོན་ཞུ། །

    སངས་རྒྱས་བཞི་བ་ཤྰཀྱའི་འོད་སྣང་སྨག་ལ་རིམ་གྱིས་འཇིག་པའི་དུས། །
    སྐྱབས་དང་དཔུང་གཉེན་རེ་གྲོགས་མ་མཆིས་ཉམ་ཐག་སེམས་ཅན་འདི་རྣམས་ལ། །
    ཤྰཀྱ་མུ་ནེའི་དགོངས་དོན་ཇི་བཞིན་སེམས་ཅན་སོ་སོར་འདོད་འདུན་ལྟར། །
    ཁམས་དང་མོས་པ་མ་ནོར་སྟོན་མཁས་༧རྒྱལ་བའི་འཁྲུངས་སྐར་རྟེན་འབྲེལ་ཞུ། །

    འཛམ་བུ་གླིང་དང་འཛམ་གླིང་གཞན་གྱི་ཕྱོགས་བཅུའི་འཛམ་གླིང་ཐམས་ཅད་ན། །
    གནས་དང་བཅས་པའི་སངས་རྒྱས་བྱང་སེམས་མ་ལུས་གཅིག་ཏུ་བསྡུས་འདྲ་བའི། །
    ཡོན་ཏན་ཐམས་ཅད་གཏེར་དུ་བཏོན་ནས་བདག་ཅག་འགྲོ་ལ་བརྩེ་སྦྱིན་པའི ། །
    ༧འགྲོ་བའི་སྐྱབས་མཆོག་མགོན་པོ་གང་གི་སྐུ་ཡི་འཁྲུངས་སྐར་རྟེན་འབྲེལ་ཞུ། །

    གཞོན་ནུ་དུས་ནས་སྐྱེས་ཕྲེང་སྔོན་སྦྱངས་རིག་པའི་བགས་ཆགས་ལེགས་པར་སད། །
    འཇིག་རྟེན་སྐྱོང་བའི་སྲིད་ལུགས་ལ་རྨོངས་དབུས་འགྱུར་ལོང་བའི་ཚོགས་རྣམས་ལ། །
    བྱམས་པའི་ཐབས་དང་བརྩེ་བའི་འཕྲུལ་གྱིས་རྨོངས་པའི་གཉིད་ལས་དཀྲོགས་མཛད་པའི། །
    ཐབས་མཁས་ཇུས་ལེགས་༧སྐྱབས་མགོན་མཆོག་ལ་དགའ་དད་སྤྲོ་བའི་གུས་ཕྱག་འཚལ། །

  20. མེ་ཏོག་དཀར་པོ། says:
    2012-07-05 at 1:13 pm

    འདིའི་མཁའ་འགྲོ་ནི་ཌ་ཀིའི་དོན་མིན་པར་ཞི་བདེ་མཚོན་པའི་འདབ་ལྡན་མཁའ་ལ་འགྲོ་བའམ་འཕུར་བའི་ལྷ་བྱ་དཀར་པོ་ཞིག་ཡིན་སྣང་སྟེ། གཞན་དུ་ཌ་ཀི་དཀར་པོ་ལ་གོ་རྒྱུ་མི་འདུག་པས་སོ།།

  21. རྒད་པོ། says:
    2012-07-05 at 3:54 pm

    ཁུག་ཀྱོག་ཁུག་ཀྱོག་ལ་འཁྲུངས་པའི་ལྷ་མོ་དོན་གྲུབ།
    དབུས་ལྷ་ས་རུ་ཕེབས་པའི་རྒྱལ་བ་བསྟན་འཛིན་རྒྱ་མཚོ།
    པེ་ཅིང་ཨ་རི་སོགས་ལ་ཕེབས་པའི་ཏ་ལའི་བླ་མ།
    གང་ལྟར་མི་མང་པོ་ཞིག་གིས་དགའ་སའི་བོད་པའི་ཆོས་པ་ཞིག

    ཁྱེད་ལ་ཁྱིམ་ཚང་རིགས་རུས་ཀྱི་ཞེན་པ་མེད་ལ།
    ཕ་ཡུལ་ལུང་ཁུག་གི་ལ་རྒྱ་མེད།
    ཆོས་ལུགས་གྲུབ་མཐའི་ཐེན་ཁྱེར་མེད་ལ།
    དེ་བས་མི་རིགས་བར་ལ་འགལ་བ་མེད།

    ཁྱེད་དགའ་ས་ནི་འགྲོ་བ་སེམས་ཅན་ཐམས་བཅད།
    ཁྱེད་ཀྱི་མཛའ་བོ་ནི་ཉམས་ཐག་གི་སེམས་ཅན།
    ཁྱེད་ཀྱི་སྙིང་ནོར་ནི་བྱམས་དང་སྙིང་རྗེ།
    ད་དུང་ཁྱེད་ཀྱི་ཆུང་འདྲིས་ནི་བོད་མི་ས་ཡ་དྲུག་རེད་ཟེར།

    ཁྱེད་ལ་དཔོན་ཆེན་གྱི་གོ་ས་མི་དགོས་ལ།
    གསེར་དངུལ་གྱི་རྒྱུ་ནོར་མི་དགོས།
    དེ་བས་བླ་ཆེན་གྱི་ཁྲི་ནི་དགོས་པ་མེད་ལ།
    སྤྲེལ་ལད་དང་སྙན་གྲགས་ནི་ཅི་ལ་དགོས།

    རེད་ཨ་བསྟན་འཛིན་རྒྱ་མཚོ་ལགས།

    ཆེན་པོས་ཆུང་བར་བརྙས་བཅོས་བྱེད་པའི་སྡུག་བསྔལ་ཁྱེད་ཀྱིས་མྱོང་ཡོད་ལ།
    མང་པོས་ཉུང་ཉུང་རྩ་རླག་གཏོང་བའི་ཐུབ་ཚོད་ཁྱེད་ཀྱིས་གཟིགས་མྱོང་།
    ད་དུང་དབང་ཆེན་གྱི་ཉམས་ཆུང་བཙན་སྒྱུར་བྱེད་པ་ཁྱེད་ཀྱིས་མཁྱེན།
    མདོར་ན་འཇིག་རྟེན་འདིའི་སྡུག་བསྔལ་དང་ནག་ཕྱོགས་ཀྱི་ལས་ངན་ཚང་མ་ཁྱེད་ཀྱི་མཐོང་མྱོང་།

    ཡིན་ནའང་ཁྱེད་ཀྱིས་དེ་དག་ལ་ཡིད་ཆད་དང་བསུན་སྣང་མེད་པར།
    ཁོང་ཁྲོ་དང་འཁོན་སེམས་མེད་པར།
    ཉིན་ལྟར་བཞིན་རང་ཉིད་ཆེས་དགའ་བའི་ཞི་བདེ་དང་བྱམས་བརྩེ།
    ཆེས་གྲོགས་འདོད་པའི་བོད་མིའི་བདེ་སྡུག
    ཆེས་གཅེས་པའི་གཞན་ཕན་གྱི་བསམ་པ་རྣམས།
    གསུང་བཤད་དང་གསུང་ཆོས་ཀྱི་གླིང་བུ་རུ་བཀོལ་ནས།

    ཤར་ནས་ལྷོ་ལ་བཀྲོལ།
    ནུབ་ནས་བྱང་ལ་ལེན།
    ཉིན་མོ་ནས་མཚན་མོའི་བར།
    ཟླ་བ་ལས་ལོ་རྒལ་ནས།
    འཇིག་རྟེན་འདིར་རེ་བ་དང་སེམས་གསོའི་སྙན་དབྱངས་ལེན་མྱོང་།

    འཇིག་རྟེན་འདིར་ཞི་བདེ་ཟེར་ན་རང་བཞིན་དུ་ཏ་ལའི་བླ་མ་ཟེར་བ་དང་།
    བོད་དོན་ཟེར་ན་རྒྱལ་བ་རིན་པོ་ཆེ་ཟེར་བ།
    བྱམས་པ་ཟེར་ན་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཟེར་ནས།
    སྐྱེ་བོ་མང་པོ་ཞིག་གིས་ནི།
    ཁྱེད་ཀྱི་རིགས་རུས་ཀྱང་མི་ཤེས།
    ཁྱེད་ཀྱི་ཕ་ཡུལ་ཡང་མ་ཤེས།
    མཐའ་ན་ཁྱེད་ཀྱི་མིང་ངོ་མ་ཡང་མ་ཤེས།

    ཁྱེད་ཀྱིས་གསུངས་པར།
    ང་རང་གྲྭ་རྐྱང་ཞིག་དང་།
    དགེ་སློང་ཞིག་ཡིན་བསམ་པ་དང་བྲལ་མ་མྱོང་གསུངས་སྐད།

    དི་རིང་ཁྱེད་འཁྲུངས་པའི་ཉིན་མོ་ཡིན་སྐད།
    དི་རིང་ཁྱེད་ངེད་ཚོའི་ཁྲོད་ན་ཕེབས་ནས་ལོ་གྲངས་༧༦ཕེབས་ཟེར།
    ངས་ཐག་རིང་ལུང་སྟོང་ཞིག་ནས།
    ལས་གསེང་ལ་ལྕང་སྡོང་རྒད་པོ་ཞིག་གི་འོག་ལ་བསྡད་ནས།
    ཁྱེད་ཀྱི་མི་ཚེར་ཕྱིར་བལྟས་ཤིག་བགྱིས་ནས།
    ཁྱེད་ལ་འཚམས་འདྲི་ཞིག་ཞུ་འདོད།

    སྙན་ངག་ནི་ངས་མི་ཤེས།
    གླུ་དབྱངས་ངས་མི་ཐུབ།
    བྲོ་གར་ཡང་ངས་མི་འཇོན་པས།

    ཁུག་ཀྱོག་ཁུག་ཀྱོག་གི་ས་སྟོང་ཞིག་ནས།
    ནམ་མཁའ་ལ་ཁྱེད་བརྙན་ཡིད་ལ་ཤར་ནས།
    ལག་སྟོང་གཉིས་གནམ་ལ་འཕྱར་ནས།
    འོ་བསྟན་འཛིན་རྒྱ་མཚོ་ལགས།
    ཁྱེད་འོ་རྒྱལ་སོང་།
    ཐུགས་རྗེ་ཆེ་ལགས།
    སྐུ་ཚེ་བརྟན་ཞུ་བ་ལགས།

  22. ལྷ་དབང says:
    2012-07-05 at 10:25 pm

    གྲྭ་རྫུན་ཆོས་བཟང་མིང་ཅན་ཁ་བདེ་པོ་ཡོད་
    ཨོཾ་ཟ་ཁང་གི་མགྲོན་ཁང་ནང་དབྱིན་མོ་རྒྱོ་ད་ལྟ་གཟན་ཤམས་གོན་ཞབས་འདྲེན་ཁྱོད

  23. པདྨ says:
    2012-07-06 at 1:38 am

    སྐུའི་འཁྲུངས་སྐར་ལ་འཚམས་འད​ྲི།
    ༄༅།། སྤྱན་རས་གཟིགས་དབང་ཐུགས་རྗེ​འི་སྒྱུ་འཕྲུལ་གར།།
    གངས་ལྗོངས་འགྲོ་བ་ཡོངས་ཀྱི་​སྐྱབས་མགོན་མཆོག།།
    མཁྱེན་བརྩེ་ནུས་མངའ་བསྟན་འཛ​ིན་རྒྱ་མཚོ་ཡི།།
    སྐུ་ཚེ་མི་འགྱུར་ཡུན་དུ་འཚོ​་གཞེས་གསོལ།།

    བསླུ་མེད་དཀོན་མཆོག་གསུམ་གྱ​ི་བདེན་མཐུ་ཡིས།།
    གང་གི་ཕྲིན་ལས་ཕྱོགས་བཅུ་ཀུ​ན་ཏུ་རྒྱས།།
    བཞེད་དོན་མཐའ་དག་གེགས་མེད་མ​ྱུར་དུ་འགྲུབ།།
    ས་གསུམ་དབང་དུ་བྱེད་པའི་དཔལ​་ཐོབ་ཤོག།།

    ཅེས་བདག་ཅག་གི་འདྲེན་པ་ཆོས་​རྗེ་མཁན་ཆེན་འཇིགས་མེད་ཕུན་​ཚོགས་མཆོག་གིས་ལྗགས་རྩོམ་༧ག​ོང་ས་མཆོག་གི་ཞབས་བརྟན་གསོལ​་འདེབས་འདི་ཉིད་རྟེན་འབྲེལ་​ཆེ་བས་སྔོན་དུ་བཏང་ནས། ལྷར་བཅས་སྲིད་ཞི་ཡོངས་ཀྱི་ག​ཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོ​ན། གངས་ཅན་གཞིས་བྱེས་གཉིས་ཀྱི་​བླ་ན་མེད་པའི་དབུ་ཁྲིད་འཕགས​་མཆོག་སྤྱན་རས་གཟིགས་བསམ་བཞ​ིན་མི་ཡི་གར་དུ་རོལ་བ་༧རྒྱལ​་དབང་སྐུ་ཕྲེང་བཅུ་བཞི་པ་ཆེ​ན་པོ་རྗེ་བཙུན་འཇམ་དཔལ་ངག་ད​བང་བློ་བཟང་བསྟན་འཛིན་རྒྱ་མ​ཚོ་སྲིད་གསུམ་དབང་བསྒྱུར་མཚ​ུངས་པ་མེད་པའི་སྡེ་དཔལ་བཟང་​པོ་མཆོག་གི་སྐུའི་འཁྲུངས་སྐ​ར་ལ་མདོ་ཁམས་དབལ་ཤུལ་གསེར་ར​ྟ་བ་གཞིས་བྱེས་མི་མང་ཐུན་མོ​ང་ནས་སོར་བཅུའི་ཡལ་འདབ་སྤྱི​་བོར་བཀོད་ནས་འཚམས་འདྲིའི་བ​ཀྲ་ཤིས་བདེ་ལེགས་གྲངས་མེད་ཞ​ུ་བ་དང། མགོན་པོ་གང་ཉིད་བདག་ཅག་བོད་​འབངས་ཡོངས་ཀྱི་མགོན་དཔུང་དམ​་པར་སྐུ་ཚེ་བསྐལ་བ་རྒྱ་མཚོར​་བརྟན་པའི་གསོལ་འདེབས་སྨོན་​ལམ་རྩེ་གཅིག་ཏུ་ཞུ་བཞིན་ཡོད​་ན་དེ་དེ་བཞིན་དུ་འགྲུབ་པའི​་སྡོང་གྲོགས་མཆོག་གསུམ་རྒྱལ​་བ་རྒྱ་མཚོས་མཛད་དུ་གསོལ། ཞེས་གཞིས་བྱེས་མདོ་ཁམས་དབལ་​ཤུལ་གསེར་རྟའི་ལྷ་སྡེ་མི་སྡ​ེ་ཡོངས་ཀྱི་ཚབ་ཞུས་ནས་གསེར་​རྟ་སྐྱིད་སྡུག་གི་རྒྱུན་ལས་​ཐུན་མོང་ནས་ཟླ་ཚེས་བཟང་པོ་ལ​་ཕུལ།།

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-06 at 6:07 am

    ཤྲཱི་སྨྱོན་ཞབས་ཀྱིས་ཁ་སང་དང་། དི་རིང་གི་རྩོམ་ཡིག་རྣམས་སྡེབས་ལེགས་དགའ་བར་བཀླགས།
    འོག་གི་ཡིག་འཕྲེང་དག་ན་སྒྲ་འགའ་རེ་ལ་དྲི་བ་རྣམས་འདི་ལྟར།
    འཁྲུངས་ཡོང་། ཞེས་པ་ལ་འོང་ཞེས་ཡིག་སྐད་དང་མཐུན་པར་འབྲི་ན། སྐྱོན་ཅི་ཡོད་དམ།
    ཕྲིན་ལས་ལ་འཕྲིན་ལས་ཞེས་བྲིས་པ་མང་བས་གང་དག་པ་ཡིན་ནམ།
    འཁྲུལ་སྣང་རང་བཟློག་ཏུ་སྨོན་ནོ། །ཞེས་པའི་ཟློག་དང་ལྡོག་ལ་ཁྱད་པར་ཡོད་དམ།
    ཁ་དར་ཁ་བ་དང་འདྲིས་ཞིང་། འདིར་ཡོད་པའི་ཞིང་དེ། མིང་ཡིན་ནམ། ཚིག་ཕྲད་ཡིན། ཐ་མ་དེ་ཡིན་ན། ཞིང་ཞེས་པ་རྗེས་འཇུག་ཇི་ཙམ་གྱི་རྗེས་སུ་འཇུག་གམ།
    གྲུབ་ཐོབ་ཀྱི་མཐུ་ཡིས་གཞན་རྩོམ་ཡིག་དེར་འགྲོ་བ་ལས་དམིགས་བསལ་གྱིས་བཀོད་དགོས་ཀྱང་། དེ་དང་། གཞན་ཡང་མཆན་འདེབས་མང་བས། བདག་གི་གོང་གསལ་དྲི་བ་ལ་དམིགས་བསལ་ལན་མེད་པ་དེ་ལ། གངས་ཅན་པའི་སྐད་སྲུང་སྐྱོབ་ལ་དམིགས་ཏེ། བདག་རང་གིས་གཏམ་གླེང་བྱ་དགོས་པར་མཐོང་བ་འདི་ལྟར། ཡོང་ཞེས་པ་ལུང་སྐད་ཡིན་པས། བོད་སྤྱིའི་སྐད་དུ། འོང་ཞེས་དགོས། ཕྲིན་ལས་ལ་འཕྲིན་ལས་ཞེས་འབྲི་ཚུལ་གཉིས་ལས། སྔོན་འཇུག་འབོད་པའི་སྒྲ་གདངས་ཉམས་པས། སླར་གསོ་དགོས་ན། འཕྲིན་ལས་ཞེས་དགོས། ཟློག་དང་ལྡོག་གཉིས་ཀྱི་ཁྱད་པར་བོད་སྐད་ལ་ཤེས་དགོས་པ་གལ་ཆེ། དང་པོ་དེ་བྱ་ཡུལ་ཡོད་པ་དང་། གཉིས་པ་དེ་བྱ་ཡུལ་མེད་པའི་བྱ་བའི་ཚིག་ཡིན། མི་ཞིག་གིས་སྤྱད་ལག་ཅིག་གཡར་ནས། སླར་བདག་པོར་སྤྲོད་པ་ན། སྦལ་ཏི་ཡུལ་གྱི་མིས་ཟློག་པ་ཡོད་ཅེས་ཟེར། བདག་གི་ལུང་པ་དང་དབུས་གཙང་དུ། སློག་ཅེས་འབོད་ཀྱང་། དབུས་གཙང་དང་ཁམས་དང་། མདོ་ཕྱོགས་སུ་ཇི་ལྟར་འབོད་ལེགས་པར་མི་ཤེས། ཅིང་ཞིང་ཤིང་སོགས་ཚིག་ཕྲད་ཀྱི་འཇུག་ཚུལ་ལ། ཞིང་ཞེས་པ་ནི། ང་དང་། ན་ མ་ འ་ ར་ ལ་རྗེས་འཇུག་དྲུག་དང་། དབྱངས་མཐའ་ཅན་ལ་ཞིང་འཇུག། རྗེས་འཇུག་ས་གཅིག་པུའི་རྗེས་ལ་ཤིང་འཇུག་ཅིང་། གཞན་ག་དང་། ད་ བ་ ད་བཤུལ་རྣམས་ཀྱི་རྗེས་སུ་ཅིང་འཇུག་པར་བཀའ་བསྟན་གསུང་འབུམ་བོད་ཀྱི་སྐད་ལེགས་པར་བྲིས་པའི་གླེགས་བ་རྣམས་སུ་མཇལ་བ་འདི་དག་རྗེ་བཙུན་བླ་མའི་འཁྲུངས་སྐར་དུས་ཆེན་ལ་ཞབས་ཏོག་གི་ཚུལ་དུ་བྲིས་པ་ལགས་སོ།།

  25. གཞོན་ནུ་ཟླ་མེད། says:
    2012-07-06 at 8:45 am

    དོན་ཡོན་མཁས་གྲུབ་ནས། རྒྱལ་ཡུམ་དང་འབྲེལ་བའི་རྣམ་ཐར་བོད་བསྒྱུར་བྱས་པ་ཐུགས་རྗེ་ཆེ། སེམས་ལ་ཟུག་པའི་རྣམ་ཐར་ཞིག་རེད། sanho སན་ཁྲོན་ཡིན་རྒྱུ་རེད་པ། སན་ཁྲོན་དེ་དབྱིན་ཡིག་ནང་དེ་འདྲ་ཞིག་མ་གཏོགས་འབྲི་ཐུབ་པ་མི་འདུག མེ་ཧོ་ཡིན་ན་ཡང་ཐང་མོད། མེ་དབྱིན་ཡིག་ཐོག་འབྲི་བར་དཀའ་ངལ་ཞེ་དྲག་མི་འདུག ཧོ་དང་ཁྲོན་འདི་དབྱིན་ཡིག་ཐོག་འབྲི་བར་དཀའ་ངལ་ཞིག་འདུག སྒྲ་གདངས་ཅི་བཞིན་མི་ཐོན་པ་འདུག

  26. པདྨ says:
    2012-07-06 at 10:23 am

    མེ་ཏོག་དཀར་པོ་ཐུགས་རེ་རྨད། ཞི་བདེའི་བྱ་དཀར་གྱི་གཟུགས་སུ་བཀོད་པ་ཡིན་པ་འདྲ་བོ་འདུག ། འགའ་རེས་ཕོ་མཆོག་མོ་དམན་དུ་ལྟ་བ་ལ་ཡ་ཆ། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན། བོད་མི་རིགས་གཞི་བྱེས་མཉམ་འཛོམས་དང་ཞི་བདེ་འོང་བའི་སྨོན་ལམ་འདེབས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme