Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།། སྤྲུལ་བའི་བསྟན་སྲུང་གནས་ཆུང་ཆོས་རྒྱལ་ཆེན་པོར་བསྟོད་པ་སྟག་ཤར་གཞོན་པའི་ངར་སྐད།

Posted on 2016-11-272016-11-28 By ཁ་བརྡ་ 45 Comments on ༄༅།། སྤྲུལ་བའི་བསྟན་སྲུང་གནས་ཆུང་ཆོས་རྒྱལ་ཆེན་པོར་བསྟོད་པ་སྟག་ཤར་གཞོན་པའི་ངར་སྐད།

ཤར་ཕྱོགས་ཁུག་རྟ།

 
བྱོན་དང་འབྱོན་རྒྱུའི་སྟོན་པ་གྲངས་མེད་དང་།།
ཆོས་དང་མ་འབྲེལ་མཁས་ཚོགས་བྱེ་བའི་དབུས།།
འཇམ་དབྱངས་ཕྱག་གིས་མི་ཕྲིས་སྐྱབས་ཀྱི་ཏོག།
གངས་ཅན་མགོན་པོ་༸བསྟན་འཛིན་རྒྱ་མཚོར་འདུད།།

སྣ་ཚོགས་མོས་ཁམས་རྒྱ་མཚོའི་རླབས་ཀྱི་ཕྲེང་།།
སོ་སོར་ཕྱེས་ཏེ་གང་ལ་ཅི་འདོད་ཀྱི།།
རྫོགས་ལྡན་དཔྱིད་ཀྱི་དགའ་སྟོན་སྩོལ་བའི་མཆོག།
མཁས་མཆོག་ཟམ་གདོང་ཞབས་སེན་སྤྱི་བོས་མཆོད།།

རིང་ནས་འགོས་པའི་དམ་ལྡན་སྲུང་མ་སྟེ།།
ཆོས་སྲིད་སྲི་ཞུའི་དགྲ་ལྷ་གཉེན་པོ་མཆོག།
ཅུང་ཙམ་བསྟོད་སྙམ་སོར་མོའི་འདུ་འགོད་ལ།།
༸རྒྱལ་མཆོག་ཡབ་སྲས་གནང་བ་སྩལ་དུ་གསོལ།།

རྐྱང་སེར་དྲེའུའི་སྟེང་ན་སྲིན་མོའི་གཟུགས།།
བརྩེ་ཆེན་ཐུགས་མངའ་མཁས་མཛངས་འཕྲུལ་གྱི་གཏེར།།
༸ལྷ་མོ་དོན་ཀུན་གྲུབ་པའི་ཡུམ་མཆོག་སྟེ།།
དཔལ་ལྡན་དམག་ཟོར་རྒྱལ་མོར་མགོས་ཕྱག་འཚལ།།

དཔག་མེད་དུས་ཀྱི་སྔོན་ནས་གཞན་དོན་དུ།།
དམ་ཚིག་རྡོ་རྗེ་སྤྱི་བོར་བླངས་པ་ཡི།།
སྣ་ཚོགས་མཚན་དང་མ་ངེས་གཟུགས་ཀྱི་གར།།
སྟོན་མཛད་པེ་ཧར་རྒྱལ་བོ་དེང་འདིར་དགོངས།།

ལུགས་གཉིས་མངའ་བདག་ཁྲི་སྲོང་ལྡེ་བཙན་ལ།།
གྲུབ་པའི་དབང་ཕྱུག་ཨྱོན་པད་འབྱུང་གིས།།
དྲེགས་ལྡན་ཀུན་གྱི་མཆོག་རྗེ་པེ་ཧར་ཞེས།།
སྤྱན་འདྲེན་བཀའ་བསྒོས་གནང་བའི་སྲུང་མར་བསྟོད།།

བཙན་པོའི་ལྷ་སྲས་མུ་ཁྲི་བཙན་པོ་ཡིས།།
བྷ་ངྷ་ཧོར་ནས་སྤྱན་འདྲེན་མཛད་པ་ནས།།
བོད་ཁམས་ཆོས་སྲིད་དབུ་འཕང་མཁའ་མཉམ་དུ།།
རྣམ་པར་རྒྱལ་མཛད་སྲུང་མ་ཁྱོད་ལ་བསྟོད།།

གངས་ཅན་ཞིང་གི་བསྟན་སྲིད་བདེ་ཐབས་སུ།།
ཟླ་མེད་ཐུགས་བསྐྱེད་རྒྱ་མཚོའི་མངའ་བདག་སྟེ།
ཆོས་སྲིད་མཛོད་འཛིན་༸ལྔ་བ་ཆེན་པོ་ཡིས།།
ཐུགས་གདེང་གཅིག་ཏུ་གཏོད་པའི་སྲུང་མར་བསྟོད།།

དེ་སྲས་ཐུ་བོ་ས་སྐྱོང་གནམ་གྱི་ཟླ།།
གྲགས་ལྡན་ཆེ་རྒུའི་དབུས་ན་ཉི་མ་བཞིན།།
མངོན་པར་འཕགས་པ་སྡེ་སྲིད་སངས་རྒྱམ་པས།།
ཆེ་བའི་མཆོག་ཏུ་བསྔགས་པའི་སྲུང་མར་བསྟོད།།

གངས་ཅན་སྲིད་པ་ས་ལ་ཆགས་པ་ནས།།
ཆོས་སྲིད་མཛད་བཟང་འགྲན་གྱི་ཟླ་མེད་པ།།
༸གོང་ས་རྒྱལ་མཆོག་བསྟན་འཛིན་རྒྱ་མཚོ་ཡིས།།
ཡང་ཡང་བསྔགས་པའི་སྲུང་མ་ཁྱོད་ལ་བསྟོད།།

མཐོ་བ་གནམ་ནས་དམའ་བ་ས་ཡི་བར།།
ཆོས་སྲིད་སྐྱོང་ལ་བསླུ་མེད་དགྲ་ལྷའི་གྲོགས།།
པེ་ཧར་རྒྱལ་བོ་༸ངོས་ལ་རྒྱུས་ཡོད་ལས།།
གཞན་དུ་མེད་ཅེས་བསྔགས་པའི་སྲུང་མར་བསྟོད།།

སྤྱན་རས་གཟིགས་དབང་ཆོས་རྒྱལ་དཀོན་འབངས་དང་།།
དེའི་སྤྲུལ་༸གོང་ས་སྐུ་ཕྲེང་ན་རིམ་གྱི།།
ཡང་སྲིད་ངོས་འཛིན་ཆོས་སྲིད་མཛད་འཕྲིན་བཅས།།
ལྷམ་མེར་དགུང་དུ་འདེགས་པའི་སྲུང་མར་བསྟོད།།

གཞུང་ཆེན་པོད་ལྔའི་ཤེས་རིག་འཁྱིལ་བའི་མཚོ།།
རིགས་པས་རྐྱལ་མཁས་ཟླ་མེད་ཆོས་གྲ་ཆེ།།
གངས་ལྗོངས་ན་ལནྜ་ཞེས་ཡོངས་གྲགས་པ།།
འབྲས་སྤུངས་གདབ་རྒྱུར་ལུང་གིས་བསྟན་ལ་བསྟོད།།

གངས་ལྗོངས་དམར་པོའི་བཙན་གྱིས་ཁེབས་པའི་དུས།།
༸རྒྱལ་མཆོག་ཉེན་གཡོལ་ཅི་ལྟར་ཕེབས་ཕྱོགས་ཐད།།
དྲག་པོའི་ཉམས་དང་བཅས་ཏེ་ཕྱག་མཛུབ་ཀྱིས།།
འཕྱུགས་མེད་ཕེབས་ལམ་བྲིས་པའི་སྲུང་མར་བསྟོད།།

དམ་ཚིག་བཀའ་ལུང་མིག་བཞིན་སྲུང་བ་དང་།།
དམ་ཉམས་བསྟན་དགྲ་རྩད་ནས་འཇོམས་མཛད་པ།།
དམ་སྲི་གཟུགས་ཅན་གཟུགས་མེད་ཞབས་འོག་ཏུ།།
གནོན་མཛད་དྲེགས་པའི་སྡེ་དཔོན་ཆེན་པོར་བསྟོད།།

ལྷ་མི་འདྲེས་ཏེ་རིགས་རྒྱུད་དར་ཚུལ་དང་།།
རྟེན་འབྱུང་གཏམ་གྱིས་ལས་འབྲས་ཕྲ་རགས་བར།།
རིགས་པའི་ལམ་ནས་འགྲེལ་བ་འདི་མཐོང་ཚེ།།
ལོག་སྨྲ་ལྷ་མི་ཀུན་ཀྱང་ཁྱོད་ལ་འདུད།།

གཞུང་མང་དམ་ཚིག་འོ་ཆུ་གཅིག་འདྲེས་དང་།།
གངས་ལྗོངས་རང་དབང་དཔལ་ལ་གནས་ཕྱིར་དུ།།
ལྷ་ཁྱོད་གཟུགས་མེད་གྲས་ནས་གཟུགས་ཅན་བཞིན།།
སྲུང་ཞིང་སྐྱོང་བ་མེ་ལྟར་འབར་ལ་བསྟོད།།

རིང་ནས་གོམས་པ་གཞན་དོན་རྒྱ་མཚོའི་རླབས།།
ཞལ་བཞེས་དམ་བཅར་སྤུ་ཙམ་འགལ་མེད་ངང་།།
ཆོས་སྲིད་འཕྲིན་ལས་གདོང་གྲོགས་བྱང་ཆུབ་བར།།
ལྷོད་མེད་བློས་འགེལ་ཆོག་པའི་སྲུང་མར་བསྟོད།།

ཆེ་བ་དཔོན་གྱི་རྒྱལ་དམངས་སྐྱོང་ལུགས་དང་།།
ཆུང་བ་སྒེར་གྱི་འཚོ་མགོ་ཐོན་ཕྱོགས་བར།།
དམ་ཚིག་གཙང་མས་གྲོགས་སུ་ཉེར་བསྟེན་ན།།
གདོང་གྲོགས་གློག་བཞིན་མྱུར་བའི་སྲུང་མར་བསྟོད།།

ལྷ་ཁྱོད་རིས་མེད་སེམས་དཔའ་གྲངས་མེད་དང་།།
ཆོས་སྲིད་མཛད་པོ་ཆེ་རྒུས་མགྲིན་གཅིག་ཏུ།།
དམ་ལྡན་སྲུང་མའི་གཙོ་བོར་མངའ་གསོལ་བས།།
མཐུ་རྩལ་ནུས་པ་མ་ལྷོད་དགྲ་ལྷའི་གཙོ།།

དེ་ལྟར་དམ་ཚིག་གཙང་མས་ཁྱོད་བསྟོད་ན།།
གངས་ཅན་བོད་མི་ཡོངས་ཀྱི་མངོན་འདོད་དེ།།
དབུ་མའི་ལམ་ནས་རང་སྐྱོང་མྱུར་ཐོབ་ནས།།
གཞིས་བྱེས་ལྷན་འཛོམས་ཡོང་བ་ད་སྒྲུབ་ཅིག།།

ཞེས་མེ་སྤྲེལ་གནམ་ལོ་གསར་ཚེས་ཀྱི་ཚེས་བཅུའི་ཉིན་གནས་ཆུང་ཆོས་རྒྱལ་ཆེན་པོར་འཕྲིན་སྐུལ་དུ་མ་བཅོས་སེམས་ཀྱིས་༢༠༡༦། ༡། ༡༧ ཉིན་བཞུགས་སྒར་ངྷ་ས་ནས་བློ་བཟང་ཆོས་འབྱོར་རམ་ཤར་ཕྱོགས་ཁུག་རྟས་ཤར་མར་བྲིས་ཤིང་། ༢༠༡༦། ༡༡། ༢༤ ཉིན་ཅུང་ཟད་བཅོས་ཏེ་སྤེལ་བ་དགེའོ།།

སྙན་ངག

Post navigation

Previous Post: གོང་མར་འཆང་བའི་དག་སྣང་།
Next Post: <<གཏམ་རྒྱུད་ཀྱི་ལམ་ནས་མེས་པོའི་ཞབས་རྗེས་འཚོལ་བ་>>ཞེས་པའི་དེབ་ཕྲེང་ཁག་བཀླགས་རྗེས་ཀྱི་འཆར་སྣང།

Comments (45) on “༄༅།། སྤྲུལ་བའི་བསྟན་སྲུང་གནས་ཆུང་ཆོས་རྒྱལ་ཆེན་པོར་བསྟོད་པ་སྟག་ཤར་གཞོན་པའི་ངར་སྐད།”

  1. བདུད་འཇོམས། says:
    2016-11-28 at 12:47 am

    རྗེས་སུ་ཡིད་རངས་དང་མངོན་པར་བསྟོད་དོ།།

  2. ཀརྡོ་རབ་འབྱམས་པ་ says:
    2016-11-28 at 1:14 am

    སྟོན་མཛད་པེ་ཧར་རྒྱལ་བོ་དེང་འདིར་དགོངས།།
    འདི།
    སྟོན་མཛད་པེ་ཧར་རྒྱལ་པོ་དེང་འདིར་དགོངས།།
    ་
    ཆོས་སྲིད་མཛོད་འཛིན་༸ལྔ་བ་ཆེན་པོ་ཡིས།།
    འདི།
    ཆོས་སྲིད་མཛོད་འཛིན་༸ལྔ་པ་ཆེན་པོ་ཡིས།།
    ་
    གཞིས་བྱེས་ལྷན་འཛོམས་ཡོང་བ་ད་སྒྲུབ་ཅིག།།
    འདི།
    གཞིས་བྱེས་ལྷན་འཛོམས་ཡོང་བ་ད་སྒྲུབས་ཤིག།།
    ཡིན་དགོས།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-28 at 3:01 am

    མི་རྒྱུ་གཉིས་ཀྱི་འགྲོ་སོང་གཏོང་མ་
    དགོས་པར་དབུ་རང་གཉིས་ལ་སྨོན་ལམ་རྒྱབ་ནས་བོད་ཀྱི་བདེན་མཐའ་གསལ་ཐུབ་པའི་ཡིད་ཆེས་དང་གདེངས་ཚོད་ཨ་ཡོད་?

  4. བཀྲ་ཤིས། says:
    2016-11-28 at 4:14 am

    ཀརྡོའི་དག་བཅོས་ལའང་བསྟོད་དོ།

  5. ཁུ་བྱུག says:
    2016-11-28 at 4:30 am

    ཤར་ཕྱོགས་ཁུག་རྟའི་ངོ་དེབ་ལས་བཀླགས་པ་ཡིན།

    སྟག་ཤར་གཞོན་པའི་ངར་སྐད་་ལས་སྟག་ཤར་གཞོན་པའི་འགྱིང་ཉམས་ཞེས་བཏགས་ན་བློ་ལ་འབབ།

  6. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-11-28 at 6:15 am

    ཧཧཧཧ་་་་་མིས་མ་འཇོན་སར་ལྷས་འཇོན་རྒྱུ་དཀའ་མོ་རེད། མ་གཞི་ནས་གནས་ཆུང་གིས་རྒྱ་བོད་དཀའ་ངལ་སེལ་མི་ཐུབ་རྒྱུ་མི་ལོ་དྲུག་ཅུ་ནང་མཐོང་གསལ་མ་རེད་དམ། ད་དུང་ཡང་རེ་བ་ཡོད་མ་རེད། ཡིད་མ་ཆེས་ན་རྒྱན་ཅིག་བཞག་ན་འགྲིག་་་་་་་སུ་ཡོད་ན་ཕེབས་ཤོག་དང་ཨ།

  7. དགེ་འདུན་རྒྱ་མཚོ། says:
    2016-11-28 at 6:21 am

    #2 ཀརྡོ་རབ་འབྱམས་པ་ ་ལགས་ཀྱིས་
    རྒྱུ་མཚན་གསུང་རོགས།

  8. རྣོ། says:
    2016-11-28 at 7:09 am

    ཡིད་ཆེས་མཁན་དག་གིས་ལྷ་གསོལ་བྱོས། ཡིད་མི་ཆེས་མཁན་དག་གིས་རང་སྟེང་ནས་གང་ཐུབ་ཅི་ཐུབ་བྱོས་དང་། དེ་མ་རེད་པས། རྒྱན་འཇོག་ཅེས་གླེན་བཤད་མ་བྱོས་ཨང་།

  9. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-11-28 at 8:44 am

    ཧཧཧཧཧ་་་་་་རྣོ་ལགས། ངས་གླེན་བཤད་མིན་གདའ། དངོས་སུ་ར་སྤྲོད་གཏོང་རྒྱུ་ཡིན། དཔྱིད་ཉིན་རིང་པོ་ནང་ལ་སྒྲུང་སྙན་པོ་ཉན་ཡུན་རིང་ནས་ཐང་ཆད་སོང་བས་མི་རྣམས་ཀྱིས་རེ་བ་ལ་་་་་་ཧཧཧཧ་་་་་ད་མི་བཤད་ཨ་རྣོ་ལགས། རང་གང་སར་རྣོ་བཙུགས་ནས་རྒྱུགས་ཨ།

  10. ཀརྡོ་རབ་འབྱམས་པ་ says:
    2016-11-28 at 11:57 am

    གཉིས་སུ་འདུག
    ལྷ་ནི་དམར་ནག་གཉིས་སུ་འདུག །
    ཁྱི་མཚེས་དཀར་ནག་གཉིས་སུ་འདུག །
    བོད་ནི་གཞེ་བྱེས་གཉིས་སུ་འདུག །
    དབུས་རང་ཐབས་ལམ་གཉིས་སུ་འདུག །

  11. ཀརྡོ་རབ་འབྱམས་པ་ says:
    2016-11-28 at 12:02 pm

    ཆོས་སྐྱོང་གནས་ཆུང་ལ།
    བསྟན་དང་བསྟན་འཛིན་སྐྱེ་འགྲོའི་བདེ་སྐྱིད་དང་། །
    བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་མཛད་འཕྲིན་སྤེལ། །
    གངས་ལྗོངས་རྒུད་པའི་ཉེར་འཚེ་མྱུར་ཞི་ནས། །
    ཆོས་སྲིད་རང་དབང་དགའ་སྟོན་སྒྲུབས་ཤིགས་ཀྱེ། །
    ༸གོང་ས་མཆོག་གིས།

  12. ཁྱུང་སེ། says:
    2016-11-28 at 4:14 pm

    ཤར་ཕྱོགས་ཁུག་རྟ་ནམ་རྒྱུན་ལམ་དབུ་མ་དབུ་ཁྲིད་གོང་ས་མཆོག་ཡིན་ཞེས་མ་ཎི་འདོན་འདོན་བྱེད་མཁན་ཞིག་ཡིན་དོན་ལ་གང་ཡིན་རུང་གནས་ཚུལ་སོ་སོ་རེད། གོང་ས་མཆོག་ལ་བརྩི་བཀུར་ཞུ་གི་ཡོད་ན་གོང་ས་མཆོག་གིས་རྟག་པར་དཔལ་ཎ་ལཎྚའི་རྗེས་འཇུག་བྱེད་དགོས་གསུངས་ནས་རྔ་རྡུང་རྒྱུ་དང་གཏོར་མ་བཅའ་རྒྱུ་ལས་སོགས་ལྷ་གསོལ་ཀླུ་གསོལ་དེའི་རིགས་མི་དགོས་ཞེས་ཡང་ཡང་གསུངས་གནང་གི་འདུག་པས་ཁྱེད་རང་གིས་བསམ་བློ་འདྲ་གཏོང་རྒྱུ་མི་འདུག་གམ་ད་དུང་སྲུང་མ་དམར་ནག་དེ་ཚོར་འཛམ་གླིང་རྡུལ་དུ་བརླག་པའི་ནུས་པ་ཡོད
    ཚུལ་བཤད་ནས་རྒྱ་ནག་ལ་འཇིགས་བསྐུལ་བྱེད་ཀྱི་འདུག རྒྱ་ནག་གིས་དེ་ཚོར་ཡིད་ཆེས་བྱེད་ཀྱི་མེད་ང་དགུའི་ལོར་བོད་སྐྱོང་སྲུང་མ་དེ་ཚོས་ཅི་ཞིག་བྱས་སོང་ངམ། བདག་པོ་བྲོས་དུས་ལྷ་སྲུང་ཀྱང་མཉམ་དུ་རྒྱ་གར་དྷ་སར་ཕེབས་མི་འདུག་གམ། ཨ་ཨ་ཨ་

  13. ཀླུ་སྨྱོན། says:
    2016-11-28 at 4:39 pm

    ཁོ་བོས་གནས་ཆུང་སྐོར་མང་པོ་མི་ཤེས་ཀྱང་གནས་ཆུང་ཕྱག་གནས་ཀྱི་བྱིན་རླབས་ལ་མི་མང་པོ་ཧང་སངས་འདུག ང་ཚོས་རང་གིས་མ་འཇོན་པ་སྲུང་མའི་དབུ་ལ་དཀྲི་རྒྱུ་གང་ཡང་ཡོད་མ་རེད། ན་ལེནྡའི་ཆོས་བརྒྱུད་འཛིན་པ་དང་སྲུང་མ་གསོལ་རྒྱུ་གཉིས་ལ་འགལ་ཟླ་གང་ཡང་མེད་པ་ནི་སྔོན་ཆད་ན་ལེནྡར་ཕྱི་རོལ་པའི་མཁས་པ་གྲགས་ཅན་རྟ་དབྱངས་བསླེབས་དུས་ན། ལེནྡའི་གྲྭ་པ་ཚོས་ཁོང་ཚོའི་སྲུང་མ་མགོན་པོའི་རྡོ་སྐུ་ལ་གསོལ་མཆོད་བྱས་ཏེ། སྲུང་མའི་སྤྲུལ་པའི་བྱ་རོག་གིས་ཁོང་ཅག་གི་འཕྲིན་ཡིག་ལྷོ་ཕྱོགས་དཔལ་གྱི་རི་ལ་བཞུགས་པའི་ཀླུ་སྒྲུབ་ཡབ་སྲས་ཀྱི་སར་བསྐྱལ་པའི་གཏམ་རྒྱུད་འདུག་ག དེ་བཞིན་རྔོག་ལོ་ཡབ་སྲས་དང་ས་པཎ་སློབ་རྒྱུད། དེ་བཞིན་རྗེ་ཙོང་ཁ་པ་ཡབ་སྲས་སོགས་ངེས་པ་དོན་གྱི་ན་ལེནྡའི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་མཛད་མཁན་ཚང་མས་སྲུང་མར་གསོལ་མཆོད་གནང་བ་ལོ་རྒྱུས་དང་ཁོང་རྣམ་པའི་གསུང་རྩོམ་ནང་འདུག་ག དཔེར་ན་རྗེ་ཙོང་ཁ་པས་རྟེན་འབྲེལ་བསྟོད་པ་ཞེས་པའི་སྟོང་ཉིད་སྟོན་པའི་བསྟན་བཅོས་གྲགས་ཅན་དེ་བརྩམས་པའི་མཇུག་དེར། ལྷག་བསམ་དག་པས་ཚུལ་འདིར་བརྩོན་པ་ན། །ཚངས་དང་དབང་པོ་འཇིག་རྟེན་སྐྱོང་བ་དང་། །ལེགས་ལྡན་ནག་པོ་ལ་སོགས་སྲུང་མས་ཀྱང་། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །ཅེས་གསུངས་འདུག དེ་བཞིན་ཁོང་གིས་ལམ་རིམ་ཆེན་མོ་བརྩམས་པའི་མཇུག་ཏུ་ཡང་། ལམ་བཟང་སྒྲིག་པའི་མཐུན་རྐྱེན་སྒྲུབ་བྱེད་ཅིང་། །འགལ་རྐྱེན་བྱེད་སེལ་མི་དང་མི་མིན་གང་། །ཚེ་རབས་ཀུན་ཏུ་རྒྱལ་བས་བསྔགས་པ་ཡི། །རྣམ་དག་ལམ་དང་འབྲལ་བར་མ་གྱུར་ཅིག །གང་ཚེ་ཐེག་པ་མཆོག་ལ་ཆོས་སྤྱོད་བཅུས། །ཚུལ་བཞིན་སྒྲུབ་ལ་བརྩོན་པ་དེ་ཡི་ཚེ། །མཐུ་ལྡན་རྣམས་ཀྱིས་རྟག་ཏུ་གྲོགས་བྱེད་ཅིང་། །བཀྲ་ཤིས་རྒྱ་མཚོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་གསུངས་འདུག་ཅིང་། སྐབས་འདིའི་མི་མིན་ནི་གཉན་ཆེན་ཐང་ལྷ་དང་འོ་དེ་གུང་རྒྱལ་སོགས་ཡིན་པར་བླ་མ་དམ་པའི་གསུང་རྒྱུན་ལ་འདུག དེ་ལ་དམིགས་ན་ན་ལེནྡའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱེད་ན་སྲུང་མ་འདོར་དགོས་པའི་གཏན་ཚིགས་གང་ཡང་ཡོད་པ་མ་རེད། དེ་བས་བླ་མ་བདག་ཉིད་ཆེན་པོའི་གསུང་དེའི་གོ་དོན་ངོ་མ་ནི། འཇིག་རྟེན་པའི་སྲུང་མ་ཚོར་སྐྱབས་གནས་ཡང་དག་ཏུ་བལྟ་བའི་ལུགས་སྲོལ་དེ་ལ་སྒྱུར་བཅོས་གཏོང་དགོས་པའི་དོན་དུ་འགྲེལ་དགོས་པ་ཟུར་བལྟས་ལེབ་མཐོང་རེད།

  14. ཁྱུང་སེ། says:
    2016-11-28 at 5:14 pm

    མཆན་༡༣ པ་བཀླགས་རྗེས་དགེ་འདུན་ཆོས་འཕེལ་དྲན་དུ་བཅུག་བྱུང། དེ་ཚད་མ་ཡིན་པར་སུས་གོ་བ་རེད་དམ་དེ་ཀླུ་གྲུབ་ཡབ་སྲས་ཀྱིས་གོ་བ་རེད་དེ་སུས་གོ་བ་རེད་དམ་རྗེ་ཡབ་སྲས་སོགས་ཀྱིས་གོ་བ་རེད་དེ་ཚད་མ་ཡིན་པར་སུས་གོ་བ་རེད་དམ་བདག་གི་རྩ་བའི་བླ་མས་གོ་བ་རེད། ཁྱོད་ཀྱི་རྩ་བའི་བླ་མ་དང་དགེ་རྒན་སོགས་ཚད་མ་དང་མ་འཁྲུལ་པར་སུས་གོ་བ་རེད་དམ། ངས་གོ་བ་རེད། ཧཧཧཧཧཧ་ཐམས་ཅད་ཀྱི་རྩ་བ་རང་ལ་ཐུག་རང་ཉིད་ཀྱིས་མཐོང་བ་དང་ཤེས་པ་བྲིས་པ་དེ་ཚོར་བརྟག་དཔྱད་བྱེད་རིམ་བཞིན་དུ་སྐྱོན་རེ་མཐོང་གི་ཡོད་པ་ནི་ང་ཚོས་ཤེས་གསལ་རེད་པ། གོང་ས་མཆོག་གིས་་སྟོན་པ་ཤཀྱ་ཐུབ་པས་རྔ་རོལ་དང་གར་འཆམ་སོགས་བྱས་པའི་ལོ་རྒྱུས་མི་འདུག་གསུངས་མ་སོང་ངམ། བོད་རྒྱུད་ཀྱི་བླ་མས་སྣ་ཚོགས་འཆལ་འཆོལ་བྱེད་པ་ལ་བརྟེན་ནས་བོད་བླ་མའི་ཆོས་ལུགས་ཞེས་མིང་དུ་བཏགས།

  15. ཀླུ་སྨྱོན། says:
    2016-11-28 at 7:05 pm

    བླ་མ་བདག་ཉིད་ཆེན་པོས་མི་མང་ལ་བཀའ་སློབ་གནང་བ་མང་ཤོས་མདོ་ལུགས་གཞིར་བཞག་གིས་གནང་བ་རེད། སྔགས་ལུགས་ལ་གཏོར་མ་སོགས་ལྷ་རྫས་འདྲ་མིན་དགོས་པ་རྒྱ་གར་གྲུབ་ཐོབ་རྩོད་མེད་ཚོའི་གཞུང་དང་རང་རེའི་བོད་ཀྱི་མཁས་གྲུབ་གོང་མ་དག་གིས་མཛད་པའི་གསང་སྔགས་ཀྱི་ཆོ་ག་དེ་དག་གི་ནང་དུ་འདུག་ག དཔེར་ན་བླ་མ་བདག་ཉིད་ཆེན་པོས་དུས་འཁོར་དབང་ཆེན་བསྐུར་དུས་གཏོར་མ་དང་རོལ་ཆས། དེ་བཞིན་ས་གར་མཆོད་གར་ཞེས་པའི་གར་འཆམ་ཡང་གནང་དགོས་པ་རེད། ད་དུང་རྡ་ས་ནས་གནས་ཆུང་སྤྱན་འདྲེན་དང་གུ་རུའི་འབུམ་ཚོགས་སྐབས་སུ་ཚོགས་གཏོར་དང་སྒྲུབ་གཏོར་བཅའ་བ་སོགས་ད་དུང་མཚམས་བཞག་ཡོད་པ་མ་རེད། འདི་དག་གིས་བསྟན་པ་སྤྱི་ལ་དམིགས་ཏེ་མདོ་ལུགས་གསུང་བ་དང་། གྲྭ་ཚང་དང་གང་ཟག་སྒེར་ལུགས་ལ་ད་དུང་གསང་སྔགས་རང་གི་ལུགས་གནང་གི་ཡོད་པ་གསལ་བོ་རེད། དེ་མ་གཏོགས་མདོ་ལུགས་ལ་སངས་རྒྱས་ཀྱིས་མི་རྒྱུད་སྨིན་མ་སྨིན་འབུམ་ཕྲག་དུ་མ་ཕྱོགས་གཅིག་ཏུ་བསྡུས་ནས་དུས་འཁོར་དབང་ཆེན་བསྐུར་ལུགས་གང་ན་ཡོད་མ་རེད།

  16. ཁུ་བྱུག says:
    2016-11-28 at 11:24 pm

    ན་ལནྜའི་ཆོས་བརྒྱུད་རིགས་པ་ཁོ་ནའི་ལམ་ནས་འཛིན་དགོས་སྟབས། གང་ཟག་སྒོས་མཚན་ལས་བསྟན་པ་སྤྱི་མཚན་གལ་ཆེ་སྐོར་༸གོང་ས་མཆོག་གིས་ཡང་ཡང་གསུངས་གི་ཡོད་པ་ཀླུ་སྨྱོན་གྱིས་བཤད་པ་ལྟར་རེད། གཏན་ཚིགས་ཀྱི་རྣོ་ངར་ཅི་ཙམ་གོང་འཕེལ་དུ་ཕྱིན་རིམ་ནང་། ལས་དང་པོ་བའི་བློ་གསར་ཚོས་རང་གི་མིག་གིས་མི་མཐོང་བ་ཙམ་རྒྱུ་མཚན་དུ་བཀོད་དེ་ལྷ་འདྲེ་ཞེས་སྨོད་པ་དེ། དོན་ལ་སྨོན་མཁན་གང་ཟག་རང་ཉིད་ལ་བློ་མ་རྒྱས་པ་ཁོ་ནའི་སྐྱོན་ལས་གཞན་ཅི་གང་མིན་པ་གསལ་བོ་རེད།

  17. ཨ་འབར་འཇིགས་དབང། says:
    2016-11-29 at 12:29 am

    ༅༅། མིའི་མ་ཤེས་ལྷ་ལ་བཀའ་འདྲི་ཞུས། ལྷས་མ་ཤེས་སྐྱག་རྗུན་བཤད་ཅེས་་པ་དངོས་འབྲེལ་ཡིན་ས་རེད།

  18. ཏི་སི། says:
    2016-11-29 at 1:11 am

    ཤར་ཁུག་གི་གནས་བསྟོད་འདི་ཆབ་སྲིད་བེད་སྤྱད་ནས་བྲིས་པ་རེད། དེང་སང་མི་མང་དང་སྤྱི་འཐུས་ལས་བྱེད་མང་པོས་ཁོས་ཤུག་ལྡན་གྱི་མི་ལ་འབྲེལ་བ་ཡོད་པ་མ་རེད། ཡིན་ནའང་ཁོ་རང་སྒེར་ཤུག་ལྡན་རྒྱུན་གསོལ་བྱེད་བཞིན་ཡོད་པ་ནི་ལ་ལས་ཧ་གོ་དོན་གསལ་ལ་སོང་ནས། ད་ཆ་གནས་ཆུང་གསོལ་བསྟོད་འབྲི་རྩོམ་འདི་ཁ་བརྡ་ནང་ལ་བཀྲམ་པས། ཁོས་ཆབ་སྲིད་ཆུང་ཆུང་ཁྲབ་པ་རེད། ཤི་འདྲེ་གསོ་མཁན། དམ་སྲི་གསོ་མཁན་ཚོས་ད་དུང་བོད་སྤྱི་པའི་མིང་ཁུར་ནས་ལས་དོན་སྒྲུབ་པ་ཡིན་བཤད་པ་ནི་ཡ་ང་བ་ཅན་མ་ཡིན་མམ།

  19. ཁྱུང་སེ། says:
    2016-11-29 at 1:23 am

    སྔགས་ལུགས་མདོ་ལུགས་ཤོད་པར་དང་པོ་སངས་རྒྱས་བཅོམ་ལྡན་འདས་ཤཀྱ་ཐུབ་པས་གསང་སྔགས་གསུངས་མ་གསུངས་རྩོད་གཞི་ཆེན་པོ་རེད་དད་པ་དག་སྣང་གིས་བཤད་ན་ཁ་ཁ་རེད་ལྷ་སྲུང་བྱིན་རླབས་ཅན་ཡིན་མིན་ཤོད་ཀྱི་མེད། དེ་བཞིན་དུས་འཁོར་གྱི་སྐོར་ལའང་རྩོད་གཞི་ཆེན་པོ་རེད། ཕྱག་ནས་ཀྱིས་སྣོད་བཅུད་ལ་དབང་བསྒྱུར་ཐུབ་ཀྱི་ཡོད་ན་ཁ་སང་བོད་པའི་ཁྲོམས་རར་མེ་སྐྱོན་ཇི་ལྟར་ཤོར་བ་རེད་དམ་ཁོང་ཚོ་མང་པོར་གནས་ཆུང་གི་ཕྱག་ནས་ཐོབ་ཡོད་ཅིང་ཁྲོམ་སར་ཕྱག་ནས་གཏོར་བར་ང་ཡི་གྲོགས་པོ་ཞིག་གིས་བཤད་བྱུང་ཧཧཧཧཧ

  20. ཀརྡོ་རབ་འབྱམས་པ་ says:
    2016-11-29 at 2:02 am

    ཁྱུང་སེ་རང་བོན་ཆོས་གྱིས། ནང་ཆོས་ལ་བྱུས་གཏོགས་མ་བྱེད། ནང་ཆོས་གསང་སྔགས་ལ་དེ་བས་ཀྱང་། ལག་པ་མ་འཆང་། དེ་བས་བོན་རབས་བཤད་ན་མཛེས།

  21. སྤོབས་པ་མཐའ་ཡས། says:
    2016-11-29 at 2:18 am

    ཤར་ཕྱོགས་ཁུག་རྟ་སྐྱེས་ཕོ་ལྷ་མཆོད་རྒྱུ་དེས་ལོས་བདེན་བསམ་ཞིག་བྲིས་ཡོད་གི ངོ་སོ་བསྟོད།་དེ་ལྟ་བུ་འབྲི་དགོས་ཡ་གྲོགས་པོ་བཟང་པོ།

  22. དྲང་སྲོང says:
    2016-11-29 at 2:47 am

    ཀླུ་སྨྱོན་གྱི་གསུང་བདེན་ཁ་འདུག །ཀརྡོ་རབ་འབྱམས་ཀྱིས་གསུང་པར་ལྟར་རེད་ཁྱུང་སེ་ཟེར་དྲ་འབུ་འདིས་ག་དུས་ཡིན་ན་ནང་ཆོས་ལ་ཟུར་ཟ་དང་སྨ་འབེབས་རྐྱང་མ་གནང་ན་བཟང་དེས་ཁྱེད་རང་གི་ལྡོག་ཆ་དང་ཆོས་དད་པ་རྣམས་ཀྱི་སེམས་ལ་རྨ་ཁ་བཟོ་བྱེད་ལས་བོན་བསྟན་ལ་རྟ་རྔ་ཙམ་ཡང་མི་ཕན་བྱུང་ན་ཀུན་ལ་དག་སྣང་སྦྱོངས་དེ་ལྟར་མ་བྱུང་ན་ཆོས་ལ་རྟེན་ནས་སྡིག་ཁ་པོ་ཆེ་མ་བསགས་རོགས་ཨ་རོ་ཤ་ཉེ་།

  23. བདུད་འཇོམས། says:
    2016-11-29 at 4:23 am

    ཏི་སི་དང་ཀརྡོ་རབ་འབྱམས་པ་ལགས། དོན་མེད་ཁྱོན་མེད་ཀྱི་སྐད་ཆ་དེ་འདྲ་མ་བྱེད། འདྲེ་ངན་དེ་ཁོག་ལ་ཞུགས་པ་ཞིག་ཡིན་ན་ཁྱེད་ལ་ཞུགས་ཡོད་ས་བདའ། བསྟེན་མཁན་དེ་ཡང་ཁྱེད་དང་རྒྱ་གུང་ཁྲན་གཉིས་ཡིན་པ་འདྲ། ཁྱེད་རང་ནས་ད་བར་དྲ་ལམ་ཁག་ལ་དཀྲོགས་གཏམ་དང་བོད་མི་ཆིག་སྒྲིལ་གནོད་པའི་ལས་ག་ཚད་བྱས་སོང་། གྲ་ལོག་ཅིག་ནི་ཡིན་པ་འདྲ། མིའི་རྒྱུ་སྤུས་དང་མཚན་ཉིད་ཟུར་ཙམ་ཡང་མ་ཚང་བ་ཁྱེད་ལྟ་བུ་ནི་དུད་འགྲོའི་གྲས་ལ་ཡང་ཚུད་དཀའ་སེ་བདའ་ཨ་རོ་ཁམས་པ།

  24. བྱམས་ཆེན་ says:
    2016-11-29 at 5:31 am

    གུས་པ་བྱམས་ཆེན་སླར་ཡང་ཁ་བརྡ་དྲ་རྒྱའི་ནང་འཛུལ་བཞུགས་ཆོག་པ་ཞུ། རྒྱུ་མཚན་ནི་མཁྱེན་ལྡན་རྣམས་པའི་རྩོམ་རིགས་འདྲ་མིན་དང་ལྷག་པར་དུ་ནང་པའི་ལྟ་སྒྲུབ་སྐོར་ལ་མཆན་བྲིས་རེས་གནང་བ་དེས་བློ་སྐྱེས་མང་པོ་ཡོངས་མཆེད་དུ་ཡིན། ཐུགས་རྗེ་ཆེ།

  25. ཁྱུང་སེ། says:
    2016-11-29 at 7:03 am

    ཀརྡོ་ལགས་ཧང་གྷ་རའི་རྒྱལ་ཁབ་ལ་བསྡད་ནས་ཧང་གྷ་རིའི་རྒྱལ་ཁབ་ལ་རོགས་བྱེད་དགོས་རེད་ང་ཡི་གྲོགས་མོ་ཞིག་གིས་ཟེར་ན་ཁྱེད་རང་ཧང་གྷརའི་ནང་དུ་ནང་ཆོས་དང་བོད་ཡིག་ཁྲིད་ཀྱིན་འདུག་མོ་རང་དེར་ཐེངས་གཅིག་གཉིས་སོང་བས་ཀརྡོ་ཟེར་བ་ག་དུས་ཡིན་ནའང་ཆོས་ལུགས་ཀྱི་ཕྱོགས་རིས་ཀྱི་སྐད་ཆ་བཤད་ཀྱི་འདུག་ཟེར་ནས་མོ་རང་དགའ་བོ་བྱེད་ཀྱི་མི་འདུག

  26. BONPO says:
    2016-11-29 at 7:44 am

    སྲུང་མ་ཟེར་བ་འདི་ཚོ་་་googel འདྲ་སས་རེད་མི་འདུག་བ།
    ཡིན་ནའང་ཚིགས་བཅད་ཡག་པོ་བྲིས་གནང་འདུག
    ་་་་བཙན་པོའི་ལྷ་སྲས་མུ་ཁྲི་བཙན་པོ་ཡིས་་་་
    ཅེས་པ་འདི་བོད་ཀྱི་རྒྱལ་རབས་གཉིས་པ་མུ་ཁྲི་བཙན་པོ་ཡིན་ནམ།

  27. ཀརྡོ་རབ་འབྱམས་པ་ says:
    2016-11-29 at 8:25 am

    ཧ་ཧ་ང་རིས་མེད་པ་ལ་ག་རེ་ལབ་ནའང་ལབ། །
    ཁྱོད་ཕྱོགས་རིས་པ་ལ་ག་རེ་མཐོང་ན་ཡང་མཐོང་། །
    བདུད་འཇོམས་ཁྱོད་ཀྱིས་ང་ལ་དམོད་ནའང་དམོད། །
    ཁྱུང་སེ་ཁྱོད་ཀྱང་ང་ལ་སྨད་ནའང་སྨད། །
    ་
    ང་ནི་སློབ་དཔོན་པད་མར་དད་མཁན་ཡིན། །
    ང་ནི་གནས་ཆུང་སྐྱོང་གསོལ་མཁན་ཡིན། །
    ང་ཡིས་ཁ་བརྡར་དཀྲུགས་པའི་ཚིག་གཅིག་མེད། །
    ང་མིང་ལོག་སྨྲ་མཚར་གཅོད་བསྟན་འཇམ་དབྱངས། །ཟེར། ཧ་ཧ། ཨེ་མ་ཧོ།། །།

  28. ཀརྡོ་རབ་འབྱམས་པ་ says:
    2016-11-29 at 8:29 am

    ཐམས་ཅད་དགུ་བའི་སྤྱོད་པ་ངས་མི་ཤེས། །
    བདུད་འཇོམས་ཁྱུང་སེ་ཁྲོས་ནའང་སྡུག་གྱོང་གྱིས། །

  29. ཀརྡོ་རབ་འབྱམས་པ་ says:
    2016-11-29 at 8:30 am

    བསྟན་འཛིན་འཇམ་དབྱངས་ནི། ང་ལ་༸གོང་ས་མཆོག་གིས་གནང་བའི་ངའི་ཆོས་མིང་རེད།

  30. སྤྱང་ཤོག says:
    2016-11-29 at 4:38 pm

    དཔལ་བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་གི་དཀོར་འཛོད་ཆེན་པོའི་སྲུང་མ་ལ། སློབ་དཔོན་པདྨ་འབྱུང་དང་བཙན་པོ་ཁྲི་སྲུང་ལྡེ་བཙན་གཉིས་ཀྱི་པེ་ཧར་རྒྱལ་པོ་བསྐོས་པ་ནས་བཟུང། བོད་གངས་ཅན་ལྫོངས་ཀྱི་ཆོས་སྲིད་གཉིས་ནས་འབྲེལ་བ་དམ་ཟབ་ཡོད་པ་དངོས་ཡོད་དང་བརྩོད་མེད་རེད། ངས་བཤད་འདོད་པ་ནི། ཆོས་སྲུངས་ཁོང་གི་མཐུ། ནུས་པ། མཚན་སྙན། དབང་ཐང་སོགས་ཚང་མ་མེད་པ་བཟོ་བཞིན་པའི་མི་ཁོག་ལྷ་ཞུགས་ཀྱི་རྫུན་ལུང་སྟོན་བཞིན་པའི་སྐུ་བསྟན་ལམ་ལུགས་འདི་མགྱོགས་པོ་ཐལ་བ་རྡུལ་དུ་རློགས་ཤིག

  31. སྟག་སྨྱོན། says:
    2016-11-29 at 5:16 pm

    ཤར་ཁུག་ལགས་ཁྱེད་ཀྱིས་༧གོང་ས་མཆོག་ལ་དད་གུས་དང་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་ཡིད་ཆེས་ཡོད་པ་བདེན་ན། རྩོམ་ཡིག་ཁག་ནང་ཚིག་རྩུབ་དང་འཁོན་འཛིན་རྣམ་པ་མི་མཛེས་རྣམས་དོར་ནས། ཚིག་འཇམ་ལ་དོན་སྙིང་ལྡན་པ། གུས་ཞབས་དང་ཆོད་སེམས་ལྷན་སྡེབས་པའི་རྩོམ་ཡིག་ཀློག་ན་དགྲ་དགག་སོ་སོའང་ངོ་གནོང་ནས་སེམས་རང་སར་ཞི་འགྲོ་བ་ཞིག་འབྲི་ནུས་མིན་བརྩོན་ཕ་གནང་རོགས། དེ་མིན་ཁྱེད་ཀྱིས་ཚིག་རྩིབ་དང་འཁོན་འཛིན་གྱིས་རྩལ་བཏོན་པའི་རྩོམ་ཡིག་ཚོས་བོད་རིགས་ཀྱི་ནང་ཁུལ་མི་མཐུན་པ་རྣམས་ཇེ་རིང་དུ་བཏང་། མཐུན་པ་རྣམས་ཀྱང་མི་མཐུན་པར་མི་འགྱུར་བའི་ངེས་པ་མི་འདུག ༧གོང་ས་མཆོག་གི་རྗེས་དད་པ་ཡིན་ཁུལ་གྱིས་ཁོང་ལ་ཞབས་འདྲེན་ཞུ་ཉེན་འདུག

  32. སྟག་སྨྱོན། says:
    2016-11-29 at 5:20 pm

    ལངས་ཕྱོགས་ལ་གུས་བརྩི་ཡོད། ལངས་ཕྱོགས་ཀྱི་རྣམ་པ་ཕྱི་སྟོན་སྟངས་གདུག་རྩུབ་ཆེ་དྲགས་ན་གྲོགས་ཀྱང་དགྲ་རུ་འགྱུར་ལེ་རེད།

  33. ཁུ་བྱུག says:
    2016-11-30 at 12:10 am

    ཧཧཧཧ སྟག་སྨྱོན་ཁྱོད་རང་གིས་མི་ལ་ལབ་རྒྱུ་བཞག་ནས་་་་་རང་གིས་ད་བར་ཅི་བྱས་ལ་ལྟོས་ཤིག རང་གི་ལྟོ་རྒྱབ་ཁོ་ན་མ་གཏོགས་བསམས་མི་ཤེས་པ་ཁྱོད་འདྲ་མང་དྲག་ནས་བོད་མི་རིགས་ཀྱི་ལས་འདིར་ཟགས་པ་རེད།
    ཤར་ཁུག་གི་བརྗོད་སྙིང་བདེན་པ་དང་། བརྗོད་སྟངས་དྲག་པོའི་རྣམ་པར་གནས་པ་དེ་དོན་ལ་གནས་འདུག སྤྱི་ཚོགས་འདིའི་ནང་། ལྷག་པར་གངས་ཅན་སྐྱིད་གཤོངས་ཀྱི་མཛད་གཙོ་དཀོར་གཟན་ཚོར་ཏག་ཏག་དེ་འདྲ་མེད་པར་ག་བ་ཡོང་གི་རེད། ལྷག་པར་ལས་མེད་སྤྱི་འཐུས་ཚོ་སྡུག་གྱོང་རེད།

  34. ཀརྡོ་རབ་འབྱམས་པ་ says:
    2016-11-30 at 1:06 am

    ཀྱེེ།
    བླ་མའི་སྐུ་སྲོག་སྲུངས་ཤིག་གནས་ཆུང་མཁྱེན། །
    བསྟན་འགྲོའི་བར་ཆད་སེལ་ཤིག་ཆོས་སྐྱོང་ཁྱེད། །
    བོད་དོན་བདེན་མཐའ་གསལ་ཞིག་གསལ་གཟིགས་ལྷ། །
    གཉིས་སྨན་དབུས་ལམ་སྒྲུབས་ཤིག་དྲེག་ལྷ་ཀྱེ། །
    ཀརྡོས།

  35. ཀརྡོ་རབ་འབྱམས་པ་ says:
    2016-11-30 at 11:32 am

    གནས་ཆུང་མཁྱེན།
    བློ་སྣ་ཆོས་ལ་འཇུག་པར་གནས་ཆུང་མཁྱེན། །
    ཆོས་བྱེད་ལམ་ལ་སོང་བར་གནས་ཆུང་མཁྱེན། །
    ལམ་ལ་བར་ཆད་མེད་པར་གནས་ཆུང་མཁྱེན། །
    ཉིན་མཚན་མེད་པར་གྲོགས་མཛོད་གནས་ཆུང་མཁྱེན། །
    ཀརྡོ་བསྟན་འཇམ་པས།

  36. ཏི་སི། says:
    2016-12-01 at 1:25 am

    ལྷ་སྲས་དར་མ། xx དྲྭ་ལམ་ནང་བསམ་ཚུལ་གང་བསམ་བྲིས་ཆོག་མོད་ཀྱང་། དེའི་རིགས་འདི་བསམ་ཚུལ་མ་ཡིན་གྱོད་བཙུགས་པ་ཡིན་པས་ཁ་ཁ་རོག་བསྡད་ན་དགའ་དེང་སུ་ཡིན་མིན་ནམ་མཁའ་ནས་རེ་རེ་བཞིན་དོ་བདག་ཧ་གོ་བཞིན་ཡོད་། གཟབ་ན་དགའ

  37. ཀརྡོ་རབ་འབྱམས་པ་ says:
    2016-12-01 at 9:47 am

    ལྷ་ཆེ་གནས་ཆུང་ཆོས་སྲུང་ཁྱོད། །
    ཧོར་སོག་བྷག་ཏའི་ཡུལ་ནས་དྲངས། །
    གནས་བཟང་བསམ་ཡས་ཀོར་བདག་བསྐོས། །
    མུ་ནི་པད་འབྱུང་གཉིས་ཀྱིས་དྲིན། །
    ་
    སྲུང་མ་ནག་མོ་དཔལ་ལྷ་མོ། །
    འབྲས་སྤུངས་དགེ་འདུན་གྲུབ་ཀྱིས་དྲིན། །
    སྲུང་མ་དམར་པོ་གནས་ཆུང་ཁྱོད། །
    རྒྱལ་མཆོག་ལྔ་པའི་རྙིང་ཆོས་དྲིན། །
    ་
    ཆོས་སྲིད་ཟུང་དུ་འབྲེལ་བ་དང་། །
    ལྷ་མོ་དམར་ནག་ཟུང་འབྲེལ་དུས། །
    བོད་ལྗོངས་བདེ་སྐྱིད་དཔལ་ལ་རོལ། །
    ད་ལྟའང་ཟུང་འབྲེལ་ཟུང་གྲོགས་མཛོད། །
    ཀརྡོས།

  38. BONPO says:
    2016-12-01 at 10:51 am

    པེ་ཧར་རྒྱལ་པོའི་སྐོར་ལ་མཁས་དབང་བསམ་གཏན་རྒྱལ་མཚན་མཆོག་གིས་ཞིབ་འཇུག་གནང་བ་ཞིག་ཁོང་གི་གསུང་རྩོམ་མདའ་དང་འཕང་གི་སྨད་ཆའི་ནང་དུ་འདུག །

  39. ཀརྡོ་རབ་འབྱམས་པ་ says:
    2016-12-01 at 11:50 am

    བསམ་ཡས་དཀར་ཆག་ལས།
    ་་་་་་ དེར་བསམ་ཡས་པ་ཐམས་ཅད་ཀྱིས་བླ་༼ རྭ་ལོ་ཙ་པ་ ༽ མའི་དྲུང་དུ་སྤྱི་ཞུས་བྱས། རྒྱལ་ཆེན་༼ གནས་ཆུང་ ༽ སྐུ་ལྔ་འདི་སྤྱིར་འཛམ་གླིང་ཡོངས་ཀྱི་སྲོག་བདག་དང་། བོད་ཁ་བ་ཅན་གྱི་སྲུང་མ། ཡང་སྒོས་ཆོས་འཁོར་ ༼ བསམ་ཡས་ ༽ ཆེན་པོ་འདིའི་དགྲ་ལྷ་ཐུན་མོང་མ་ཡིན་པ་ལགས་པས་དེ་ལྟར་མ་མཛད་པར་ཞུ་ཞུས་པས་། བླ་མའི་ཞལ་ནས། ཨོ་རྒྱན་ཆེན་པོས་གཙུག་ལག་ཁང་སྲུང་བ་ལ་བསྐོས་པ་ཡིན་ཏེ་། འོན་ཀྱང་་་་་་་་

  40. ཁ་ཞེ་གཉིས་མེད་ says:
    2016-12-01 at 12:44 pm

    བསྟན་སྲུང་དམར་ནག་གཉིས་ཞེས་རྩོད་མེད་ཡོངས་གྲགས་ཀྱི་བསྟན་སྲུང་ཡིན་པས་གསོལ་མཆོད་མེད་ཀྱང་ཁ་གཏོང་མི་ཉན།

  41. ཁ་བའི་ཡུལ་གྱར་བ། says:
    2016-12-04 at 9:27 am

    དེང་སང་སྐུ་སྒེར་ཚང་གིས་བོད་རྨོངས་པ་མགོ་འཐོམ་དེ་ཚོ་སླུ་ཁྲིད་བྱེད་
    ཆེད་ལགས་ཆ་གཙོ་བོ་་་གནས་ཆུང་ཆོས་སྐྱོང་ཆེ་པོའི་་་བཀའ་ལུང་འདི་ཆགས་ཡོད།

  42. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-12-04 at 9:35 am

    ཧཧཧཧ་་་་བསྟན་སྲུང་དམར་ནག་གཉིས་ཨེ། འགག་ལ་ཐུག་དུས་ག་སོང་ཆ་མེད་རེད། ང་དགུ་ལོའི་ནང་ཁ་ཚ་དགོས་གཏུགས་སྐབས་མི་མ་བྲོས་སྔོན་ནས་བྲོས་ཟིན་པ། ཁ་གཏོང་ཟེར་བའི་གཏམ་འདི་དེང་རབས་མི་ལ་འགྲོ་མ་རེད་གདའ། དངོས་ཡོད་དང་བདེན་པར་གང་ཡིན་ཤན་འབྱེད་དགོས་རེད། མི་ལྷོད་ལ་བབས་དུས་ལྷ་ཡིན་ཟེར་མཁན་འདི་ཚོ་ལ་འགྲུབ་རྒྱུ་མེད་པའི་འཇིག་བསྐུལ་ལུང་བསྟན་མང་པོ་འདི་་་་་ངོ་མ་མི་དགོས་རྒྱུ་རང་རེད། དེ་ལས་མིས་རྣམ་དཔྱོད་ལ་བལྟས་ནས་ལས་དོན་བསྒྲུབ་དགོས་རྒྱུ་གལ་ཆེ་དྲན།

  43. ཁ་བའི་ཡུལ་གྱར་བ། says:
    2016-12-04 at 9:36 am

    གནས་ཆུང་ཆོས་སྐྱོང་ཆེ་པོའི་བཀའ་ལུང་ཟེར་བའི་ལོང་བས་ལོང་བ་
    ཁྲིད། ལོང་བ་མཐའ་ནས་གཡུག་པའི་ལམ་སྲོལ་འདི་མི་རིང་རྩ་མེད་དུ་
    འགྲོ་ངེས་རེད་བསམ། གང་ཡིན་ཟེར་ན་དེང་སང་སྤྱི་ཚོགས་ནང་གནས་
    ཆུང་གི་བཀའ་ལུང་རེད་ཟེར་ཡོང་དུས་མི་ཕལ་ཆེ་བས་དགའ་མོས་བྱེད་
    ཀྱི་མི་འདུག དེའི་མ་ཚད་དེ་རྨོངས་དད་ཀྱི་སླུ་ཁྲིད་འོག་རྨོངས་པ་མགོ་སྐོར་གཏོང་བྱེད་ཀྱི་ལག་ཆ་ངན་པ་ཞིག་ལ་ཕལ་ཆེ་བས་ངོས་འཛིན་བྱེད་
    ཀྱི་འདུག

  44. ཁ་བའི་ཡུལ་གྱར་བ། says:
    2016-12-04 at 9:45 am

    ད་ངས་བསམ་ན་ཆོས་དང་ཆབ་སྲིད་ཟུང་འབྲེལ་མི་བྱེད་པར། འཇིག་
    རྟེན་མི་ཆོས་རིང་ལུགས་ཀྱི་ལས་དོན་འདི་དངོས་ཡོད་མི་ཡིས་བྱ་རན་
    རེད་འདུག དེ་མིན་བོད་ཀྱི་ཆབ་སྲིད་འདི་གཟུགས་མེད་་་འདྲེ་་ཞིག་གི་
    སྐྱོང་བསྡད་ན་མཐའ་མ་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་མེད་དུ་འགྲོ་
    རྒྱུ་ལས་གཞན་གང་ཡང་མེད། གནས་ཆུང་ཆོས་སྐྱོང་་ཟེར་བ་དེའི་
    བོད་རྒྱལ་ཁབ་སྐྱོང་མ་ཐུབ་པར་ད་ལྟ་མཐོང་བཞིན་པ་འདི་རེད།

  45. ཀརྡོ་རབ་འབྱམས་པ་ says:
    2016-12-04 at 10:57 am

    །༇། །བསྟན་སྲུང་དམར་ནག་མཁྱེེེན་ནོོོ། མཁྱེེ་ནོོ། མཁྱེན་ནོ།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme