Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅། །དགྱེས་པ་རྡོ་རྗེའི་ཡང་ལན་ནམ་མཁའ་སྒོ་འབྱེད་ཅེས་བྱ་བ།

Posted on 2015-12-022015-12-02 By ཁ་བརྡ 16 Comments on ༄༅། །དགྱེས་པ་རྡོ་རྗེའི་ཡང་ལན་ནམ་མཁའ་སྒོ་འབྱེད་ཅེས་བྱ་བ།

དྲི་མེད་ལྷག་བསམ།

 
ཨ་ལཱིའི་ཉམས་མགུར་གྱེར་པའི་རྨི་ལམ་གྱི་དབང་ཕྱུག །
ཨ་མཚར་རྩེད་མོའི་གཏམ་གྱིས་ཚོར་བ་ཡིས་བཟི་ནས། །
ཨ་ཅེ་རྒྱ་མོའི་ཕྱག་གི་དཀར་ཟས་ལ་འཐམ་པས། །
ཨ་མ་སྔགས་ཀྱི་རྗེ་མོའི་མིག་གཅིག་ལ་གཟན་བྱུང་། །
ཨ་ལ་མཚར་གཏམ་ལགས་སོ་དུས་རབས་ཀྱི་འགྱུར་བས། །
ཨ་མྱེ་རྡོ་རྗེ་འཆང་གི་བཀའ་རྟགས་ཀྱི་ཕྱག་རྒྱ། །
ཨ་སྡུག་ང་འདྲས་སྒྲོགས་པར་འཕྱ་སྨོད་ཀྱིས་ཆར་འབེབས། །
ཨ་རག་ངར་མ་བཏུང་བའི་སྨྱོ་གཏམ་རང་མཛོད་ཅིག །
ཀ་བ་ལྟ་བུའི་རང་ཚུགས་བརྟན་པོ་ཞིག་མེད་ན། །
ཁ་ཆེ་འཇིགས་བསྐུལ་མཁན་པོའི་ལག་ཆ་རུ་འགྱུར་ཉེ། །
ག་བུར་ལྟ་བུའི་ལྷག་བསམ་རྨ་མེད་ཅིག་ཡོད་ཀྱང་། །
ང་བདག་ཚོས་ཀྱིས་བསྒྱུར་ན་ལྷད་ཅན་གྱི་སྨན་སྦྱོར། །
ཅ་དག་ཆོས་བརྒྱད་སྤྱོད་པ་སེམས་བསྐྱེད་ཀྱིས་ཟིན་པ། །
ཆ་ལུགས་ཇི་ལྟར་བྱས་ཀྱང་ལྟ་དགོངས་དང་འབྲལ་མེད། །
ཇ་ཆང་གང་ཞིག་སྤྱོད་ཀྱང་མཉམ་ཉིད་ངང་རོ་གཅིག །
ཉ་ཟན་ཏིལླིའི་ཕྱག་རྗེས་སྨོན་པའི་ཡུལ་ལོས་ཡིན། །
ཏཱ་ར་དེ་ཝིའི་མན་ངག་བྱ་རྒྱུད་དུ་བཅོས་ཤིང་། །
ཐ་འོག་རྒྱལ་པོའི་དཔའ་སྐྱེམ་ཆུ་རྐྱང་དུ་བཅོལ་བ། །
ད་ལྟའི་རྒྱ་སྒོར་འགུགས་པའི་ཀུན་བཟང་གི་སྤྱོད་པ། །
ན་ཆུང་སྐྱེ་བོ་འདྲེན་པའི་ཐབས་ལམ་དུ་བསྟོད་ཆོག །
པ་ཡག་སྨན་གྱིས་སྙིང་ནད་སེལ་ཙམ་གྱི་ཆེ་བརྗོད། །
ཕ་ལམ་རིན་དང་གཞལ་བ་བྱིས་པ་ཡི་ངང་ཚུལ། །
བ་འབྲུ་སྒོ་ཟོག་ཁ་ཆེར་གཅེས་ནོར་དུ་སྤྲོད་དེ། །
མ་རྒན་སྤྲང་པོར་གཏོང་པའི་སྤྱོད་ངན་ཡང་མཐོང་སོང་། །
ཙཱ་རི་ཏྲ་ནས་ཁ་བ་དཀར་པོའི་བར་འཁྱམ་མྱོང་། །
ཚ་གྲང་མྱོང་བའི་ཡུལ་མིར་བགྲོ་གླེང་ཡང་བྱེད་མྱོང་། །
ཛ་ཡའི་བསྟན་ལ་སྨན་པའི་བཟང་སྤྱོད་ཡང་དྲན་མྱོང་། །
ཝ་ལེར་སེམས་ཀྱི་ཚོར་བ་ཡིག་ཆུང་དུ་སྤེལ་མྱོང་། །
ཞྭ་གོས་གཙང་མའི་ལྟ་སྤྱོད་བོད་རིགས་ལ་དར་དགོས། །
ཟྭ་ལོ་སྔོ་ཚོད་དཀར་ཟས་འཕྲོད་རྟེན་ཆེད་བཟའ་དགོས། །
འ་ཅག་དུས་རབས་གསར་བའི་སྣེ་ཁྲིད་དུ་འགྱུར་དགོས། །
ཡ་ཐོག་རྒྱལ་བསྟན་ལོག་འགྲེལ་རང་ས་རུ་འཇོག་དགོས། །
ར་རྫི་རི་ནས་ཕུད་ཅེས་འཁང་རེ་དེ་ཉུང་དགོས། །
ལ་ཕུད་དཀར་ཟས་སེམས་དཔར་སྒྲུབ་ཚུལ་དེ་འདོར་དགོས། །
ཤ་ཟན་ཡིན་ཚད་སྲིན་པོར་དམའ་འབེབ་དེ་མི་རུང་། །
ས་སྟེང་འགྲོ་བའི་ལུས་སེམས་ཕན་བདེའི་དོན་སྒྲོགས་དགོས། །
ཧ་ཅངམི་ཉུང་ཕྱོགས་གཉིས་འདོད་པ་དེ་བསྟན་ཡོད་། །
ཧ་ཅང་མི་མང་ཀ་མད་སུམ་བཅུ་རུ་བསྡུས་ཏེ། །
ཨ་ཕྱག་གཟེར་འཇོམས་ལྟ་བུའི་འཇམ་རྩུབ་གཉིས་ལྡན་པ། །
ཨ་ཆེན་ཧོར་གྱི་སྨྱོན་པའི་འཆལ་གཏམ་རང་ཡིན་ནོ། །

ཞེས་བོད་ཀྱི་བསྟན་སྲིད་ཀྱི་ལ་རྒྱ་འཚོ་ཞིང་། ཨོ་རྒྱན་རིག་འཛིན་བརྒྱུད་པ་སྲོག་ལས་གཅེས་པར་འཛིན་པའི་དཔལ་དགྱེས་པ་རྡོ་རྗེ་ལ་རྒྱལ་ཁམས་ཉུལ་ཞིང་དཀར་ཟས་ལ་དགའ་ཡང། དཀར་དམར་གྱི་ཟས་ལ་མཆོག་འཛིན་དང་བརྙས་པ་སྤང་པའི་རྨོངས་པའི་བློ་ཅན། རྒན་བཀའ་དྲིན་ཅན་གྱིས་རེ་བ་བཅོལ་བའི་མིང་ལྷག་བསམ་རྒྱ་མཚོ་དང་། བླ་མས་གནང་བའི་མིང་དྲི་མེད་འོད་གསལ་སྙིང་པོ། རིགས་ཀྱི་མིང་དཀར་པོ་ཚང་ནམ་མཁའ་དྲི་མེད་དུ་འབོད་པས་༡༠༡༥་ལོའི་སྨིན་ཟླའི་ཚེས་དགེ་བར་བྲིས།

སྙན་ངག

Post navigation

Previous Post: དེབ་གསར་ <<ལམ་ཟུར་གྱི་མེ་ཏོག>> ཐོན་ལ་ཉེ།
Next Post: ལྷག་བསམ་རྒྱ་མཚོ་ལ་སླད་དོན་ནམ་མཁའ་འོད་གསལ་སྙིང་པོ།

Comments (16) on “༄༅། །དགྱེས་པ་རྡོ་རྗེའི་ཡང་ལན་ནམ་མཁའ་སྒོ་འབྱེད་ཅེས་བྱ་བ།”

  1. སྤོབས་པ་མཐའ་ཡས། says:
    2015-12-02 at 5:03 am

    སྒྲོལ་མ་ཉེར་ཅིག་གི་བསྟོད་པ་བྱ་རྒྱུད་ཀྱི་ཁོངས་སུ་གཏོགས་པ་ནི་ཀུན་མཁྱེན་པའི་ཀློང་ཆེན་པ་སོགས་ཀྱིས་བཞེད་མོད་ཡོད་དྲི་མེད་ལྷག་བསམ་པས་ནི་ནམ་ཡིན་ཡང་དགག་པ་རྒྱག་གིན་འདུག་གོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-12-02 at 6:38 am

    ་་་་་་་་་ གཟའ་ཟླ་བའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ལྟ་རྟོག་ལས་ཁང་གིས། དགུན་དུས་གྲང་ངར་ཆེ་རུ་འགྲོ་རྒྱུའི་གནས་སྟངས་དེའི་འོག་བལ་ཡུལ་གྱི་ལོ་ན་ལྔ་མན་གྱི་བྱིས་པ་ས་ཡ་གསུམ་ཙམ་རྐྱེན་འདས་སུ་འགྲོ་རྒྱུའམ་ནད་མནར་ཕོག་རྒྱུའི་ཉེན་ཁ་ཆེན་པོ་ཡོད་བརྗོད་ཡོད་པ་རེད། ་་་་་་་་་

    གསར་འགྱུར་འགོད་ཞོར་དུ། སྤྱིར་བཏང་སྒྲོལ་མ་བྱ་རྒྱུད་ཀྱི་ཁོངས་སུ་གཏོགས་ཀྱང་། སྒྲོལ་མ་ཡིན་བྱ་རྒྱུད་ཀྱི་ལྷ་ཡིན་པས་ཁྱབ་པ་ག་ལ་ཡོད།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-12-02 at 6:45 am

    ་་་་་་་་ སྤྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བར་དུ། རྡོ་སོལ་གྱི་དུ་སྨུག་འཁྲུགས་པའི་ཚད་གཞི་ཇེ་སྡུག་ཏུ་སོང་ནས། མཁའ་དབུགས་ཀྱི་ཚད་གཞི་དེས་མིའི་བདེ་ཐང་ལ་ཉེན་ཁ་བཟོ་བའི་ཚད་གཞི་ལས། ལྡབ་སུམ་ཅུ་སོ་ལྔ་ལས་བརྒལ་ཡོད་པར་བརྟེན། པེ་ཅིན་གཞུང་ཕྱོགས་ནས་བཀའ་བཏང་ནས་མཁའ་དབུགས་འབག་བཙོག་བཟོ་བའི་ཚད་མཐོ་ཤས་ཀྱི་བཟོ་གྲྭ་སྟོང་ཕྲག་གཉིས་དང་བརྒྱ་ལྷག་གི་སྒོ་བརྒྱབས་པ་དང་། སློབ་གྲྭ་ཁག་གི་སློབ་མ་ཕྱི་རོལ་དུ་མི་འགྲོ་རྒྱུ། དུ་སྨུག་སྟུག་དྲག་པའི་དབང་གིས་གནམ་གྲུ་འབབ་འཕུར་མ་ཐུབ་པར། སྤྱི་ཚེས་གཅིག་ཉིན་གནམ་གྲུ་སུམ་ཅུ་ཕྱིར་འཐེན་བྱེད་དགོས་པ་སོགས་ཀྱི་ཛ་དྲག་གི་གནས་ཚུལ་ནང་ལྷུང་ཡོད་འདུག ་་་་་་་་་
    རྒྱ་གཞུང་གི་དཔལ་འབྱོར་ཡར་རྒྱས་འགྲོ་སྟངས་ཀྱི་ཞབས་འདྲེན་ཟེར་ན་འདི་ལ་ཟེར།

  4. དྲི་མེད་ལྷག་བསམ། says:
    2015-12-03 at 1:53 am

    སྤོབས་པ་མཐའ་ཡས་ལེགས། སྒྲོལ་མའི་རྒྱུད་ཀྱི་སྐོར་ལ་དེ་ཙམ་ལས་ཆེར་ཞུ་འདོད་མེད། །གནས་སྐབས་སུ་བྲེལ་བས་གཡེངས་ནས་ཡོད་པས་བཤད་པ་བྱེད་ཁོམས་ཡང་མི་འདུག །སྐུ་ཚེ་རིང་། །

  5. ཀརྡོ་གཉེར་ཕྱག་པ་ says:
    2015-12-03 at 2:06 am

    སྤྱིར་རིགས་གསུམ་མགོན་པོ་དང་། སྒྲོལ་དཀར་དང་སྒྲོལ་ལྗང་གཉིས་བྱ་རྒྱུད་རེད། དེ་མ་ཡིན་པའི་སྔགས་བླ་མེད་སྐབས་སུ་གསུངས་པའི་སྒྲོལ་མ་སོགས་གསུངས་ཚད་ཚང་མ། བླ་མེད་ཀྱི་ལྷ་རུ་བརྩིས་དགོས་པས་ཁྱད་པར་འབྱེད་དགོས་མང་ངོ་།།

  6. ཀརྡོ་གཉེར་ཕྱག་པ་ says:
    2015-12-03 at 2:07 am

    ཁྱད་པར་འབྱེད་དགོས་པ་མང་ངོ་།།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-12-03 at 2:09 am

    སྤྱིར་གསང་སྔགས་མོས་པས་སྒྲུབ་གསུང་སྲོལ་ཡོད་ཀྱང། གསང་སྔགས་ཤེས་པ་ལ། སྔགས་དེ་ཡང་རྩོད་ནས་ཤེས་དགོས་སྟངས་ཀྱང་འདི་ལ་ཐུག་གོ།

  8. པདྨ says:
    2015-12-03 at 3:17 am

    འཇིགས་མེད་གླིང་པས་སྒྲོལ་མ་ཉེར་གཅིག་གི་འགྲེལ་བར་ཕྱི་ཐེག་ཆེན་ཟླ་བ་སྒྲོལ་མ་ནས་ནང་མ་ཧྰ་གསང་བ་ཨ་ནུ་ཡོ་ག་ཡང་གསང་ཨ་ཏི་ཡོ་ག་ལ་སྦྱར་ཡོད་པ་གསལ་བོ་རེད།

  9. ཀརྡོ་གཉེར་ཕྱག་པ་ says:
    2015-12-03 at 3:34 am

    བོད་ལ་དར་བའི་སྒྲོལ་མ་ཡོངས་གྲགས་སུ། སྒྲོལ་དཀར་དང་། སྒྲོལ་ལྗང་གཉིས་དང་། དེའི་ངོ་བོ་གཅིག་ལ་རྣམ་པ་ཐ་དད་པའི་སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མ་ཞེས་པའི་བརྒྱད་དང་། སྒྲོལ་མ་ཉི་ཤུ་རྩ་གཅིག་མ་ཞེས་ཡོད་པ་ཡོངས་གྲགས་དག་ནི། བླ་མེ་ད་ཕར་ཞོགས། རྣལ་འབྱོར་དང་སྤྱོད་ཁོངས་སུ་ཡང་མི་གཏོགས་ཤིང་བྱ་རྒྱུད་ལས་ལྷག་འགྲོ་ས་མེད། འོནད་ཀྱང་། སྔགས་བླ་འབྲེལ་བའི་སྒྲོལ་མ་མེད་པ་ནི་མ་ཡིན་ནོ།།

  10. དྲི་མེད་ལྷག་བསམ། says:
    2015-12-03 at 8:46 pm

    ཀ་རྡོ་ལེགས། འཕགས་ཡུལ་དུ་རྩོད་མེད་ཀྱི་མཁས་གྲུབ་ཆེན་པོ། གྲུབ་ཆེན་ཉི་མ་སྦས་པ། ཞི་བ་སྦས་པ། སངས་རྒྱས་སྦས་པ། བོད་ཡུལ་རྩོད་དུས་ཀྱི་རྡོ་རྗེ་འཆང་ཏཱ་ར་ནཱ་ཐ་སོགས་མགྲིན་གཅིག་ཏུ་༼སྒྲོལ་མ་ཉི་ཤུ་རྩ་གཅིག་གི་བསྟོད་པ་༽བླ་མེད་དུ་བཀྲལ་ལོ། །ཇོ་བོ་རྗེ་བོད་དུ་ཕེབས་ནས་དགོས་པའི་དབང་གིས་བྱ་རྒྱུད་ལྟར་གནང་བ་ལས། དོན་དུ་བཀའ་གདམས་ལྷ་བཞིའི་ཁུངས་ཀྱང་བླ་མེད་ཀྱི་རྒྱུད་སྒྲོལ་མ་འབྱུང་བ་དོན་དམ་པའི་རྒྱུད་སྔ་ཕྱིར་བཞེད་དོ། །སྔོན་ཆད་སྒྲོལ་མ་བྱ་རྒྱུད་དུ་བཀྲལ་བ་དགོས་པའི་དབང་ཡིན་པས་བཀུར་བར་འོས་མོད། དེང་སང་ཟས་ཀྱི་དོན་དུ་གྲོས་ཁ་མ་མཐུན་ཚེ། ཕ་རོལ་པོ་ཁྱད་གསོད་དང་འཇིགས་བསྐུལ་གྱིས་དྲིལ་ཆུང་བཞིན་དུ་སྒྲོགས་པ་ནི་ལོག་པར་འགྲེལ་བའོ། །

  11. ཀརྡོ་གཉེར་ཕྱག་པ་ says:
    2015-12-03 at 9:55 pm

    ཆོས་གྲོགས་དང་། དྲ་གྲོགས་དྲི་མེད་ལྷག་བསམ་ལགས་ཀྱིས།
    སྒྲོལ་རྒྱུད་བླ་མེད་དུ་བཀྲལ་བའི་ལུགས་བཟུང་ནས། བདག་དང་རྩོད་པ་ནི། བཀའ་དྲིན་བླ་ལྷག་ཏུ་ཆེེ།། །།

  12. ཀརྡོ་གཉེར་ཕྱག་པ་ says:
    2015-12-03 at 9:57 pm

    ་་་་་་་་་ སངས་རྒྱས་སྦས་པ། བོད་ཡུལ་རྩོད་དུས་ཀྱི་རྡོ་རྗེ་འཆང་ཏཱ་ར་ནཱ་ཐ་སོགས་མགྲིན་གཅིག་ཏུ་༼སྒྲོལ་མ་ཉི་ཤུ་རྩ་གཅིག་གི་བསྟོད་པ་༽བླ་མེད་དུ་བཀྲལ་ལོ། །ཇོ་བོ་རྗེ་བོད་དུ་ཕེབས་ནས་དགོས་པའི་དབང་གིས་བྱ་རྒྱུད་ལྟར་གནང་བ་ལས། དོན་དུ་བཀའ་གདམས་ལྷ་བཞིའི་ཁུངས་ཀྱང་བླ་མེད་ཀྱི་རྒྱུད་སྒྲོལ་མ་འབྱུང་བ་དོན་དམ་པའི་རྒྱུད་སྔ་ཕྱིར་བཞེད་དོ། ་་་་་ཞེས་གསུངས་པ་ལ། ལན་མུ་འགོད་ཞུ་ཆོག་པ་ཞུའོ།།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-12-03 at 10:23 pm

    སྒྲོལ་མས་ཞལ་བསྟནད་ཅིང་། ཇོ་བོས་སྒྲོལ་མའི་གཟིགས་པ་དང་། དགོས་པའི་དབང་གིས་བྱ་རྒྱུད་བཀྲལ་བ་ཁྱེད་ཀྱིས་ཀྱང་འདོད་ལ། རྒྱ་གར་གྱི་གྲུབ་ཐོབ་ཉི་མ་སྦས་པ་སོགས་ཀྱིས། སྒྲོལ་མའི་རྒྱུད་ལ་བརྟེན་ནས་ས་ལམ་མཐོ་པོར་བགྲོད་ངས་ཀྱང་འདོད་ལ།
    བོད་ཀྱི་གྲུབ་ཐུ་རྗེ་བཙུན་ཏྰ་ར་ནྰ་ཐས་སྒྲོལ་མ་བླ་མེད་དུ་བཀྲལ་བའི་ཁུངས་བདག་གིས་མ་མཐོང་ལ། ཁོང་གིས་མཛད་པའི་ཕྱག་དེབ། སྒྲོལ་མའི་རྒྱུད་ཀྱི་བྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ་།། ཞེས་པའདི་ཡི་ནང་ལ་ཡང་། སྒྲོལ་མ་སྔགས་བླ་མེད་ལྷ་ཡིན་པ་གསལ་མི་འདུག་གོ། །།

  14. ཀརྡོ་གཉེར་ཕྱག་པ་ says:
    2015-12-03 at 10:30 pm

    #8 པདྨ ་ལགས་ཀྱིས་སྤེལ་དོན།:
    December 3rd, 2015 at 3:17 am
    འཇིགས་མེད་གླིང་པས་སྒྲོལ་མ་ཉེར་གཅིག་གི་འགྲེལ་བར་ཕྱི་ཐེག་ཆེན་ཟླ་བ་སྒྲོལ་མ་ནས་ནང་མ་ཧྰ་གསང་བ་ཨ་ནུ་ཡོ་ག་ཡང་གསང་ཨ་ཏི་ཡོ་ག་ལ་སྦྱར་ཡོད་པ་གསལ་བོ་རེད། ་་་་་
    ་
    ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལྷ་གཅིག་དི་བམ་ཀ་རས། དགོས་དབང་གིས། ཇོ་བ་ོརྗེས་སྒྲོལ་མ་བླ་མེད་ནས་བྱ་རྒྱུད་ལ་ཕབ་ནས་གསུངས་པའི་ཁུངས་ཡོད་ན། ཀུན་མཁྱེན་འཇིགས་མེད་གླིང་པས། སྒྲོལ་མ་བྱ་རྒྱུད་ཀྱི་ལྷ་དེ དགསོ་པའི་དབང་གིས་ཡར་བླ་མེད་དུ་གསུངས་པ་ཡང་། སྲིད་པའི་ཕྱིར་རོ།།

  15. ཀརྡོ་གཉེར་ཕྱག་པ་ says:
    2015-12-03 at 10:32 pm

    སྒྲོལ་ལྗང་དང་། སྒྲོལ་དཀར་ལྟ་བུའི་ཡི་དམ། ཁེར་རྒྱང་རེ་རེར་འཁྱེར་འོངས་ན། བྱུ་རྒྱུད་ཀྱི་ལྷ་ཡིན་པ་ལས། སྤྱིར་གསང་སྔགས་བླ་མེད་ནང་ལ། སྒྲོལ་མ་ཡོད་པ་ནི། ཤིནད་ཏུ་ནས་མང་ངོ་།། །།

  16. དྲི་མེད་ལྷག་བསམ། says:
    2015-12-03 at 10:33 pm

    མཁྱེན་ཡངས་ཀ་རྡོ་ལེགས། ཇོ་བོ་རྗེའི་སྒྲོལ་མ་འབྱུང་བའི་རྒྱུད་ཀྱི་བཤད་པ་རིང་ལུགས་དང་། དགོས་པའི་དབང་གི་བྱ་རྒྱུད་ལྟར་མཛད་པ་ལས་བྱ་རྒྱུད་ཡིན་པའི་སྒྲུབ་བྱེད་ད་ལྟ་ཞལ་བཞུགས་པའི་གསུང་གང་དུ་ཡོད། གསང་བདག་ཏཱ་ར་ནཱ་ཐའི་སྒྲོལ་མ་ཉེར་གཅིག་ཏུ་དུས་འཁོར་སྦྱོར་དྲུག་གི་བསྐྱེད་རྫོགས་དམ་ཚིག་སྒྲོལ་མའི་རྫོགས་རིམ་མན་ངག་སོགས་གསལ་བོ་ཡོད་པར་གཟིགས་ཤིག ། དུས་ཚོད་ཀྱིས་དབང་གིས་དར་ཐོག་ལ་ཡོང་ཁོམ་མི་འདུག་པས་དགོངས་འགལ་ཞུ། ༼སྒྲོལ་མའི་རྒྱུད་ཀྱི་བྱུང་ཁུངས་གསལ་བར་བྱེད་པའི་ལོ་རྒྱུས་གསེར་གྱི་ཕྲེང་བ་ལ༽ སྐྱར་གཟིགས་ཞུ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme