Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།། རེབ་གོང་རྒད་པོ་སྤྲང་འཁྱམས་སྨྱོན་པ་ཞིག །ཆང་གིས་བཟི་ནས་འཆལ་གཏམ་གླུ་འདི་བླངས།།

Posted on 2012-09-01 By ཁ་བརྡ་ 8 Comments on ༄༅།། རེབ་གོང་རྒད་པོ་སྤྲང་འཁྱམས་སྨྱོན་པ་ཞིག །ཆང་གིས་བཟི་ནས་འཆལ་གཏམ་གླུ་འདི་བླངས།།

དགེ་བསྙེན་རིན་ཆེན་རྡོ་རྗེ།

རྒྱལ་ཀུན་གསང་གསུམ་གཅིག་བསྡུས་བློ་བཟང་གྲགས།།
སྙིང་གི་པདྨའི་ལྟེ་བར་རྟག་བཞུགས་ལ།།
དམིགས་མེད་ཐུགས་རྗེ་ཆེན་པོས་རྗེས་བཟུང་སྟེ།།
རང་གཞན་སྒོ་གསུམ་བྱིན་གྱིས་བརླབ་ཏུ་གསོལ།།
གང་གི་ལེགས་བཤད་འདབ་བརྒྱའི་ཟིལ་དངར་ལ།།
རིང་ནས་ཆགས་པའི་ཉམ་ཆུང་བུང་བ་ཞིག།
རྒྱལ་ཟླའི་ཡར་ཚེས་ཉི་ཤར་ཐུན་མཚམས་སྐབས།།
གློ་བུར་རྣམ་རྟོག་རྐྱེན་གྱིས་གླུ་འདི་བླངས།།
སྔོན་བསགས་བསོད་ནམས་མཐུ་ལས་རྟེན་བཟང་ཐོབ།།
པད་དཀར་ལྟར་བསྔགས་རྒྱལ་བའི་བསྟན་དང་མཇལ།།
གོང་དུ་བཀུར་ཞིང་རེ་དགོས་དཔོན་དང་བྲལ།།
བར་དུ་སྡེ་དགོན་ཡོན་བདག་ངོ་འཛིན་མེད།།
འོག་ན་སྐྱོང་དགོས་འཁོར་སློབ་ཉེ་དུས་དབེན།།
དགྲ་གཉེན་ཞེ་རྩིས་མེད་པའི་སྨྱོན་པར་གྱུར།།
དམ་ཆོས་སྒྲུབ་པའི་འགལ་རྐྱེན་གཡེང་བ་ཞི།།
མཐུན་རྐྱེན་རྟེན་འབྲེལ་འབད་མེད་ལྷུན་གྱིས་གྲུབ།།
འདི་འདྲ་ཚངས་པས་བཙལ་ཀྱང་རྙེད་དཀའ་སྙམ།།
ཨ་ལ་ལ་སྟེ་རྒད་པོ་སྐྱིད་པ་ལ།།

ཡང་དག་ལམ་བཟང་ལྟ་བའི་མིག་གཅིག་པུ།།
ཚད་མའི་གཞུང་དང་གྲུབ་མཐའ་ཀུན་ལ་སྦྱངས།།
ཁྱད་པར་གྲུབ་མཐའ་གདོང་ལྔའི་སྒྲ་དབྱངས་དང་།།
ཚད་མ་ཀུན་ལས་བཏུས་པ་རྒྱུན་སྐྱོར་བྱས།།
རྟག་ཆད་སྨྲ་བ་སེར་སྐྱ་རྒྱང་འཕེན་སོགས།།
ཕ་རོལ་གྲུབ་མཐའི་རྣམ་གྲངས་འདོད་ཚུལ་ཤེས།།
རང་གི་སྟོན་དང་བསྟན་པ་ཚད་མར་ངེས།།
རྐྱེན་ངན་རྣམ་བཞིས་མི་ལྡོག་དད་པ་ཐོབ།།
ཨ་ལ་ལ་སྟེ་རྒད་པོ་སྐྱིད་པ་ལ།།

ཁྱད་པར་བྱེ་མདོ་སེམས་ཙམ་དབུ་མ་པ།།
བཀའ་ཕྱག་ས་སྐྱ་རྙིང་མ་ཇོ་ནང་སོགས།།
རང་རང་ལྟ་སྒོམ་སྤྱོད་པའི་བཞེད་ཚུལ་དང་།།
དགོས་པ་དགོངས་གཞི་གདུལ་བྱ་འཁྲིད་ཚུལ་སོགས།།
སོ་སོར་ངེས་པས་དད་པ་ཐོབ་མོད་ཀྱང་།།
རྒྱལ་བའི་ལུང་བསྟན་ཀླུ་སྒྲུབ་ལུགས་བཟང་ཉིད།།
འཇམ་མགོན་བླ་མས་གསལ་བར་མཛད་པའི་ཚུལ།།
གཞི་ལམ་འབྲས་གསུམ་ཀུན་ལ་གསེར་ལྟ་བུ།།
འདི་ཉིད་ཁོ་ནར་བཟློག་མེད་དད་པ་སྐྱེས།།
བ་སྤུ་གཡོ་ཞིང་སྙིང་ནས་མཆི་མ་འཁྲུགས།།
ཚེ་རབས་ཀུན་ཏུ་འབྲལ་མེད་སྨོན་ལམ་བཏབ།།
དགེ་རྩ་མཐའ་དག་བསྟན་པ་རྒྱས་ཕྱིར་བསྔོས།།
དེ་ཡི་གེགས་ཆག་མ་ལུས་རང་སྟེང་དུ།།
ལེན་སྙམ་འདུན་པ་དུས་དྲུག་ཆག་མེད་བྱས།།
ཨ་ལ་ལ་སྟེ་རྒད་པོ་སྐྱིད་པ་ལ།།

བཅུ་བདུན་གཞི་ལས་བརྩམས་པའི་བླང་དོར་ཀུན།།
གསལ་བར་སྟོན་པ་བསྟན་པའི་ནང་མཛོད་མཆོག།
འདུལ་བའི་མདོ་དང་བསྟན་བཅོས་ཀུན་ལ་སྦྱངས།།
ཁྱད་པར་རིན་འཕྲེང་ཉི་མའི་འོད་ཟེར་གཉིས།།
གནད་དུ་བཟུང་ནས་རྒྱུན་དུ་ཞིབ་མཇལ་བྱས།།
རྒྱལ་སྲས་རྡོ་རྗེ་འཆང་ལས་བསྙེན་པ་རྫོགས།།
ལོ་བདུན་ལྷག་ཙམ་ཅི་ནུས་དག་པར་བསྲུངས།།
དེ་ནས་བདུད་དབང་བློ་མང་འཆར་སྒོ་ལ།།
ཁྱད་གསོད་ལྡན་ན་ཉེས་བྱས་ཕྲ་མོས་ཀྱང་།།
མནར་མེད་མི་ལྟུང་ན་ཡང་ཡང་སོས་དང་།།
ཉེས་བྱས་རེས་ཀྱང་སྔགས་ཀྱི་རྩ་ལྟུང་སོགས།།
སྐྱེད་ན་རང་ཉིད་དྲན་ཤེས་མཐུ་ཆུང་བས།།
ཁེ་ལས་ཉེན་མང་སྙམ་དུ་རང་འཇིགས་ཤིང་།།
དེ་བཞིན་རྐྱེན་ངན་འགས་ཀྱང་གྲོགས་བྱས་པས།།
བསླབ་གཞི་གོང་མའི་སྐལ་བ་དམན་གྱུར་ཀྱང་།།
དགོས་པ་གསུམ་ལྡན་འབུལ་ཆོག་ཡང་དག་བྱས།།
རང་རྒྱུད་ཕམ་ལྷག་ལྟུང་བའི་གོས་པ་མེད།།
ཚུལ་ཁྲིམས་འཆལ་བར་མ་སོང་ཞེ་བློ་གཙང་།།
འཁོར་རྣམ་བཞི་ལས་དགེ་བསྙེན་རྟེན་དུ་གྱུར།།
འོན་ཀྱང་རྙེད་བཀུར་ཆེད་དུ་གཡོ་སྒྱུ་ཡིས།།
གཞན་མགོ་བསྐོར་ཞིང་མིག་སྔར་མཛེས་པའི་ཕྱིར།།
སྟོན་པའི་ན་བཟའ་ཁྱད་གསོད་ངས་མ་བྱས།།
ལྷ་མཐོང་འདྲེ་རིག་རྫུན་ཆེན་སྣ་ཚོགས་ཀྱིས།།
མ་གྲུབ་གྲུབ་རྫུ་མང་བོ་ངས་མ་ནུས།།
ཕྱི་མར་ངོ་གནོངས་མེད་པ་གལ་ཆེ་སྙམ།།
ཚེ་འདིར་ཀུན་གྱིས་འཕྱ་སྨོད་གནས་ཡིན་ཀྱང་།།
ཁྱིམ་པ་སྐྱ་བོའི་ལམ་ལ་དྲང་བོར་བརྟེན།།
འདི་ཡང་འཇམ་མགོན་བླ་མའི་གཞུང་བཟང་དྲིན།།
རང་བཞིན་རྗེན་པར་བསྟན་ཀྱང་བློ་ཆུང་འགས།།
ཐབས་མེད་བསྙེན་བཀུར་བྱེད་ཙམ་བདག་གིར་བྱས།།
མ་བྱས་ཉེས་བྱས་འདི་ལ་ངོ་གནོང་མེད།།
སྔགས་དང་བྱང་སེམས་བསྲུང་བྱ་ཆེསདཀའ་མོད།།
མི་ཤེས་དུས་ནས་དབང་གྲྭར་བསྡད་ཟིན་པས།།
ཐབས་མེད་ནུས་ཚོད་ཅིས་ཀྱང་འབད་དགོས་བྱུང་།།
འོན་ཀྱང་འདུལ་བའི་གནས་ལ་རང་དད་པས།།
ཕ་ཡི་སོ་ཐར་བམ་པོ་གཉིས་པ་དང་།།
འདུལ་བ་མདོ་རྩ་བམ་པོ་དགུ་བ་གཉིས།།
རྒྱན་འདོན་བྱས་ཤིང་སྨོན་ལམ་ཡང་ཡང་བཏབ།།
ཕྱི་མར་ཚངས་སྤྱོད་རྟེན་འབྲེལ་ལོག་སྙམ་མེད།།
ཨ་ལ་ལ་སྟེ་རྒད་པོ་སྐྱིད་པ་ལ།།

གཞི་ལྔའི་རང་སྤྱིའི་མཚན་ཉིད་ཁྱད་པར་དུ།།
བདེན་བཞིའི་འཇུག་ལྡོག་ཇི་བཞིན་གསལ་མཛད་པའི།།
མངོན་པ་གོང་འོག་རྩ་འགྲེལ་རྒྱ་བོད་གཞུང་།།
ཀུན་ལ་བལྟས་ཤིང་མཛོད་རྩ་རྒྱུན་འདོན་ངོས།།
ཊིཀ་ཆེན་ཐུབ་བསྟན་ནོར་བུའི་བང་མཛོད་དང་།།
ལེགས་བཤད་ཉིན་བྱེད་སྣང་བ་རྒྱུན་དུ་བསྟེན།།
རྫུན་དང་ལོག་འཚོས་མ་སྦགས་འཚོ་བ་དག།།
ལས་འབྲས་ཡིད་ཆེས་བརྟན་པས་ལྟ་བ་དག།།
ཨ་ལ་ལ་སྟེ་རྒད་པོ་སྐྱིད་པ་ལ།།

དུས་གསུམ་རྒྱལ་བ་སྐྱེད་མཛད་ཡུམ་མཆོག་གི།།
སྦས་དོན་གསལ་བྱེད་བསྟན་བཅོས་མངོན་རྟོགས་རྒྱན།།
གཞིར་བཟུང་མདོ་སྡེའི་རྒྱན་དང་རྒྱུད་བླ་མ།།
བསླབ་བཏུས་སྤྱོད་འཇུག་བྱང་ས་ས་སྡེ་སོགས།།
རྒྱ་ཆེའི་ལམ་སྟོན་རྩ་འགྲེལ་གཞུང་ཀུན་སྦྱངས།།
རྒྱལ་བ་སྲས་བཅས་གསང་གསུམ་ཡོན་ཏན་ཚོགས།།
བསམ་མི་ཁྱབ་ལ་དད་པ་རྣམ་གསུམ་བསྐྱེད།།
ཁྱད་པར་མངོན་རྒྱན་རྩ་འགྲེལ་རྒྱུན་སྐྱོར་ངོས།།
སྙིང་བོའི་རྒྱན་དང་ཐེག་ཆེན་སྒོ་འབྱེད་གཉིས།།
ཞྭ་ལྟར་བསྟེན་པས་བྱང་ཆུབ་ལམ་རིམ་ལྟར།།
མཁྱེན་གསུམ་རྣམ་པ་བརྒྱ་དང་དོན་གསུམ་ཀུན།།
གདན་ཐོག་གཅིག་ཏུ་ཉམས་སུ་ལེན་ཚུལ་རིག།།
ཨ་ལ་ལ་སྟེ་རྒད་པོ་སྐྱིད་པ་ལ།།

ཁྱད་པར་ཡུམ་གྱི་དངོས་བསྟན་གསབ་མོའི་དོན།།
ཇི་བཞིན་གསལ་བྱེད་རྩ་ཤེས་རིན་འཕྲེང་སོགས།།
རིགས་ཚོགས་རྣམས་དང་དབུ་མ་བཞི་བརྒྱ་བ།།
འཇུག་པ་རྩ་འགྲེལ་ལ་སོགས་རྒྱ་བོད་ཀྱི།།
གཞུང་དང་ཡིག་ཆ་ཀུན་ལ་ཞིབ་ཏུ་བལྟས།།
རྩ་འཇུག་གཉིས་དང་ལེགས་བཤད་སྙིང་བོ་གསུམ།།
རྒྱུན་སྐྱོར་ངོས་ནས་དགོངས་པ་རབ་གསལ་དང་།།
སྐལ་བཟང་མིག་འབྱེད་རིགས་པའི་རྒྱ་མཆོ་རྣམས།།
སྲོག་ལྟར་བསྟེན་པས་ཕྱི་ནང་རྟེན་འབྲེལ་ཀུན།།
སྣང་ཙམ་ཉིད་ལས་བདེན་པར་མ་དམིགས་ཀྱང་།།
རྒྱུ་འབྲས་བསླུ་མེད་ངང་ཚུལ་ཡིད་ཆེས་སྐྱེས།།
མ་འོངས་གནས་ལུགས་རྟོགས་པའི་བག་ཆགས་བཞག
ཨ་ལ་ལ་སྟེ་རྒད་པོ་སྐྱིད་པ་ལ།།

མཚན་ཙམ་རྙེད་པར་དཀའ་ལ་དོ་ཆེ་བའི།།
གསང་སྔགས་དབང་གི་རྒྱལ་བོ་ལྟར་མཐོང་ནས།།
ཕ་རྒྱུད་གཞི་འཛིན་ལེའུ་བཅོ་བརྒྱད་པ།།
དེ་བཞིན་མ་རྒྱུད་སྙིང་བོ་ང་གཅིག་པ།།
གཤིན་རྗེའི་རྟོག་པ་བདུན་དང་རྟོག་པ་གསུམ།།
དཔལ་ལྡན་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་རྣམས།།
རྒྱུན་སྐྱོར་ངང་ནས་རང་རང་འགྲེལ་བ་དང་།།
བསྐྱེད་རྫོགས་མན་ངག་ཡིག་ཆུང་ཚུན་ལ་སྦྱངས།།
འོན་ཀྱང་བདག་བློ་ཉམ་ཆུང་རྩོལ་བ་ཕྲ།།
གསང་སྔགས་ཟབ་གསང་ཆེས་ཆེར་རྟོགས་དཀའ་བས།།
དད་པ་ཙམ་ལས་སྙིང་བོ་གཞན་ལྟ་ཅི།།
བསྙེན་སྒྲུབ་བཟླས་བརྗོད་ཙམ་ཡང་མ་ནུས་མོད།།
སླུ་མེད་རྡོ་རྗེ་གང་གིས་ལན་དུ་མར།།
མ་བསྒོམས་གྱུར་ཀྱང་ལྟུང་བས་དག་གྱུར་ན།།
བདུན་ནམ་བཅུ་དྲུག་ཚུན་ལ་འགྲུབ་པར་གསུངས།།
བསྒོམས་ཏེ་ཐུན་མོང་དངོས་གྲུབ་ཐོབ་ན་ཡང་།།
ལྟུང་བ་ལྡན་ན་རྡོ་རྗེའི་དམྱལ་བར་གསུངས།།
དེ་ཕྱིར་མི་ནུས་མང་པོའི་ཁས་ལེན་མེད།།
རང་ཚོད་ཁས་བླངས་སྡོམ་གསུམ་འབད་དེ་བསྲུངས།།
ཆོས་འབྲེལ་ཚིགས་གཅིག་ཐོབ་པ་ཡན་ཆད་ལ།།
མཚན་ནས་སྨྲོས་པའི་གསོལ་འདེབས་ཤུགས་དྲག་རེ།།
གཞོན་ནུ་དུས་ནས་མ་ཆག་དད་གུས་སྦྱངས།།
རྒྱུན་དུ་བསྔོ་བགྲང་བླ་མའི་རྣལ་འབྱོར་ལ།།
བརྩོན་ཞིང་ཉེས་ལྟུང་གང་བྱུང་ཉིན་རེ་བཞིན།།
དག་བྱེད་སྟོབས་བཞི་གསོ་བྱེད་དབང་བཞི་བསྟེན།།
ཡི་དམ་ཆོས་སྲུང་རྣམ་གྲངས་མང་པོ་མེད།།
ལམ་བཟང་གཅིག་ཆོག་རྒྱལ་བོ་འདི་ལ་རེ།།
རྒད་པོ་སྨྱོན་པས་མདུན་མ་འབྲིང་ཙམ་སྙམ།།
ཨ་ལ་ལ་སྟེ་རྒད་པོ་སྐྱིད་པ་ལ།།

ད་ནི་ཚེ་སྨད་གང་དུ་འཁྱམས་དགོས་ཀྱང་།།
འཇམ་མགོན་བླ་མ་སྙིང་ལ་བཅངས་ནས་འགྲོ།།
གཞུང་ཆེན་བཅོ་བརྒྱད་ལག་རྟེན་བྱས་ནས་འགྲོ།།
རྙེད་བཀུར་འཁོར་སློབ་མང་པོའི་རེ་བ་མེད།།
ཆེ་ཚུགས་བཙུན་ཚུགས་ཉམས་ཀྱི་དགོས་པ་མེད།།
སྐྱིད་ཀྱང་མི་རློམ་འཇམ་མགོན་ཁྱོད་ཀྱི་དྲིན།།
སྡུག་ཀྱང་མི་ཞུམ་རང་གིས་བྱས་པའི་ལས།།
ཇི་ལྟར་ཟེར་ཀྱང་ལུང་སྟོང་བྲག་ཆར་ཤེས།།
ལམ་ཟན་སློང་དགོས་བྱུང་ཡང་སྙིང་ཁོང་སྐྱིད།།
འགྱོད་པ་མེད་དོ་ད་ནི་འཆི་བར་སྒུག།།
ཨ་ལ་ལ་སྟེ་རྒད་པོ་སྐྱིད་པ་ལ།།

སྒོམ་དང་རྟོགས་པའི་ཡོན་ཏན་བདག་ལ་མེད།།
རང་ཚོད་སྐྱོར་སྦྱངས་དཔེ་བལྟས་ཕྲན་བུ་ཙམ།།
བྱས་པའི་དགེ་རྩ་འཕེལ་ཕྱིར་གླུ་འདི་བླངས།།
ང་རྒྱལ་དྲེགས་འདོད་བསམ་པ་བདག་ལ་མེད།།
ཕྲག་དོག་མེད་ཅིང་གཟུར་གནས་མཁས་རྣམས་ལ།།
བྱིས་ཆུང་རྩེད་དགོད་ཤེས་ལ་ཕ་མ་བཞིན།།
བརྩེ་ཞིང་དགའ་བ་སྐྱེད་པའི་མཆོད་པར་འབུལ།།
ཕྲག་དོག་ལྡན་ནམ་མི་མཁས་སྐྱེ་དགུ་ལ།།
སྙིང་ནས་བཞད་གད་བྱེད་པའི་རྟེན་དུ་འབུལ།།
ཨ་ལ་ལ་ཧོ་ཅི་བདེར་རོལ་བར་མཛོད།

སྨྲས་པ།

ཐུགས་རྗེའི་གཏེར་ཆེན་འཇམ་མགོན་བླ་མ་ལ།།
བཀའ་དྲིན་དྲན་པས་སླར་ཡང་ཕྱག་བགྱིའོ།།
ཁྱོད་བསྟན་གསེར་གྱི་རི་ལ་གནས་བཅས་པའི།།
ཁྱིམ་གནས་བདག་ཀྱང་དགའ་བདེ་འདི་འདྲ་ཞིང་།།
ཆོས་དང་གང་ཟག་གཞན་ལ་མི་སྨོན་ན།།
བསྟན་འདིར་ཞུགས་པའི་ཚུལ་མཐུན་སྐལ་བཟང་དག།
འདུན་མ་དགུང་ལ་རེག་པ་སྨོས་ཀྱང་ཅི།།
དེའི་ཕྱིར་ནོར་བུའི་རང་ངོ་མཁྱེན་པར་མཛོད།།

ཐལ་མོ་སྦྱར།

དབེན་པའི་གནས་མཆོག་བཀྲ་ཤིས་རྩེ་ནས་སོ།། །།

འཕྲིན་ཡིག

Post navigation

Previous Post: བོད་མི་འཛིན་བཟུང་གི་གནས་ཚུལ།
Next Post: ༄༅། །རྒད་པོ་ཆང་བཟི་དྭངས་ནས་བསམ་བློ་ཐོང་།། རང་སྐྱོན་མཐོང་བས་ཡི་མུག་འདི་ལྟར་ཤོར།།

Comments (8) on “༄༅།། རེབ་གོང་རྒད་པོ་སྤྲང་འཁྱམས་སྨྱོན་པ་ཞིག །ཆང་གིས་བཟི་ནས་འཆལ་གཏམ་གླུ་འདི་བླངས།།”

  1. མིག་བརྒྱད་པ། says:
    2012-09-01 at 8:40 am

    ཆོས་ཀྱི་སྤྱན་ལྡན་དགེ་བསྙེན་རྡོ་རྗེ་ནས།།
    ཆོས་མང་ཐོས་པའི་རྒྱ་མཚོ་ལེགས་སོན་པས།།
    ཆོས་ཀྱི་སྙིང་པོ་མདོ་སྔགས་ཟུང་འབྲེལ་ལ།།
    ཆོས་ཀྱི་རྟོགས་པ་རང་མྱོང་རང་རྣམ་བྲིས།།

  2. རིག་པའི་བུ says:
    2012-09-01 at 9:42 am

    བློ་བཟང་གྲགས་ལ་རྒྱལ་བ་ཀུན་གྱི་གསང་གསུམ་གཅིག་འདུས་སུ་རེད་ལབ་ཀྱི་འདུག རང་སྣང་གང་དྲན་ཁོ་ནའི་གླུ་རེད།

  3. རླངས་སྔགས says:
    2012-09-01 at 12:33 pm

    རེབ་གོང་ན་ཆང་ཐུང་ནས་ཆོས་གསུངས་མཁན་དང་། རྒྱོ་བརྒྱབ་ནས་གྲུབ་པ་བརྙེས་པ་མང་ཟེར་། ཨ་ལ་ཀུ་རེ་ཡིན། སྤྱིར་བཤད་ན་འདོད་པ་བཙན་གྱིས་བཀག་པའི་འདུལ་རློམ་པ་དང་། འདོད་ཆགས་ལམ་དུ་རློམ་པའི་སྔགས་སྤྱོད་རེ་འགའ་ལས་འདི་ཚོའི་གྲལ་ན་སྒྱུ་མ་འོད་གསལ་ཆེན་པོའི་གྲོང་ཁྱེར་ན་བསྐྱེད་རྫོགས་ཀྱི་ངལ་གསོ་བཞིན་གནས་ལུགས་ལ་ཕ་ཕོག་ཐོབ་པའི་དགེ་བསྙེན་ཤིན་ཏུ་མང་བ་གོར་མ་ཆགས་སོ།

  4. བཀྲིས། says:
    2012-09-01 at 1:09 pm

    རང་གི་རྟོགས་པ་གླུ་རུ་ལེན་པ་འདི་སྙན་ངག་གཞན་དཔེར་ན་བསྟོད་པ་དང་རྟོག་གེ་བའི་རྩོམ་ལས་ལེགས་པར་བསམས། གཅིག་ནས་རང་གི་ཡིད་ལ་མི་བརྗེད་པའི་ཟིན་བྲིས་ཐོབ་པ་དང་། གཉིས་ནས་རང་དང་བསྐལ་བ་མཉམ་པའི་གྲོགས་གཞན་ལ་བློའི་སྒོ་འདུ་མ་འབྱེད་པར་གྲོགས་བྱེད། ལྷག་པར་དུ་ཆོས་ལ་སློབ་སྦྱོང་བྱེད་མཁན་རྣམས་ལ་གཞུང་གང་ལ་སློབ་དགོས་མིན་དང་། གཞུང་དེ་དག་གི་ཁྱད་ཆོས་རྟོགས་པར་ཕན་པ་ཆེ། དཔེར་ན། རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་རྟོགས་བརྗོད་མདུན་ལེགས་མ་ལྟ་བུ་ཐོས་བསམ་བྱེད་མཁན་ལ་སངས་རྒྱས་དངོས་འབྱོན་པ་ནང་བཞིན་གདམས་ངག་བསྟེར་བར་བྱེད།

    རེ་བར། རྒན་ཁྱེད་ཀྱིས། རང་གི་ཉམས་མྱོང་བརྒྱུད། ང་ལ་གཞུང་དེ་དག་ལས་ཉིན་རེའི་འཚོ་བ་དང་ཀུན་སྤྱོད་ནང་ལ་ཕན་ནུས་ཆེ་ཤོས་གང་ཡིན་མིན་གྱི་བསླབ་བྱ་འབྲི་ཐུབ་ན་ངེད་ཚོར་གསར་སློབ་རྣམས་ལ་ཕན་པ་ཆེ་བས། དགོངས་པར་མངའ་བ་ཞུ།

  5. མིང་མེད་རྡོ་རྗེ་ says:
    2012-09-01 at 1:44 pm

    དགེ་བསྙེན་རིན་ཆེན་རྡོ་རྗེ་དང་། །
    ཀརྡོ་དགེ་བསྙེན་རྡོ་རྗེ་གཉིས། །
    སྤྱན་བརྒྱད་པ་ཡིས་ནོར་སྲིད་དེ། །
    ད་ལྟ་མིང་མེད་རྡོ་རྗེ་ང་། །

    སྤྲུལ་གཞི་གཅིག་ལ་སྤྲུལ་མིང་མང་། །
    ཀུ་རེ་དང་བཅས་མིག་བརྒྱད་ལགས། །
    མ་ཡིན་ཡིན་མདོག་བྱེད་འདོད་མེད། །
    གསལ་བཤད་འདི་ལ་སྤྱན་ཟུར་གཟིགས། །

  6. མིག་བརྒྱད་པ། says:
    2012-09-01 at 6:20 pm

    སྐུ་ལུས་གཅིག་ལ་བཀོད་པ་བརྒྱ།།
    དགེ་བསྙེན་ཁྱོད་ལ་ཕྱག་འཚལ་ལོ།།
    ཆང་གིས་བཟི་བའི་དགེ་བསྙེན་ལ།།
    གདོང་བཞིའི་གདོང་གི་མིག་བརྒྱད་འཁྲུལ།།

  7. མིང་མེད་རྡོ་རྗེ་ says:
    2012-09-02 at 3:19 am

    ངའི་མིང་དངོས་ནི།

    ཀརྡོའི་མཉམ་དུ་རབ་འབྱམས་དང་། །
    རྡོ་རྗེའི་སྔོན་གྱི་དགེ་བསྙེན་འདིས། །
    རང་ལ་མི་བདེ་འདྲེན་པའི་ཕྱིར། །
    སྨྱུག་མིང་མིང་མེད་རྡོ་རྗེར་ཆགས། །

    བདག་གིས་མིང་མང་བྲིས་ན་ཡང་། །
    བྲིས་ནས་རང་བསྟོད་གཞན་སྨོད་སོགས། །
    ལས་ལ་མ་འཇུག་འབྲས་བུ་ཡིས། །
    ཁ་བརྡས་མ་བཀག་བཀའ་དྲིན་ཆེ། །

    ཀརྨ་རྡོ་རྗེ་ཡིན་ལགས།

  8. མིག་བརྒྱད་པ། says:
    2012-09-02 at 7:46 am

    ཤར་རེབ་གོང་གསེར་མོ་ལྗོངས་དེ་ན།།
    གོས་ལྕང་ལོ་ཅན་གྱི་སྔགས་འཆང་མང་།།
    དོན་གོ་བ་ཅན་གྱི་རྟོགས་ལྡན་མང་།།
    བོད་མི་རིགས་ལ་རྒྱ་ཅན་པོ་མང་།།
    ཞིང་དེ་ན་མེད་པ་གཅིག་ཀྱང་མེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme