Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།། བཀའ་ཤག་གི་བཟང་སྤྱོད་སྲུང་སྐྱོབ་ཞུ་དགོས།

Posted on 2018-01-052018-01-05 By ཁ་བརྡ 44 Comments on ༄༅།། བཀའ་ཤག་གི་བཟང་སྤྱོད་སྲུང་སྐྱོབ་ཞུ་དགོས།

སྤྱི་འཐུས་བློ་བཟང་ཆོས་འབྱོར།

 

ཐོག་མར་ངས་མི་མང་ལ་དགོངས་དག་ཞུ་རྒྱུ་ཡིན། ད་ལྟ་ང་ལ་སྤྱི་འཐུས་ཀྱི་མཚན་གནས་ཤིག་ཡོད་ཀྱང་། བཅའ་ཁྲིམས་དང་སྒྲིག་གཞིའི་དགོངས་དོན་ལྟར་རང་འགན་སྒྲུབ་ཐུབ་ཀྱི་མེད་པའི་གནས་སྟངས་འདིར་དགོངས་དག་ཞུ་རྒྱུ་ཡིན། དབུས་བོད་མིའི་སྒྲིག་འཛུགས་འདི་བཞིན་ཁྲིམས་ཀྱི་དབང་བསྒྱུར་ཚད་ལྡན་དུ་༸གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་སྲོག་ཤིང་གནང་བའི་དབུ་ཁྲིད་གོང་མ་རྣམས་ཀྱིས་བསྒྱུར་ཡོད་པ་མ་ཟད། ཀ་བ་གསུམ་དང་སྒོས་སུ་གྲོས་ཚོགས་དང་བཀའ་ཤག་གཉིས་ཀའི་འགན་དབང་ས་མཚམས་དང་། བཀའ་ཤག་གིས་གྲོས་ཚོགས་ལ་ལན་འདེབས། སྙན་ཞུ། གསལ་བཤད་ཀྱིས་མཚོན་ཐུགས་འགན་ཅི་ལྟར་བཞེས་དགོས་མིན་དང་། དེ་བཞིན་གྲོས་ཚོགས་ནས་ཀྱང་བཀའ་ཤག་ལ་ལམ་སྟོན། སྟངས་འཛིན། དྲི་འདེད་ཅི་ལྟར་གནང་དགོས་མིན་བཅས་བཅའ་ཁྲིམས་རིན་པོ་ཆེ་དང་། ”བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་མིན་”བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་’’སོགས་སུ་ཧ་ཅང་ཞལ་གསལ་པོ། ལག་ལེན་དུ་བསྟར་ཆོག་ཆོག་ཅིག་གཏན་འབེབས་གནང་ཡོད་ནའང་། ཐེངས་འདིར་བཀའ་ཤག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པའི་མཚན་གནས་ཡོད་མཁན་ཞིག་ལ་དྲང་པོ་མིན་པའི་ཐག་གཅོད་འཛེམ་སོན་མེད་པར་ལག་བསྟར་གྱིས། ཚོགས་གཅོ་ཟུར་པ་དེ་ཉིད་དེ་སྔར་གུས་ནས་ཐོག་མར་སྲིད་ཚབ་ཀྱི་གསར་འགོད་གསལ་བསྒྲགས་ལ་སྡོམ་རྒྱབ་ནས་ཞུས་པ་བཞིན་སྐུ་ཚེ་ཧྲིལ་བོ་ནག་པོ་བཟོ་གང་ཐུབ་བྱས་སོང་པས། མི་མང་ནང་སྔར་བྱུང་མྱོང་མེད་པའི་དབུས་བོད་མིའི་སྒྲིག་འཛུགས་ལ་ཡིད་ཆེས་བརླག་པའི་ཚད་གཞིར་ཉན་ལྟ་མི་ཕོད་པའི་གནས་སུ་འགྱུར་བཞིན་པ་མ་ཟད། བོད་ནང་དུའང་ཤེས་ལྡན་པ་མང་དག་ཅིག་གི་རེ་བ་བརླག་པའི་གནས་ཚུལ་གོ་རྒྱུ་འདུག་པ་འདི་དག་ནི་བོད་སྤྱི་དོན་ལ་གནོད་གཞིར་གྱུར་ཡོད་པ་གསལ་པོ་རེད་ལ། བོད་མིའི་གཏམ་དཔེར། ཆུ་འགྲོ་མཁན་དང་ཟམ་པ་སྡོད་མཁན་ཟེར་པ་བཞིན། བཅའ་ཁྲིམས་རིན་པོ་ཆེ་ལེའུ་གསུམ་པ་”སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་ལམ་སྟོན་’’དུ་གསལ་བ་ལྟར་ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་བརྟན་པོར་གནས་དགོས་སྟབས། ཀ་བ་གསུམ་གྱི་མཛད་གཙོ་སུ་རུང་གིས་”སྒེར་དོན་ཕུགས་སྒྲུབ་’’དང་ ”སྒེར་ནད་སྤྱི་སྤུངས་’’ཀྱིས་ཁྲིམས་ཐོག་ནས་གནང་བའི་སྐུ་དབང་ལོག་སྤྱོད་བྱས་པ་ཡིན་ན་སྤྱི་བའི་སྒྲིག་འཛུགས་སྲ་བརྟན་ལ་ཉེན་ཁ་འབྱུང་རྒྱུ་ཡིན་པ་བཤད་མ་དགོས་ཀྱང་། བཀའ་ཤག་སྐབས ༡༥ པས་དེ་ལྟའི་རྣམ་པ་གསལ་པོ་ཐོན་པའི་བྱེད་བབ་ཀྱིས་སྤྱི་ཚོགས་ཁྱོན་ཡོངས་ལྷིང་འཇགས་མེད་པ་བཟོས་ཟིན་པ་ཧ་ཅང་བློ་ཕམ་གྱི་གནས་སུ་ཆེ། རང་ཉིད་ལ་སྤྱི་འཐུས་ཀྱི་ལས་འགན་ཞིག་ཡོད་པའི་ཆ་ནས་ད་བར་བཟང་ཕྱོགས་དང་ཆེ་ས་ནས་རེ་བ་རྒྱབ་སྟེ་སྟངས་འཛིན་དང་ཐེར་འདོན་གང་ཡང་བྱས་མེད་པས། མི་མང་གཟུར་གནས་ཤེས་ལྡན་དོ་སྣང་ཅན་རྣམས་ལ་སྙིང་ནས་དགོངས་དག་ཞུ་རྒྱུ་ཡིན།

སྤྱིར་བཏང་མི་མང་ནང་བཀའ་ཤག་གི་གནང་སྟངས་ལ་འདོད་བློ་མ་ཁེངས་པའི་ཞི་རྒོལ་ག་ས་གང་དུ་བྱུང་སྟེ། སྲིད་སྐྱོང་གནམ་ཐང་ནས་ལྐོག་བྲོས་གནང་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཞིབ་འཇུག་ཚོགས་ཆུང་ཞིག་འཛུགས་དགོས་པའི་རེ་འདུན་འདོན་བཞིན་པའི་གནས་ཚུལ་ལ་མ་ལྟོས་པར། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་སྤྱི་དང་། ལྷག་པར་༧གོང་ས་ཆེན་པོས་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་མི་མང་ལ་གསོལ་བསྩལ་གྱིས་སྐད་གྲགས་ཅན་གྱི་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ ་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་སྔར་ལས་ཀ་བ་གསུམ་གྱི་ཁྲོད་ཐུགས་འགན་ལྕི་ཤོས་དང་སྐུ་དབང་ཆེས་ཆེ་ཤོས་ཆགས་ཡོད་ལ། ༧གོང་ས་ཆེན་པོའི་རྒྱལ་སྲིད་སྐུ་དབང་བཅའ་ཁྲིམས་རིན་པོ་ཆེ་ལས་ཕྱིར་བསྡུ་དང་ཀ་བ་གསུམ་ལ་ཆ་བགོས་བྱས་པའི་ནང་མང་ཆེ་བ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་གནང་ཡོད་པས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ད་ལྟའི་ཁྲིམས་སྒྲིག་གི་འགྲོ་སྲོལ་འདི་ཉིད་ནི་རང་རེའི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྙིང་བོར་གྱུར་ཡོད་ལ། དབུས་བོད་མིའི་སྒྲིག་འཛུགས་སམ་དེའི་བཅའ་ཁྲིམས་རིན་པོ་ཆེ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྙིང་པོའམ་གཙོ་བོར་གྱུར་བའི་འཛམ་གླིང་ནང་མང་གཙོའི་སྒྲིག་འཛུགས་ཆེ་ཁག་གི་བཟང་ཆ་ཕྱོགས་གཅིག་ཏུ་བསྡུས་པའི་ཐུན་མོང་མ་ཡིན་པའི་གཞུང་ངམ་སྒྲིག་འཛུགས་ཤིག་ཡིན་པ་ངེས་པར་དུ་མཁྱེན་དགོས་ལ། ཚུལ་འདི་རྣམས་ལ་བསམ་བློ་གཏོང་སྐབས། གོང་དུ་ཞུས་པ་བཞིན། མི་མང་གིས་རེ་འདུན་གནང་མིན་ལ་མ་ལྟོས་པར། སྤྱི་འཐུས་ལྷན་ཚོགས་དང་ཡང་ན་དེའི་རྒྱུན་ལས་ནས་ཐད་ཀར་བཀའ་ཤག་སྐོང་འགུག་གིས་ཉན་ཞིབ་བྱེད་པ། དཔེར་ན་ད་ཐེངས་ཀྱི་གནད་དོན་འདི་ལྟ་བུར་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་དོན་གཅོད་ལས་མཚམས་འཇོག་རྒྱུའི་ཐག་གཅོད་ངང་འཐེན་གནང་བ་སོགས་ཅི་འགབ་གནང་ཆོག་པ། གནང་དགོས་པའི་ཁྲིམས་ཀྱི་ལམ་སྟོན་དང་ཐུགས་འགན་གཉིས་ཀ་ཡོད་ཀྱང་། དེའི་ལམ་དུ་ཕེབས་མ་ཐུབ་པར་བསམས་ཚེ་བདག་ནི་ངོ་ཚ་ཞིང་ཞེ་འདར་ཏེ་འདུག་བཟོད་ཀྱང་མི་བདེ་བའི་ཚོར་བ་ཐེངས་མང་བྱུང་བས། མི་མང་གི་མདུན་དུ་དགོངས་སེལ་ཞུ་རུ་བཅར་དགོས་དོན་གཙོ་བོ་དེ་ཡིན།

ཉེ་སྔོན་སྲིད་ཚབ་ཀརྨ་དགེ་ལེགས་ནས་གསར་འགོད་ལྷན་ཚོགས་བསྡུ་སྐོང་བྱས་པའི་གནས་བབ་ལ་བལྟས་རྗེས། ཕྲན་ནས་བརྙན་ལམ་དུ་བསམ་ཚུལ་ཞུས་ཟིན་པ་དང་། དེའི་རྗེས་བཀའ་ཤག་གི་དོན་ཚན་ ༡༠ ་དང་དེའི་ངག་ཐོག་གི་འགྲེལ་བཤད། དེ་བཞིན་ཚོགས་གཙོ་ཟུར་པའི་གསལ་བཤད་ལན་འདེབས་བཅས་ལ་ཞིབ་ཏུ་བལྟས་པས། དཔལ་ལྡན་བཀའ་ཤག་གང་དུའང་ཡིབ་ས་མི་འགྲོ་བ་ཞིག་བཟོས་ཟིན་པ། བཙན་བྱོལ་བོད་མིའི་ཁྲོད་ཀྱི་ཤེས་ལྡན་པ་བརྒྱ་ཆ་དགུ་བཅུ་གོ་གྲངས་ཀྱི་བསམ་ཚུལ་གཅིག་མཐུན་བྱུང་འདུག་ཅེས་ཚིག་ཐག་བཅད་དེ་ལབ་ཆོག་པ་ཙམ་མིན་པར། མི་མང་གིས་ཀྱང་དཔལ་ལྡན་བཀའ་ཤག་ལ་སྔར་ལས་”ཕྱི་རྫིག་ནང་སྟོང་”དང་’’གཟི་བརྗིད་ཁོག་སྟོང་’’ཞེས་པའི་ཚིག་འདི་སྦྱོར་རྒྱུ་ཇེ་མང་དུ་ཕྱིན་ཡོད་པ་བརྒྱུད་ལམ་ཁག་ཏུ་དངོས་མིང་བཀོད་པ་ཚོའི་བསམ་ཚུལ་ལ་ལྟོས་ཤེས་པ་མ་ཟད། མི་མང་གི་བློ་ཕམ་གྱི་ཚད་གཞི་ཧ་ཅང་ཆེ་བའི་དཔྱ་ཁྲལ་ལག་དེབ་ཀྱང་མེར་སྲེག་པའི་གནས་ཚུལ་བྱུང་བ་རེད། གུས་ནས་ཕྱོགས་གཉིས་ཀྱི་གསལ་བསྒྲགས་དང་གསལ་བཤད་ཁག་གི་ནང་དོན་ཞིབ་ཆ་རྣམས་མ་འོངས་པར་རང་ལ་དབང་པའི་སྡིངས་ཆ་དག་ཏུ་གླེང་འཆར་ཡིན་ལ། དེ་རིང་འདིར་ཕྱོགས་གཉིས་ཀྱི་ཡིག་ཆ་ཁག་ཞིབ་བསྡུར་བྱས་འབྲས་མི་མང་གིས་ངེས་པར་དུ་གཟབ་གཟབ་བྱེད་དགོས་པ་དང་། རྩད་གཅོད་བྱེད་དགོས་པ། མཁྱེན་དགོས་པའི་གནད་དོན་ ༧ ་མི་ཞུ་ཐབས་མེད་ཆགས་སོང་།

༡ ༽ གནད་དོན་འདིའི་སྔ་ཕྱིའི་གནས་ཚུལ་ལ་དཔྱད་སྐབས། བཀའ་ཤག་གིས་༸གོང་ས་མཆོག་ལ་དབུ་སྐོར་རམ་ཡང་ན་ཡིད་ཆེས་ཞུས་མི་འདུག་པ་ས་འཕྱར་ནས་རྡོ་ལྷང་ལ་བུད་པ་ལྟར་ཆགས་འདུག ཅི་ལྟར་ཞེ་ན། བཀའ་ཤག་གིས་དོན་ཚན་ ༡༠ ་ཅན་དེ་༸གོང་ས་མཆོག་ལའང་སྙན་གསེང་ཞུས་ཡོད་ཚེ་དེས་ཁུངས་མི་འཁྱོལ་བ་དང་དེ་ལས་གཞན་ཞུ་རྒྱུ་མེད་པས་དབུ་སྐོར་ཆགས་པ་མ་ཟད། ༸གོང་ས་མཆོག་གིས་སྲིད་སྐྱོང་ལ་མར་གྲོས་མགོ་བཏོན་ཏེ་བསྐོས་པའི་དོན་གཅོད་ཡིན་པས། མཐར་དེད་ན་བཀའ་ཤག་དང་སྲིད་སྐྱོང་གིས་༸གོང་ས་མཆོག་ལ་ཡིད་ཆེས་མ་ཞུས་པ་ཆགས་ཡོད། དེ་བཞིན་སྔར་ཅི་ལྟར་བསྐོས་པ་ཇི་བཞིན་འཕོ་འགྱུར་ཡང་དེ་ལྟར་བཏང་ལུགས་གསུངས་པ་ནི་མདོར་དེད་ན་རང་ཉེས་༸གོང་ས་ཆེན་པོར་གཡོག་ཐབས་དང་། ༸གོང་ས་ཆེན་པོར་སྐུར་འདེབས་བྱས་པའང་ཆགས་ཡོད།

༢ ༽ བཀའ་བློན་ཚོས་བཅའ་ཁྲིམས་དོན་ཚན་ ༢༩ ་དགོངས་དོན་མཉམ་འདུས་ཀྱི་འགན་འཁུར་ཞུ་དགོས་ཀྱང་། སྲིད་སྐྱོང་མཆོག་ལ་བདེན་པ་མིན་པའི་གནས་ཚུལ་སྒྲུབ་རོགས་དང་བཤད་རོགས་བྱས་ཚེ་ཁྲིམས་འགལ་ཆགས་ཀྱི་ཡོད་ཀྱང་། བཀའ་ཤག་སྐབས ༡༥ ་པས་མཉམ་འདུས་ཀྱི་འགན་འཁུར་ཞུ་ཕྱོགས་ལ་བདེན་རྗུན་གྱི་དབྱེ་བ་མེད་པ་ལྟ་བུའི་རྟགས་དང་མཚན་མ་མང་པོ་འདུག་པས། དོན་དུ་སྲིད་སྐྱོང་མཆོག་གིས”ངའི་གྲོགས་པོ་’’གསུངས་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་དོན་གཅོད་དུ་བསྐོས་པ་ནས་དེ་རིང་བར་གྱི་དོན་གཅོད་ཀྱི་མཚན་གནས་དང་འབྲེལ་བའི་ལས་དོན་བྱས་པ་ཡོངས་རྫོགས་བཀའ་བློན་ལས་རོགས་ཚོའི་ནང་དུ་ཞིབ་ཏུ་མཁྱེན་མཁན་གཅིག་ཀྱང་ཡོད་ས་མི་འགྲོ་པས། གནད་དོན་འདིའི་ཐད་བཀའ་བློན་ལས་རོགས་ཚོས་ཅི་མི་སྙམ་པར་སྤྱན་བཙུམ་ཏེ་འཆོང་རྐྱང་གནང་བ་འདི་ལ་ལྗིད་ཁོག་གང་ཡང་མེད་པར་འདོད་ལ། མ་འོངས་ང་ཚོ་མི་རབས་གསར་པའི་བཀའ་ཤག་གི་གཟི་བརྗིད་ལའང་ཤུགས་རྐྱེན་ངན་པ་ཐེབས་མི་སྲིད་པ་མིན་པས་སེམས་ཁྲལ་ཤིན་ཏུ་ཆེ།

༣ ༽ སྐུ་དབང་རྩིས་སྤྲོད་གནང་རྗེས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་སྐད་གྲགས་ཅན་ཐེངས་ ༢༥ པའི་རྗེས་བཅའ་ཁྲིམས་ཀྱི་སྔོན་གླེང་དང་དོན་ཚན་དང་པོ་གསར་སྣོན་བྱས་པ་མཁྱེན་གསལ་བཞིན། བཅའ་ཁྲིམས་དོན་ཚན་ ༡ ་ཕྱག་བསྟར་གནང་མཁན་༸གོང་ས་མཆོག་ཁོ་ན་ལས་གཞན་སུ་ཡང་མེད་པ་ཤེས་བཞིན་དུ། ད་ཐེངས་དོན་གཅོད་འཕོ་འགྱུར་ཟེར་པའི་བཀའ་ཤག་གི་གསལ་བསྒྲགས་ནང་དོན་ཚན་དང་པོ་ལུང་འདྲེན་ཞུས་འདུག་པ་ནི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་ཟིན། དེ་ནི་བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་མི་སྣ་༸གོང་ས་མཆོག་གིས་འོས་བབ་གཟིགས་ཚེ་སྐུ་ཚབ་ཀྱི་མཚན་གནས་སྤྱོད་རྒྱུའི་ཆོག་མཆན་གནང་དགོས་པའི་དོན་ལས། བཀའ་ཤག་གིས་དོན་གཅོད་གསར་བསྐོའི་ཁྱབ་བསྒྲགས་ནང་ལུང་འདྲེན་བྱས་པ་ནི་ཁུངས་མེད་ལུགས་མེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་རིན་པོ་ཆེ་ཡག་པོ་མཁྱེན་གྱི་མེད་པའི་རྟགས་བསྟན་པ་རེད།

༤༽ དོན་གཅོད་དངོས་གྲུབ་ཚེ་རིང་བསྐོ་འཛུགས་བྱས་རྗེས་༸གོང་ས་མཆོག་ལ་མཇལ་བཅར་གྱི་སྐུ་པར་འགྲེམས་སྤེལ་དང་། གཞུང་འབྲེལ་གསར་འགོད་པས་དྲི་བ་གཏོང་ཁུལ་བྱས་ཏེ་སྤྱི་ཚོགས་ཟང་ཟིང་གི་མགོ་གནོན་ཐབས་བྱས་པ་ནི། སུས་ལྟོས་ཀྱང་༸གོང་ས་མཆོག་བེད་སྤྱོད་ལོག་པར་བཏང་བ་རང་ཆགས་ཡོད་པས། ད་ལྟའི་སྲིད་སྐྱོང་གཙོས་བཀའ་ཤག་གིས་༸གོང་ས་མཆོག་ལ་བརྩི་བཀུར་ཞུ་སྟངས་འདིར་མི་མང་ལ་དོགས་པ་ཤུགས་ཆེ་ཡོད་པ་བཞིན། གུས་ནས་ཀྱང་དེ་ལྟར་ངོས་འཛིན་བྱས་ན་རིགས་པ་དང་མཐུན་པར་སྙམ། མ་གཞི་ནས་ད་ལྟའི་དོན་གཅོད་དེས་དེ་སྔར་བསྐྱར་དུ་ཤེས་རིག་བཀའ་བློན་དུ་ཡོང་དགོས་པ་༸གོང་ས་མཆོག་གི་ཐུགས་རེ་གནང་སྟབས་ཡིན་ཚུལ་ལན་མང་གསུངས་ཟིན་ཡང་། ད་ལྟའི་གནང་སྟངས་ཀྱིས་དོ་བདག་རང་གི་ལྗིད་ཁོག་དང་ཁ་སྟབས་བཅས་རིན་མེད་འགྲེལ་བརྗོད་བྱས་ཟིན་ཡང་དེ་རྣམས་གླེང་འདོད་མེད།

༥ ༽ དོན་གཅོད་དུ་སྤེན་པ་ཚེ་རིང་བསྐོས་པ་ནས་ཨ་རིའི་རོགས་དངུལ་ཁག་ལ་དོན་གཅོད་ལ་ཐེ་བྱུས་མེད་པ་རིམ་པར་བཟོས་ཚུལ་གཅིག་དང་གཉིས་བྱས་ཏེ་ཚོགས་གཙོ་ཟུར་པས་གསལ་བཤད་ཡིག་ངག་གཉིས་ནས་གནང་བ་ལྟར་དང་། དེ་བཞིན་སྲིད་སྐྱོང་དང་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་གཉིས་ཀས་དེ་སྔ་གཞུང་འབྲེལ་ལས་དོན་ཆེད་ཨ་རིའི་གནད་ཡོད་མི་སྣར་མཇལ་འཕྲད་ཞུ་སྐབས། ལས་བྱེད་མཉམ་འཁྲིད་མི་གནང་བ། ཐ་ན་གནས་རིམ་དྲུང་ཆེ་ཡིན་པའི་ཀུན་དགའ་བཀྲ་ཤིས་སྐབས་ཤིག་སྲིད་སྐྱོང་གིས་སྒོ་ཁར་སྒུག་བཅུག་པའི་གནས་ཚུལ་སོགས་རིམ་པར་གསལ་བོ་ཆགས་པ། དེ་བཞིན་ཁེ་ན་ཌའི་ CANADA གཞུང་ལ་རོགས་དངུལ་ཞུ་འབོད་དུ་བཅར་སྐབས། བྱང་ཨ་རིའི་དོན་གཅོད་ལས་ཐོགས་ལ་བརྡ་ལན་ཙམ་ཡང་མ་གནང་བར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་གཉིས་ཐད་ཀར་ཕྱིན་པ་སོགས་ཀྱི་བྱ་སྤུ་གནོན་གླེང་རྒྱུའི་ཆུ་ཚོད་བདག་ལ་མེད་ཀྱང་། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་དང་། སྲིད་སྐྱོང་བློ་བཟང་སེང་གེ ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་བཅས་མཉམ་དུ་ཐེངས་ག་ཚོད་དང་། གཅིག་པུར་ཐེངས་ག་ཚོད་རོགས་དངུལ་གྱི་ཆེད་ཨ་རིའི་གཞུང་གི་མི་སྣ་སུ་དང་སུ་ལ་དུས་ནམ་མཇལ་ལམ། བཀའ་མོལ་ཅི་བྱུང་ངམ། མཇུག་སྐྱོང་དགོས་པ་ཅི་ཡོད་ཀྱི་གཞུང་འབྲེལ་ཐོ་དེབ་ཡོད་མེད་སོགས་ཀྱི་ཐད། ད་ལྟ་དྲི་བ་གཏོང་དགོས་ན་ཁོང་རྣམ་པར་གཅིག་དང་གཉིས་བྱས་ཏེ་གསུང་རྒྱུ་ཡོད་དམ། དྲི་བ་བཏང་ན་ལན་ཞིག་འདེབས་དགོས་པ་རེད། ལན་མ་བཏབས་པར་སྡོད་ས་མི་འགྲོ་ནའང་། མཉམ་དུ་མི་གཞན་ཞིག་གི་བདེན་དཔང་མེད་དུས་སུས་ཡིད་ཆེས་བྱེད་ཀྱི་རེད་དམ། མི་མང་གིས་ཡིད་ཆེས་གནང་གི་རེད་དམ། ༧གོང་ས་མཆོག་གིས་ཡིད་ཆེས་གནང་གི་རེད་དམ། རྒྱུ་མཚན་འདིའི་དབང་གིས་ཁོང་རྣམ་པས་ལྐོག་ཟ་རུལ་སུངས་བྱས་ཡོད་དམ་མེད། དེ་ནི་དྲི་བ་རེད། དོགས་གཞི་ཧ་ཅང་ཆེན་པོ་རེད། ཕྱི་གསལ་ནང་གསལ་ནི་གཤམ་འོག་ལས་བྱེད་དང་དེ་ནས་མི་མང་ཁྲོད་བཅས་ཕྱོགས་གཉིས་ལ་རིམ་པར་གནང་དགོས་པ་འཛིན་སྐྱོང་གི་རིགས་པའི་གཞུང་ལུགས་དང་མཐུན་པ་ཡིན།

༦༽ བཀའ་ཤག་དང་ཚོགས་གཙོ་ཟུར་པ་ཕྱོགས་གཉིས་ནས་ཚིག་ཐག་ཆོད་པོས་’’ལས་བྱེད་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི་’’གཞུང་ཞབས་མ་ཡིན་པའི་དོན་གཅོད་ཚོ་ལ་ཁྱབ་ཀྱི་ཡོད་ཤག་གསུངས་པ་མ་ཟད། བཀའ་ཤག་ནས་དེའི་དགོངས་དོན་ལྟར་ཉེན་བརྡ་བཏང་ལུགས་ཀྱང་གསུང་གི་ཡོད། དེ་ཡིན་ན་བླང་དོར་སྒྲིག་གཞིའི་དགོངས་ལྟར་ཉེན་བརྡ་མ་བཏང་བའི་རྒྱུ་མཚན་ཅི་ཡིན་ནམ། དེ་བཞིན་དོན་ཟུར་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་དོན་གཅོད་ལས་ཐོགས་ཡིན་སྐབས་འབྲེལ་ཡོད་དབང་ལྡན་འགན་འཛིན་ནས་’’གསང་སྙན་’’འདེམས་ལྷན་ལ་ཕུལ་མེད་དོན་ཅི་ཡིན་ནམ། དེར་བཀའ་ཤག་དང་སྲིད་སྐྱོང་གིས་དམིགས་བསལ་གནང་བ་ཡིན་ནམ། བླང་དོར་སྒྲིག་གཞིའི་དོན་ཚན་རེ་འགའ་ཚུལ་བཞིན་ལག་བསྟར་དང་རེ་འགའ་མ་བསྟར་ཀྱང་ཆོག་པ་འདི་བཞིན་བཀའ་ཤག་སྐབས་ ༡༥ པས་ཁྲིམས་སྒྲིག་དང་བྱ་སྤུ་གནོན་གྱིས་བློན་ཆེན་ལས་ཁུངས་ཁག་ལ་དབང་བསྒྱུར་སྟངས་ཡིན་ནམ། དེ་ལ་ཅི་བྱ།

༧༽ བོད་ཀྱི་ཐེབས་རྩ་དང་འབྲེལ་ཏེ་དོན་ཁང་གསར་ཉོའི་ཁང་རིན་ཨ་སྒོར་ས་ཡ་ ༡.༥ སྐོར་དེ་ཡང་། ཕྱོགས་གཉིས་ཀྱི་ནང་མོལ་ལ་བསྙད་དེ་མདོ་དོན་’’རྗུན་ལས’’ མངོན་སུམ་དུ་བྱེད་ཀྱི་ཡོད་པ་བརྗོད་རྒྱུར་ཅི་མི་སྙམ་པ་དང་། ཁྲིམས་ཐོག་དང་དངོས་དོན་གང་དུའང་ཡིག་ཐོག་གི་གན་རྒྱར་གཞི་འཛིན་བྱེད་པ་ཤེས་བཞིན་དུ་’’བུ་ལོན་མིན་’’ཞེས་ལྐུགས་པའི་ཨུ་ཚུགས་མཐར་སྐྱེལ་གནང་བ། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་འཁྲོལ་ཞུ་སྐབས་ཀྱང་’’བུ་ལོན’’་མིན་ཞེས་བརྗོད་ཡོད་ན། དེ་ནི་གྲོས་ཚོགས་ལ་དབུ་སྐོར་ཞུས་པ་ཡིན་པས། དེར་བཀའ་འཁྲོལ་ཞུ་སྟངས་ཅི་ཡིན་གསལ་བཤད་ཁུངས་སྐྱེལ་དང་བཅས་པ་མེད་དོན་ཅི་ཡིན་ནམ། དེ་བཞིན་འོས་བསྡུའི་སྐབས་བཀུར་འོས་དོན་གྱི་བདག་པོ་རྒྱ་ཆེ་མི་མང་ལའང་དོན་ཁང་རང་གིས་འཇོན་ཏེ་ཉོས་ཟིན་པ་ལྟ་བུ་བསྒྲགས་ཏེ། མདོ་དོན་བོད་ཀྱི་ཐེབས་རྩ་དང་དགའ་ལྡན་ཕོ་བྲང་གི་རོགས་རམ་ཚུན་རང་གི་འོས་ཐོབ་ཆེད་དུ་ལོག་སྤྱོད་གནང་བ་ནི་མི་མང་ལའང་དབུ་སྐོར་ཞུས་པ་ཞིག་རང་བཞིན་གྱིས་ཆགས་འགྲོ་པས་དེ་དག་ལ་གསལ་བཤད་མེད་ཚེ་ལོ་རྒྱུས་ལྡན་པའི་བཀའ་ཤག་གི་བཟང་སྤྱོད་དང་གཟི་བརྗིད་ནག་བསུབ་བཏང་བ་མ་རེད་དམ། དེ་དག་ལ་ཅི་བྱ།

མཐའ་དོན། གོང་གསལ་གནད་དོན་ཁག་གིས་མཚོན་འཛིན་སྐྱོང་བཀའ་ཤག་གིས་རྒྱུ་མཚན་ལྟར་སྣང་དྲངས་ཏེ་དབང་ཆ་ལོག་སྤྱོད་བྱེད་པའི་ཐད་སྔ་ཕྱིར་ནོར་འཁྲུལ་རང་ལ་མཛུབ་མོ་བཙུགས་ཏེ་གླེང་བཞིན་པ་འདིའི་དམིགས་དོན་ནི། རྩ་དོན་འགྲུབ་ཐབས། ཁྲིམས་ཀྱི་དབང་བསྒྱུར་སྲ་བརྟན། མི་མང་གིས་གཞུང་ལ་སྟངས་འཛིན་བྱེད་ཕྱོགས་ཚད་ལྡན། གཞུང་འཛིན་མི་སྣར་ནོར་འཁྲུལ་ཡོ་སྲང་བྱེད་རྒྱུའི་བཟང་སྤྱོད་དང་ལྡན་པ་བཅས་ཡོང་ཆེད་ཡིན་པ་ནན་ཞུ་དང་འབྲེལ། བོད་མི་ཚོས་རྩ་དོན་གླེང་སྐབས་ཆིག་སྒྲིལ་རྨང་གཞི་བྱས་ཏེ་གླེང་རྒྱུའི་ཆོད་སེམས་ལྡན་པ་བྱ་གལ་ལས། ཆིག་སྒྲིལ་མེད་པར་གྱུར་ན་སུ་ལའང་ཕན་ཐོགས་མེད་ལ། གྱོང་ཕོག་ཚད་ཀྱང་འདྲ་མཉམ་ཡིན་པས། རང་གི་ལུས་ལ་དཔེར་བླངས་ནས་གཞན་ལ་གནོད་པ་མ་བྱེད་ཅིག་ཅེས་པ་འདི་གཅེས་པར་བཟུང་ན་འོས་ཤིང་། ཀུན་གཟིགས་༸པཎ་ཆེན་བཅུ་བ་ཆེན་པོའི་ཞལ་ནས་ ༡༩༨༦ ཟླ ༢ ཚེས ༢༤ ཉིན་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བསྐྱར་གསོའི་སྐབས་། ”བསམ་བློ་རྙིང་པ་དང་ན་ཚ་རྙིང་པ་མང་པོ་ཞིག་ལངས་ནས་གཙང་ཞེན་དང་དབུས་ཞེན་ཟེར་བ་དང་། གཞུང་དང་བླ་བྲང་ཟེར་པའི་སྐད་ཆ་ཛོར་པོ་དེ་འདྲ་ཡར་སློང་བ་དང་། ཡང་སྟོད་པ་དང་། ཁམས་པ། ཨ་མདོ། བོད་པ་ཞེས་གཅིག་བཤད་ཀྱི་ཡོད་པ་རེད། དེ་འདྲའི་གནས་ཚུལ་མང་པོ་གོ་ཐོས་ཡོང་བཞིན་པ་འདི་ཡག་པོ་རྩ་བ་ནས་མ་རེད། རང་ཅག་ཚང་མ་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་། མ་སྲིན་མོ་བྲག་སྲིན་གྱི་རྒྱུད་པ་གཅིག་ལས་བྱུང་བའི་བོད་ཁ་བ་གངས་ཅན་པ་ཡིན་པས། ཕར་ཕྱོགས་ཚུར་ཕྱོགས་བྱས་ན་དགེ་མཚན་རྩ་བ་ཉིད་ནས་མེད། ”ཅེས་བཀའ་གནང་བ་ལྟར། འཕྲལ་ཕུགས་གང་ལ་བསམས་ཀྱང་བཀའ་ཤག་གིས་གནད་དོན་འདིའི་ཐད་བཟང་སྤྱོད་དང་ལྡན་པའི་ངང་མི་མང་ལ་དགོངས་སེལ་ཞུས་ཏེ་མ་འོངས་པའི་བཀའ་ཤག་དག་གི་བཟང་སྤྱོད་དང་ཆེ་མཐོང་ལའང་སྐབས་ ༡༥ པས་ཐུགས་འགན་བཞེས་པ་ཡིན་ན་ཐབས་ལམ་ཡག་ཤོས་སུ་མཐོང་བ་བཅས།། །།

༢༠༡༧ ཟླ ༡༢ ཚེས ༢༥ ཉིན་བཟང་པོ་བཅུ་འཛོམས་ཉིན་སྦྱར་བའོ།།

བསམ་ཚུལ།

Post navigation

Previous Post: མདོངས་མཐའ་ཟད་པའི་ལེགས་བྱང་། (རྩོམ་རབ་འདྲེན་བཀོད།)
Next Post: ཁ་ལྔ་བཅུ་པ་བཞུགས་སོ།

Comments (44) on “༄༅།། བཀའ་ཤག་གི་བཟང་སྤྱོད་སྲུང་སྐྱོབ་ཞུ་དགོས།”

  1. བདེན་པའི་རྒྱབ་ལངས། says:
    2018-01-05 at 10:20 am

    ཕ་འཁྱོ་ག་ཁྱེད་དམིགས་བསལ་འཚམས་འདྲི་དང་ཡག་བྱུང་ལབ་ཡ་ཡིན། ལས་བྲེལ་དབང་གི་དེ་ཙམ་ཡིན།

  2. བདེན་པའི་རྒྱབ་ལངས། says:
    2018-01-05 at 10:21 am

    ཕོ་ལ་བཅོས་རོགས་གནང་།

  3. དགོན་པ་ཚང་ དར་རྒྱས་ says:
    2018-01-05 at 11:16 am

    སྤྱི་མཐུས་མཆོག་ཁྱེད་ཀྱི་བོད་མི་དམངས་ཀྱི་བདེ་སྡུག་ལ་དངོས་འབྲེལ་དགོང་བཞེས་གནང་ནས་གདེན་པའི་གྲིན་ཚབས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་

  4. འཇམ་དཔལ། says:
    2018-01-05 at 11:30 am

    བཀུར་འོས་སྤྱི་འཐུས་ལགས་ཀྱིས་བོད་མི་མང་ལ་ཐུགས་འགན་ཆེ་བཞེས་དང་སྒྲིག་འཛུགས་སྲུང་སྐྱོབ་ཀྱི་ཆེད་རྩོམ་ཡིག་སྤེལ་བར་བཀའ་དྲིན་ཆེ་ཞུ་འདོད་བྱུང་།

  5. དཀར་མཛེས་བསོད་ཕུན། says:
    2018-01-05 at 12:20 pm

    བློ་བཟང་སེང་གེས་བཀའ་བློན་ཁྲི་པའི་དམ་འབུལ་བྱས་ནས་ཉིན་ཤས་མ་འགངས་པ་ཁྱོད་ཉིན་ལས་ལས་བྱེད་ནས་གནས་དབྱུང་བཏང་ཡོད་རེད་པ། བྱས་ཙང་ཁྱོད་ཀྱི་སྐད་ཆ་ག་རེ་བཤད་ན་ཡང་ཡིད་ཆེས་དང་ཆ་འཇོག་བྱེད་མཁན་སུ་ཡོད་རེད། མཁྲིས་ནད་ཅན་གྱིས་ཡུལ་ག་རེ་མཐོང་ན་ཡང་སེར་པོ་མ་གཏོགས་མཐོང་གི་མ་རེད། ཡུལ་སེར་པོ་མ་རེད་དེ་རང་ལ་མཁྲིས་ནད་ཡོད་པས་རེད།

  6. ནོར་བུ་བཀྲ་ཤིས། says:
    2018-01-05 at 1:30 pm

    བཀྲ་ཤིས་བདེ་ལེགས།

  7. སྐལ་བཟང says:
    2018-01-05 at 2:13 pm

    སྤྱི་མཐུས་ཁོང་ཨོ་ཟིག་ཡོད་པ་འདྲ། སྐད་ཆ་བང་རིན་ཡོད་པ་དང་ཁུང་ལུང་ལྡན་པ་ཞིག་གསུངས་འདུག གུས་ཞབས་ཙམ་ཡང་མི་ཤེས་པའི་ལུག་རྫི་བསྟན་པ་ཡར་འཕེལ་ལྟ་བུའི་འཆལ་གཏམ་རྐྱང་རྐྱང་བཤད་མཁན་ཞིག་མ་རེད། སྤྱི་མཐུས་བསྟན་པ་ཡར་འཕེལ་རྒྱ་གར་མི་ཚང་ལ་མ་ཧེ་འཚོ་ག་བཏང་ན་ཡག་ཤོས་རེད།

  8. Jig Wang says:
    2018-01-05 at 2:39 pm

    nuary 5th, 2018 at 11:16 am
    སྤྱི་མཐུས་མཆོག་ཁྱེད་ཀྱི་བོད་མི་དམངས་ཀྱི་བདེ་སྡུག་ལ་དངོས་འབྲེལ་དགོང་བཞེས་གནང་ནས་གདེན་པའི་གྲིན་ཚབས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་ གནས་ཚུལ་ཁ་གསལ་དང་བདེན་པ་ཡག་པོ་གསུངས་འདུག་སླར་ཡང་ཐུགས་རྗེ་ཆེ་ཞུ་ཡི་ཡིན་

  9. བློ་གྲོས་ཉི་ཤར། says:
    2018-01-05 at 2:54 pm

    དཔེ་ཡག་་མོ་བྲིས་འདུག།

  10. རྒྱ་མཚང says:
    2018-01-05 at 4:01 pm

    བསྟོད་བསྔགས་མདུན་དུ་སྤོབས་སེམས་ཏི་འབྲུ་ཙམ་མེད་པའི་བོད་མི་མང་གི་སྤྱི་མཐུས་ཀྱི་ཚེ་ཉིད་ཚང་བ་ཁྱེད་ལ་ཐུག་རྗེ་ཆེ་ཞུ།

  11. བསྟན་འཛིན་ says:
    2018-01-05 at 5:09 pm

    ངའི་ལོ་མང་ནས་ བུ་ཁྱེད་༼སྨྱུག་་མིང་ སྟག་ཤར་གཞོན་པ་ཤར་ཕྱོགས་ཁུག་རྟ་ ཡང་ན་བློ་བཟང་ཆོས་འབྱོར་༽ལགས་མ་འོང་བཙན་བྱོལ་ནང་ ལས་སྐྱི་སྣེ་མོ་བ་ ལྷག་བསམ་ དྲང་བདེན་ ཡ་རབས་བཅས་དྲན་བྱུང་ ང་ལྡན་སོང་ངོ་ བུ་ཁྱེད་ལ་རྒྱབ་སྐྱོར་གཙང་མ་ཡོད་དོ།
    སྙིང་ཐགས་པ་ནས་ཐུགས་རྗེ་ཆེ།🙏🙏🙏🙏🙏

  12. བདེན་པའི་རྒྱབ་ལངས། says:
    2018-01-05 at 9:45 pm

    བོད་མི་མང་སྤྱི་འཐུས་གྲོས་ཚོགས་རབའི་ནང་གནས་ལུགས་དང་རྒྱུ་མཚན་བགྲང་སྟེ་དགག་བཞག་སྤོང་གསུམ་བྱེད་མཁན་གཅིག་གི་ཡང་བསྐྱར་སྤྱི་ཚོགས་ཀྱི་འགན་ཞིག་ཁུར་འདུག་པར་ཡིད་རང་བསྔགས་བརྗོད་ཡོད།

  13. ཁུ་བྱུག says:
    2018-01-05 at 10:41 pm

    སྤྱི་འཐུས་དང་བཀའ་ཤག་གཉིས་ཀའི་ནང་དཔེར་ན་མགོ་བདེ་དྲན་འཁྲུལ་ཅན་མང་དག་ཅིག་ཡོད་པས། ཐ་ན་རང་འགན་འཁུར་བབ་ཅི་ཡིན་ཀྱང་མ་ཤེས་པར། རང་དོན་ཁོག་བཅུག ཉི་མ་ཕུད་ཐབས་བྱེད་ཀྱི་ཡོད་པའི་རྣམ་པ་དེར་ཡིད་སུན་ནས་ཉན་ལྟ་མི་འདོད་ཀྱང་། ཤར་ཁུག་ཁྱོད་རང་སྤྱི་འཐུས་ནང་ནས་རེ་བ་ཅན་ཞིག་ཏུ་གྱུར་སོང་། ཁྲིམས་སྒྲིག་དཔང་དུ་བཞག་སྟེ། ཁྱོད་ཀྱིས་བཤད་པ་ལྟར་༸གོང་ས་མཆོག་གི་ལམ་སྟོན་ལྟར་ཕེབས་ཐུབ་ན་དབུས་བོད་མིའི་སྒྲིག་འཛུགས་ཡོད་པའི་ཡོད་གོ་ཆོད་པ་རེད། དེ་མིན་ཅི་གང་འཇོན་གི་མ་རེད་ལ། རིམ་པས་རང་ཤི་རྒྱག་རྒྱུ་ཉག་ཅིག་རེད།

    ཁྱོད་ཀྱིས་གོང་དུ་གླེང་བའི་གནད་དོན་འདི་ཡང་ཐོག་མར་བཀའ་ཤག་དང་ནང་མོལ་གྱི་ཚུལ་དུ་གླེང་སློང་ཞིག་གནང་ཡོད་ན་ཏག་ཏག་རེད་མོད། དེ་མ་བྱུང་བ་འདྲ། ཡིན་ཡང་སྐྱོན་མཐོང་མ་སོང་།

  14. ཁུ་བྱུག says:
    2018-01-05 at 10:45 pm

    བདག་ལ་གནས་ཚུལ་ཁུངས་ལྡན་ཞིག་ཡོད་པ་ནི། དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་དོན་གཅོད་ཡིན་དུས། དོན་གཅོད་ལས་བྱེད་རེ་འགར་ཁོང་ལོ་ཁོར་མོ་ཡུག་ཏུ་སྐད་ཆ་བཤད་རེས་ཚུན་མེད་པའི་གནས་སྟངས་བྱུང་འདུག ལས་བྱེད་དེ་དག་གིས་རང་དོན་ཆེད་དེ་ལྟར་གནང་མི་འདུག གནས་ཚུལ་དེ་རྣམས་ཕྱི་ལ་གྱར་གྱི་མེད་དུས་མི་མང་གིས་དངོས་ཡོད་གནས་ཚུལ་མཐོང་གི་ཡོད་པ་མ་རེད། གང་ལྟར་ཞིབ་འཇུག་ཚོགས་ཆུང་ཚད་ལྡན་ཞིག་གིས་ཞིབ་འཇུག་མཐར་ཕྱིན་པ་ཞིག་མ་གནང་དུས་གཞུང་གི་དབུ་ཁྲིད་ཀྱི་མཚན་གནས་སྤྱད་དེ་ཅི་བྱས་ཡོད་མེད་ཧ་ཅང་དོགས་པའི་གནས་རེད།

  15. བསེ་རུ་ཟང་ཐལ། says:
    2018-01-05 at 10:56 pm

    སྤྱི་འཐུས་བློ་བཟང་ཆོས་འབྱོར་༼ཤར་ཕྱོགས་ཁུག་རྟ་༽གྱིས་དཔེ་ཡག་པོ་བཤད་འདུག། ད་ཆ་ཁྱེད་ཀྱིས་རིང་མིན་འཚོགས་འཆར་སྤྱི་འཐུས་གྲོས་ཚོགས་ནང་སྲིད་སྐྱོང་བློ་སངས་ཀྱི་བཀའ་ཤག་སྐབས་ ༡༥ འདི་ལ་མི་དམངས་ཀྱིས་ཡིད་ཆེས་བརླགས་ཟིན་པས། ལས་མཚམས་འཇོག་དགོས་པའི་གྲོས་འཆར་(vote of NO confidence) ངེས་པར་དུ་འདོན་དགོས། གང་ལྟར་སྲིད་སྐྱོང་འདི་ལ་མི་དམངས་བརྒྱ་ཆ་ ༩༠ ཐམ་པས་ཡིད་ཆེས་བརླགས་ཡོད་པའི་ཚོད་དཔག་ཉིན་རེ་ནས་ཉིན་རེར་ཇེ་གསལ་ཇེ་གསལ་དུ་འགྲོ་མུས་རེད། སྲིད་སྐྱོང་བློ་སངས་ཀྱིས་བོད་མིའི་མགོན་དཔུང་༧གོང་ས་མཆོག་དང་། ཕྱག་སྦྲེལ་བཀའ་བློན་དང་བཅས་པར་འཛེམས་ཟོན་མེད་པར་རྩེད་མོ་རྩེས་ཀྱང་བྱས་འདུག། བོད་རྒྱ་ཆེ་མི་དམངས་ནས་སྲིད་སྐྱོང་བློ་སངས་ཀྱིས་ལས་དོན་གཅིག་མཇུག་གཉིས་མཐུད་འཐུད་ཤོར་བཏང་བ་ལ་སྣང་མེད་དུ་འཇོག་མི་ཉན། ང་ཚོས་ནམ་ཡང་བདེན་པ་གློད་གཏོང་ན་མི་འགྲིག། ད་རེས་སྤེན་ཚེ་ལ་ནོར་འཛོལ་ཆུང་ངུ་རེ་ཡོད་དུ་འཆུག་ཀྱང་བདེན་སྤང་ཆེ་བ་ཁོ་པར་འདུག། བློ་སངས་ལ་བདེན་པ་ཡོད་ན་ངས་ཁོ་པའི་རྒྱབ་ཏུ་ལོས་ལངས་། ད་ཆ་མི་དམངས་བདེན་པ་ཁོ་ནའི་རྒྱབ་ཏུ་ལོངས་ཤོག། རྫུན་གོང་དང་ཧམ་བཤད་ཕམ་པར་བྱོས་ཤིག། བདེན་པ་ཉིད་རྒྱལ་གྱུར་ཅིག། བདེན་པ་ལ་འགྱངས་དུས་ཡོད་ཀྱང་འགུམས་དུས་མེད།། །།

  16. བསྟན་འཛིན་ says:
    2018-01-05 at 11:01 pm

    བཅའ་ཁྲིམས་རིན་པོ་ཆེ་ལེའུ་གསུམ་པ་”སྒྲིག་འཛུགས་ཀྱི་རྩ་བའི་བྱེད་སྒོ་ལམ་སྟོན་’’དུ་གསལ་བ་ལྟར་ཇི་སྲིད་བོད་ཀྱི་བདེན་མཐའ་མ་གསལ་བར་དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་བརྟན་པོར་གནས་དགོས་སྟབས། ཀ་བ་གསུམ་གྱི་མཛད་གཙོ་སུ་རུང་གིས་”སྒེར་དོན་ཕུགས་སྒྲུབ་’’དང་ ”སྒེར་ནད་སྤྱི་སྤུངས་’’ཀྱིས་ཁྲིམས་ཐོག་ནས་གནང་བའི་སྐུ་དབང་ལོག་སྤྱོད་བྱས་པ་ཡིན་ན་སྤྱི་བའི་སྒྲིག་འཛུགས་སྲ་བརྟན་ལ་ཉེན་ཁ་འབྱུང་རྒྱུ་ཡིན་པ་བཤད་མ་དགོས་ཀྱང་། བཀའ་ཤག་སྐབས ༡༥ པས་དེ་ལྟའི་རྣམ་པ་གསལ་པོ་ཐོན་པའི་བྱེད་བབ་ཀྱིས་སྤྱི་ཚོགས་ཁྱོན་ཡོངས་ལྷིང་འཇགས་མེད་པ་བཟོས་ཟིན་པ་ཧ་ཅང་བློ་ཕམ་གྱི་གནས་སུ་ཆེ། ༼ དེ་ཡོང་རྐྱེན་བཙོ་བོ་ སློབ་བཟང་སེང་གེ་དང་ཁོའི་ལས་རོགས་བཀའ་བློན་དྲུག་པོ་ཡིན་ནོ་ བོད་འབངས་ཡོང་གི་གནམ་ཡང་རྗེ་མི་ཐུབ་བོ།༽

  17. Abhar Jigwang says:
    2018-01-05 at 11:14 pm

    ༄༅། རྩ་བའི་སྤྱི་འཐུས་བབློ་བཟང་ཆོས་འབྱོར་ལགས་ནས་གསུངས་པར་འགྲིགས་ཀྱང་། སྤྱི་འཐུས་ཟེར་དུས་གཡས་གཡོན་གང་དུ་ཡང་མིན་པར་་་དཀྱིལ་ལ་བསྡད་ནས་དཔྱད་ཞིབ་དགེ་
    མཚན་དྲང་བདེན་གནང་ནས་སྤྱི་ཚོགས་ནང་བཤད་དགོས་པ་རེད། ༧གོང་ས་མཆོག་གི་དགོངས་གཞི་དང་མ་མཐུན་པ་གནང་བ་རེད་ཟེར་བ་འདི་གལ་ཆེན་ཡིན་། ཡང་ན་དྲང་བདེན་འདི་ཡིན་ཟེར་ནས་ར་འཕྲོད་བྱེད་དགོས། ཡང་ན་རྗུན་མ་འདི་ཡིན་ཞེས་ར་འཕྲོད་བྱེད་དགོས་པ་ལས་ མིན་པ་འདྲ། བསམ་གྱི་འདུག་
    ཡིན་གྱི་རེད་ ཟེར་གྱི་འདུག་སོགས་ཀྱི་ཚོད་དཔག་གི་སྐད་ཆ་དེ་འགྲིག་ཐབས་མེད།
    ད་ཡིན་དང་མིན། འགྲིགས་དང་མི་འགྲིགས་་་ སོགས་ཁ་དམག་མ་རྒྱག་པར་བདེན་རྗུན་
    གསལ་གཤད་རེ་རེ་བཞིན་ཟུར་དུ་བཏོན་ནས་་་་ཁྲིམས་ལ་གཏུགས་དགོས་པ་ལས་གཞན་ཅི་ཡང་མེད།
    སྐད་ཆ་གང་བྱུང་མང་བྱུང་བཤད་དགོས་མེད། ཡར་བསྟོད་མི་དགོས། མར་སྨད་མི་དགོས་།
    ཁྲིམས་ལ་གཏུག་དང། ཁྲིམས་ཁང་སྟོང་པ་རེད། དེ་མིན་ཡག་སྡུག་སྐད་ཆ་རིང་པོ་བཤད་དགོས་མེད།

  18. ཁུ་བྱུག says:
    2018-01-05 at 11:27 pm

    Abhar Jigwang ཁྲིམས་ལ་གཏུག་མཁན་སྤྱི་འཐུས་མ་རེད། དོ་བདག་དོན་གཅོད་ཟུར་པ་སྤེན་པ་ཚེ་རིང་གིས་གཏུག་དགོས་པ་རེད། ཁོང་ལ་དེའི་བློ་ཁོག་ཡོད་མེད་མི་ཤེས། དངོས་གནས་བྱས་ནས་ཁྲིམས་རང་ནས་ཐག་བཅད་ན་མང་གཙོའི་གཟི་བརྗིད་རེད། སོ་སོའི་འགན་དེ་སོ་སོས་ཏག་ཏག་སྒྲུབ་ན་ང་ཚོའི་སྤྱི་ཚོགས་བཟང་སྤྱོད་དང་ལྡན་པར་གནས་ཐུབ།

    ད་ལྟ་བཀའ་ཤག་གི་བཟང་སྤྱོད་བཀའ་ཤག་གིས་སྲུང་སྐྱོབ་མ་ཐུབ་པ་འདི་ཡིད་སྐྱོ་དགོས་པ་ཞིག་རེད། མ་འོངས་བཀའ་ཤག་དག་ལའང་དོགས་པ་སླེབས་གཞི་ཞིག་བཀའ་ཤག་སྐབས ༡༥ པས་བྱས་དང་བྱེད་བཞིན་པ་འདི་ལས་༸གོང་ས་མཆོག་གི་དགོངས་གཞི་དང་འགལ་བའི་དཔང་རྟགས་གསོན་པོ་ཞིག་མེད།

  19. Abhar Jigwang says:
    2018-01-05 at 11:35 pm

    ༄༅། ཡང་དེའི་རྗེས་སུ་བཤད་འདོད་པ་གཅིག་ལ།
    ཞིབ་འཇུག་ཚོགས་ཆུང་བརྩུག་དགོས་ན་ངེས་པར་དུ་་་བཀའ་ཤག་ལ་ངོ་རྒོལ་བྱེད་མཁན་དང།
    དགའ་ལྡན་ཕོ་བྲང་ལ་མཚད་སྨད་ཞུ་མཁན་དེ་ཚོའི་རྒྱབ་ལྗོངས་ལ་སུ་འདུག་ངེས་པར་དུ་ཞིབ་
    འཇུག་ཚོགས་ཆུང་བརྕུག་དགོས་པ་གལ་གནད་ཆེན་པོ་འདུག། འདི་བརྗེད་རྒྱུ་མི་འདུག་གོ།
    པད་ཤག་རག་ན་མི་ཁྲ་ཁྲ་མང་པོ་ཡོད་པ་རེད།

  20. ཁུ་བྱུག says:
    2018-01-05 at 11:41 pm

    ནམ་རྒྱུན་བཀའ་ཤག་ལ་ངོ་རྒོལ་དང་། དགའ་ལྡན་ཕོ་བྲང་ལ་ངོ་རྒོལ་ཞུ་མཁན་རེ་ཟུང་ཡོད་པ་ཚོའི་རྒྱབ་ན་ལྡི་ལི་ཆུ་སསྒང་ཟེར་པའི་རྒྱུན་ལས་ཁ་ཤས་དང་། དེའི་རྒྱབ་ན་ཐའཝ་ན་བོད་ཟོག་ལས་ཁུངས་དང་། རྒྱ་ནག་འཐབྷ་ཕྱོགས་གཅིག་གྱུར་ཁང་ཡོད་རེད།

    ད་ཐེངས་འཛམ་གླིང་ག་ས་གང་དུ་མི་མང་གིས་ངོ་རྒོལ་གནང་བ་ནི་མང་གཙོའི་ལས་འགུལ་ཚད་ལྡན་རང་རེད། དེ་ནི་གཟི་བརྗིད་དང་ལྡན་པ་། བོད་ཀྱི་འཕྲལ་ཕུགས་གང་སར་ཕན་པ་ཡིན་པས་ཡི་རས་བྱ་དགོས།

  21. གཡག་རྫི། says:
    2018-01-06 at 1:28 am

    Ku ཁུ་བྱུག་ ཁུ་ལོ་ ཁུ་ཕྲུག་ བཀྲ་ཤིས་བདེ་ལེགས་ཤོག

  22. ཀརྡོ་རབ་འབྱམས་པ་ says:
    2018-01-06 at 2:22 am

    ་་་་་་་་་་ དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་རིན་པོ་ཆེ་ཡག་པོ་མཁྱེན་གྱི་མེད་པའི་རྟགས་བསྟན་པ་རེད། ་་་་་་་་་ ཟེར།
    ཡང་།
    ་་་་་་་་་་་ འཕྲལ་ཕུགས་གང་ལ་བསམས་ཀྱང་བཀའ་ཤག་གིས་གནད་དོན་འདིའི་ཐད་བཟང་སྤྱོད་དང་ལྡན་པའི་ངང་མི་མང་ལ་དགོངས་སེལ་ཞུས་ཏེ་མ་འོངས་པའི་བཀའ་ཤག་དག་གི་བཟང་སྤྱོད་དང་ཆེ་མཐོང་ལའང་སྐབས་ ༡༥ པས་ཐུགས་འགན་བཞེས་པ་ཡིན་ན་ཐབས་ལམ་ཡག་ཤོས་སུ་མཐོང་བ་བཅས།། །། ་་་་ ཟེར།
    ་
    འདི་ལྟར་བཅའ་ཁྲིམས་མི་ཤེས་མཁན་ཅིག་གིས། མིམངས་ལ་མགོ་སྐོར་གཏོང་ཐབས་བྱས་པ་ལས། མི་མང་ལ་དགོངས་དག་ཞུ་མཁན་ཞིག་འོངས་སྲིད་དམ། ཧ་ཧ། །ཧོ་ཧོ།། །།

  23. མྱྀ་ནག says:
    2018-01-06 at 4:45 am

    བཀུར་འོས་སྤྱི་འཐུས་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་སྤྱི་འཐུས་ཤིག་གི་འགན་འཁྲི་མ་དོར་བའི་ཐོག་ནས་སྐད་ཆ་གལ་གནད་ཅན་ཞིག་གསུངས་འདུག འདི་ནི་བོད་གཞུང་གི་བཀའ་སྤྱི་གཉིས་ཀྱི་མིང་འཛིན་པ་ཀུན་གྱིས་དཀོན་མཆོག་གསུམ་དཔང་བཙུགས་ཀྱིས་དམ་འབུལ་སྐབས་སྤྱི་སེམས་གཙོ་བོར་འཛིན་པའི་དམ་བཅའ་ལག་བསྟར་བྱེད་མིན་གྱི་ཚོད་ལྟ་ཐེངས་ཤིག་ཀྱང་ཆགས་ཡོད། ཕར་དེད་ན་ཁོ་ཚོས་བོད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེ་རྩ་འཛིན་བྱེད་དམ། ཡང་ན་སྲིད་སྐྱོང་གི་རྐུབ་སྟེགས་འཛིན་མཁན་གྱི་གང་ཟག་རྩ་འཛིན་བྱེད་མིན་དེ་རེད། ཡིན་ཡང་། བློ་ཕམ་པ་ཞིག་ལ་དཀོན་མཆོག་གསུམ་དཔང་དུ་བཙུགས་ཏེ་དམ་བཅས་མཁན་གྱི་གང་ཟག་མང་པོ་ཞིག་གིས་ཁུར་རང་གི་དམ་བཅས་པ་དེ་དག་ཆུ་ལ་འདེབས་ཀྱིན་ཡོད། མང་ཚོགས་ཀྱིས་གསལ་པོ་ངེས་དགོས་པ་ཞིག་ལ་གོང་གི་རྩོམ་ཡིག་འདི་སུས་བྲིས་མིན་གཙོ་བོ་མ་རེད། དེ་ཡང་། གནད་འགག་ནི་ང་ཚོར་ཁ་ཚ་དགོས་གཏུགས་ཀྱིས་མཁོ་གལ་ཆེ་བ་ནི་བཙན་བྱོལ་སྒྲིག་འཛུགས་ཀྱི་གཏན་ལ་ཕབ་པའི་ཁྲིམས་དང་སྒྲིག་གཞི་ལག་བསྟར་བྱེད་མཁན་དང་། འདི་སྲུང་སྐྱོབ་བྱེད་མཁན་གྱི་དབུ་ཁྲིད་ཅིག་ཡིན་པ་ལས། རང་ཉིད་ཁྲིམས་དང་སྒྲིག་གཞི་ལས་བརྒལ་ཏེ་རང་དོན་ཁོག་བཅངས་དང་། རང་ཁེ་དོན་གཉེར་བྱེད་མཁན་ཞིག་གཏན་ནས་མིན།

  24. དགོན་པ་ཚང་ དར་རྒྱས་ says:
    2018-01-06 at 10:13 am

    བློ་སེང་སྐལ་རྡོར་གཉིས་ཀྱིས་མ་འོང་རང་ཉིད་ཨ་རིར་ལོག་རྗེས་ཐེབ་རྩ་ཁང་ཞིག་གི་སྦྱིན་བདག་་བྱ་ཆོག་ཆོག་བཟོ་ཡི་འདུག་ བོད་མིའི་གནད་ཡོད་མི་སྣ་གཞན་་པ་སུ་གཅིག་མེད་པར་བློ་སེང་དང་སྐལ་རྡོར་གཉིས་ཀྱིས་བོད་གཞུང་གི་ཕྱི་སྲིད་མིངབྱང་བེད་་སྤྱད་ནས་མ་འོང་སོ་སོའི་དཔལ་འབྱོར་ཡོང་ཁུངས་ཏག་ཏག་བཟོ་ཡི་འདུག་ དེ་ལྟར་བཟོ་བར་ཕྱི་སྲིད་བཀའ་བློན་སོགས་ནས་འགོག་རྐྱེན་ཡོད་སྟབས་ད་བར་བོད་གཞུང་ནང་ཕྱི་སྲིད་བཀའ་བློན་བཀོད་མེད་པ་དང་གཅིག་ དོན་ཟུར་སྤེན་ཚེས་དྲང་པོས་ཨ་རའི་ནང་ནས་བློ་སེང་ལ་ཁེ་འཕན་མ་ཡིན་པར་བོད་གཞུང་ལ་ཁེ་འཕན་ཡོད་པའི་ལད་བྱས་དུས་བློ་སེང་ལ་དགེར་དོན་འགྲུབ་རྒྱུར་དཀའ་ངལ་འཕྲད་ནས་སྤེན་ཚེ་ཕྱིར་འཕུད་གཏང་ དངོསགྲུབ་ཚེ་རིང་ཧ་ཅང་སྤྲེད་ལས་ཚ་བའི་ཚོང་པ་ཆུང་ཆུང་ཞིག་ཡིན་སྟབས་མ་འོང་པར་ཁོ་པར་བློ་སེང་དང་སྐལ་རྡོར་འཐེབ་རྩ་ནས་ཁེ་འཕན་ཕྲན་བུ་རག་རྒྱུའི་རེ་བས་བློ་ེ་སེང་གི་རྒྱུག་ཁྱི་མ་བྱེད་འཐབས་མེད་ཆགས།

  25. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-01-06 at 11:10 am

    གནས་དོན་འདི་གལ་ཆེན་ལ་སོང་རིང་མིན་སྤྱི་འཐུས་གྲོས་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་ཕྱི་གསལ་ནང་གསལ་བཟོ་དགོས་

  26. ནུབ་ཕྱོགས་གངས་ཕྲུག says:
    2018-01-06 at 1:51 pm

    སྤྱི་འཐུས་བློ་བཟང་བཟང་ཆོས་འབྱོར་མཆོགས་གིས་དྲང་མོ་གསུངས་འདུག བཀའ་ཤག་འདི་ལ་ཡིད་ཆེས་མི་འགི ཁོ་རང་གི་མ་འོངས་པར་རྡ་རམ་ས་ལར་ལས་མཚམས་བཞག་རྗེས། མདུན་ལམ་ཞིག་བཟོ་སི་ཡིན་ས་འགི་ལེ།

  27. Abhar Jigwang says:
    2018-01-06 at 2:46 pm

    ༄༅། ངས་ཐེངས་ཁ་ཤས་ཞུས་ཡོད། དྲ་རྒྱའི་ནང་ཁ་དམག་མ་རྒྱག་པར་་་སུས་ནད་མ་
    འཁྱག་ཡོད་ན་་་ངེས་པར་ཁྲིམས་གཏུགས་བྱེད། ཁྲིམས་ཁང་ལས་ཁུངས་སྟོང་པ་རེད་འདུག་
    ཁྲིམས་དཔོན་དང་ཁྲིམས་དྲུང་གཉིས་ཀར་
    ཟླ་མང་པོ་སྒུག་ནས་བཞུགས་འདུག་པ་མ་མཁྱེན་པ་ཡིན་ནམ།
    ཁ་མཆུ་རྒྱག་རོགས་དགོས་ན་་་ཀླུ་མཁར་བྱམས་ཡང་རྡ་སའི་སྲང་ལམ་དུ་སྒུག་ནས་བསྡད་འདུག་

  28. བློ་གྲོས་ཉི་ཤར། says:
    2018-01-06 at 3:29 pm

    ཁྲིམས་རྩོད་པར་འཇིགས་མེད་དབང་འདུས་ཀྱང་ཀེ་ན་ཌའི་སྲང་འགག་ལ་འགུགས་ནས་བསྡད་ཡོད། ཅེས་བརྗོད་ན་འཚམས།

  29. སྐལ་བཟང says:
    2018-01-07 at 4:47 am

    སློབ་བཟང་སངས་རྒྱས་དེང་སང་གཉིད་ཡག་པོ་ཞིག་ཁུག་ཐུབ་གི་མེད་པ་འདྲ། ཚང་མས་ཁོང་ལ་འདྲ་མི་འདྲ་མ་གསུང་རོགས་གནང་། རེ་བ་ཡིན་། ཐུགས་རྗེ་གཟིགས།

  30. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-01-07 at 8:39 am

    ཁྲིམས་གཏུགས་དགོས་ན་རེད་ཞིབ་འཇུག་ཚོགས་ཆུང་བཙུགས་ན་རེད་བཀའ་ཤག་འཕོ་འགྱུར་གྱི་གྲོས་འཆར་སྟོན་ན་རེད་གང་ལྟར་བཙན་བྱོལ་སྤྱི་ཚོགས་དཀྲུགས་སོང་དགྲ་དགའ་གཉེན་སྡུག་བཟོས་སོང་བོད་ཀྱི་ལོ་རྒྱུས་ནག་པོ་བཟོས་སོང་ནང་ཁུལ་མཐུན་་སྒྲིལ་གཏོར་སོང་གཞིས་ཞུགས་བོད་མིའི་མདུན་ལ་ངོ་ཚ་སླངས་སོང་

  31. ཁ་ཕྱོགས་མེད། says:
    2018-01-07 at 9:59 am

    སྤྱི་འཐུས་ལགས་ཐུགས་རྗེ་ཆེ་རང་ཉིད་ཀྱི་གདོང་སྔོན་ལ་བསྟན་ནས་འགན་ཕྲག་ཏུ་བླངས་ཟེར་ན་འདི་རེད། གང་ལྟར་བློ་སེང་དང་འབྲེལ་བའི་དཔྱད་གླེང་གི་རྩོམ་ཡིག་དག་དྲ་ཐོག་ཙམ་མ་ཡིན་པར་དེབ་གཟུགས་སུ་བསྐྲུན་ཐུབ་ན་དགེ་མཚན་ཆེ། དེ་མིན་བློ་སེང་འདི་གཡོ་ཅན་ཝ་མོ་ནང་བཞིན་ཞིག་རེད་འདུག་པས་མ་འོངས་ང་ཚོ་བོད་བཙོང་ནས་ཚོང་མང་བོ་རྒྱག་སྲིད་པས་ཕྱོགས་གང་ས་ནས་ཡིད་གཟབ་བྱས་ཏེ་ཁོས་ལྐོག་ཇུས་ལམ་ལྷོང་བྱུང་དུ་འཇུག་མི་ཉན། བློ་སེང་འདི་སྲིད་སྐྱོང་ཞིག་མ་ཡིན་པར་རང་དོན་ཁོག་བཅུག་གིས་བོད་ཀྱི་སྲིད་དགྲ་ཞིག་རེད། སྤྱི་སེམས་ཕར་ཞོག་དོན་ངོ་མ་ངོ་ཚ་ཁྲེལ་མེད་དང་རྒྱུ་འབྲས་ལ་བརྩི་འཇོག་མེད་པ། དྲིན་ཆེན་གྱི་དྲིན་མི་ཤེས་མཁན་མི་གཟུགས་ཀྱི་སྤྱང་ཀི་ངོ་མ་ཞིག་རེད།

  32. བསྟན་འཛིན་ says:
    2018-01-07 at 1:26 pm

    སློབ་བཟང་སེང་གེ་དང་ཁོའི་ལས་རོགས་ནས་ བཙན་བྱོལ་སྤྱི་ཚོགས་དཀྲུགས་སོང་དགྲ་དགའ་གཉེན་སྡུག་བཟོས་སོང་བོད་ཀྱི་ལོ་རྒྱུས་ནག་པོ་བཟོས་སོང་ནང་ཁུལ་མཐུན་་སྒྲིལ་གཏོར་སོང་གཞིས་ཞུགས་བོད་མིའི་མདུན་ལ་ངོ་ཚ་སླངས་སོང།This morning.even,Steve Bannon apologize to Trump & Famly. Now it’s your(lobsang Sangay’s) time to apologize to our great leader His holiness the Dalai Lama, Tibetan people & Tsokzur Kungo Penpa Tsering la & family.

  33. སྐལ་བཟང says:
    2018-01-07 at 3:36 pm

    དེ་ག་རང་རེད།

  34. ལྟད་མོ་བ། says:
    2018-01-07 at 10:10 pm

    སྤྱི་འཐུས་ལགས་ཀྱིས་གནད་ལ་འཁེལ་བའི་ཡག་པོ་བྲིས་འདུག

  35. བློ་བཟང་། says:
    2018-01-08 at 1:58 am

    ངས་ཡང་རང་བཙན་ལག་དེབ་མེ་ལ་སྲེག་གི་ཡིན། ཕ་རོ་མ་རོ་གཞི་ཆགས་འདི་ཚོ་རྒྱ་མི་ལས་སྡུག་པ་འདུག

  36. ཇོ་སྲས་ངག་དབང་། says:
    2018-01-08 at 3:32 am

    སྲིད་སྐྱོང་ངམ་སྲིད་འཛིན་བློ་སངས་དེང་སངས་སེམས་འཁྲུགས་ནས་གཉིད་ཁུག་གི་མེད་པའི་གནས་ཚུལ་དེ་ཡོངས་གྲགས་རེད་འདུག ཉིན་ཤས་སྔོན་ནས་གཉིད་སྨན་ཟ་འགོ་ཚུགས་འདུག་པ་སྒོ་སྲུང་ནས་བཤད་འདུག

  37. ཁུ་བྱུག says:
    2018-01-08 at 5:45 am

    དེ་རིང་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བཞིན་པའི་བརྙན་ཞིག་འཁྱུག་ཙམ་མཐོང་སོང་། ད་ནི་སྲིད་སྐྱོང་གི་གདོང་ཤོར་བསྡད་ཤག འདྲ་ཆགས་པོ་གང་འཚམ་གནང་གི་འདུག་སྟེ། གད་མོ་ཤོར་པ་ཞིག་རེད།

  38. ཀརྡོ་རབ་འབྱམས་པ་ says:
    2018-01-08 at 7:53 am

    བློ་སེང་དང་བློ་སེང་གི་རྒྱུགས་ཁྱི། །
    སེམས་འཁྲུགས་དང་གཉིད་མེད་ཀྱི་ནད་མནར། །
    ་
    སྤེན་ཚེ་དང་སྤེན་ཚེ་ཡི་རྒྱབ་སྐྱོར། །
    ལས་མེད་དང་ཆོ་མེད་ཀྱི་སྐད་ཅོར། །
    ་
    ཁ་བརྡ་དང་དྲ་བདག་གི་ལས་འགན། །
    ཡོད་ཙམ་དང་མེད་པ་ཡི་ལས་ནུས། །

  39. མགོན་པོ། says:
    2018-01-08 at 6:31 pm

    ངོ་ནས་རྩོམ་ཡག་པོ་དང་་་་་་དོན་དང་ལྡན་པ་ཟེར་ནོ་རེད་་་་་་་རྩོམ་འབྲི་མཁན་ཐུགས་རྗེ་ཆེ་ཞུ་་་་་

  40. གཡུ་ཐོག says:
    2018-01-15 at 4:41 am

    ད་སྐྱག་པར་ལག་པ་འཆང་ན་སྐྱག་དྲི་མ་ཏོག་ག་རེ་ཡོད། སྐལ་རྡོར་སྐྱག་པ་རེད། བློ་སེང་གི་གྲོགས་པོ་རེད་མ་ཏོག་དེ་མིན་སྒྲིག་འཛུགས་ཞིག་གི་གནད་ཡོད་མི་སྣ་བྱེད་རྒྱུའི་ཆ་རྐྱེན་གཅིག་ཀྱང་མེད། ཁོ་ལ་ཡོད་པ་དེ་དངུལ་རེད། བྱས་ཙང་བློ་སེང་གིས་སྲིད་སྐྱོང་འོས་བསྡུའི་ཁྱབ་བསྒྲགས་ཆེད་ཁོའི་དངུལ་བེད་སྤྱོད་ཡག་པོ་བཏང་ཡོད། ད་བློ་སེང་གིས་སྐལ་རྡོར་ལས་སྣེ་འདྲ་མིན་ཞིག་སྤྲད་ནས་དྲིན་ལན་འཇལ་ཐབས་བྱེད་བཞིན་ཡོད། བདེན་པ་རེད། དངུལ་གི་འོག་ལ་ཚང་མ་གཡོག་པོ་རེད། སྲིད་སྐྱོང་མཁས་དབང་མིན་ཅན་པ་བློ་སེང་ཀྱང་ཀླད་མེད་འབྱོར་ལྡན་སྐལ་རྡོར་གྱི་བྲན་གཡོག་ལྟ་བུར་མ་འགྱུར་ཐབས་མེད་རེད། སྐལ་རྡོར་ལ་བློ་སེང་ལ་དགོས་རྒྱུའི་དྲིན་ཅན་ཨ་སྒོར་ཡོད། དེ་མིན་བློ་སེང་གིས་སྐལ་རྡོར་ལ་སྲིད་ཞུ་བ་རྣལ་མ་ཞིག་བྱེད་རྒྱུའི་ཆ་རྐྱེན་སྤུ་རྡོག་གཅིག་ཀྱང་མེད་པ་ཤེས་བཞིན་ཡོད། ཡིན་ཡང་སྟོབས་ལྡན་ཨ་སྒོར་འོག་ལ་མཁས་དབང་བློ་སེང་ཡང་མགོ་བཏགས་མ་ཞུ་ཐབས་མེད་རེད། གང་ལྟར་སྲིད་སྐྱོང་གི་ཀླད་པ་དང་སྐལ་རྡོར་གྱི་ཨ་སྒོར་གཉིས་སྡེབས་དུས་བཀྲིས་པ་གཅིག་ཀྱང་ཡོང་རྒྱུ་མེད་པ་ཐག་གཅོད་རེད།

  41. ཇོ་སྲས་ངག་དབང་། says:
    2018-01-15 at 6:21 am

    དུས་རབས་སྔོམ་མའི་ཇག་པ་དང་ཇག་ཚོགས་ཀྱིས་ཚོང་པ་བཅོམ་པ་དང་འབྱོར་ལྡན་འཕྲོག་པ། ལམ་སྐེད་ནས་ཚོང་ཟོག་འཕྲོག་པའི་ལས་ལ་བརྩོན་པ་དང་། དུས་རབས་ཉེར་གཅིག་པའི་ཇག་པ་དང་ཇག་ཚོགས་ཀྱིས་༧གོང་ས་མཆོག་དང་བོད་མིའི་རྩ་དོན་གྱི་མིང་གཡར་ཏེ་ཐེབས་རྩ་འདྲ་མིན་གསར་འཛུགས་ཀྱིས་སྒེར་གྱི་འཕྲལ་ཕུགས་ཀྱི་ལས་དོན་བསྒྲུབས་རྒྱུ་དེ་རེད། བློ་སེང་དང་སྐལ་རྡོར་ཡང་ཕྱི་མའི་ཁོངས་སུ་གཏོགས་ཤིང་། ཨ་རིའི་དོན་གཅོད་འཕོ་འགྱུར་གཏོང་དགོས་པའི་རྐྱེན་རྩ་ངོ་མ་དེ་ཡང་དེ་རེད་གདའ།

  42. ཅོ་རི་ཉི་མ། says:
    2018-01-15 at 8:40 am

    ཡུལ་རྡ་སའི་ང་མཐོ་ཁོ་མཐོ་ཚོས།
    ནུབ་ཨ་རིའི་རོགས་དངུལ་མཐོང་དུས་སུ།
    ཧོར་གཡུལ་ལ་སེར་པོའི་ལ་མགོ་ན།
    གླིང་མདན་མ་ཇག་ལ་རྒྱུགས་རྒྱུགས་རེད།

    ལམ་དབུ་མའི་ང་ཡིན་ཁོ་ཡིན་ཚོས།
    རྒྱུ་དཔལ་འབྱོར་གོ་གནས་མཐོང་དུས་སུ།
    ཧོར་གཡུལ་ལ་སེར་པོའི་ལ་སྐེད་ན།
    དཔོན་ཁྲོ་ཐུང་ཇག་ལ་རྒྱུགས་རྒྱུགས་རེད།

    བོད་སྤྱི་པའི་སྤྱི་རྒྱུ་ཟེར་བ་འདི།
    གནས་དུར་ཁྲོད་ནང་གི་རོ་དང་འདྲ།
    དཔོན་མཐོ་པོ་མཇིང་པ་རིང་པོ་ཚོས།
    བྱ་རྒོད་པོས་མི་རོ་བཟའ་བཟའ་རེད།

  43. ཁུ་བྱུག says:
    2018-01-31 at 1:18 am

    བློ་སེང་གི་སྤྱོད་པ་ཇེ་ངན་ཇེ་བཙོག་རེད། ཐབས་སྐྱོ་བོ་དེ་འདྲ་ཞིག་ཡིན་པ་ཧ་གོ་མ་སོང་།

  44. ཀརྡོ་རབ་འབྱམས་པ་ says:
    2018-01-31 at 2:08 am

    ་་་་་་་་་་་ སྲིད་སྐྱོང་མཁས་དབང་མིན་ཅན་པ་བློ་སེང་ཀྱང་ཀླད་མེད་འབྱོར་ལྡན་སྐལ་རྡོར་གྱི་བྲན་གཡོག་ལྟ་བུར་མ་འགྱུར་ཐབས་མེད་རེད། སྐལ་རྡོར་ལ་བློ་སེང་ལ་དགོས་རྒྱུའི་དྲིན་ཅན་ཨ་སྒོར་ཡོད། ་་་་་་་་ ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme