Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༄༅།། པོ་གསུམ་ཅན་གྱི་སྐུ་ངོ་སྣར་སྐྱིད།

Posted on 2017-02-162017-02-18 By ཁ་བརྡ་ 19 Comments on ༄༅།། པོ་གསུམ་ཅན་གྱི་སྐུ་ངོ་སྣར་སྐྱིད།

Narkyidཆུང་ཚེ་རིང་།

སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཁ་སང་དགོངས་པ་རྫོགས་པའི་གཏམ་ཐོས། བོད་པ་ཚོས་སྔ་མོ་བོད་རང་གི་མཁས་པ་ལས་རྒྱ་གར་གྱི་ཨ་ཙ་ར་འཁྱམ་པོ་ལ་མཐོང་གཟོས་ཆེ་བ་བྱེད་པ་དང་། དེང་སང་རྒྱ་གར་བར་ཆ་རྒྱུས་བྱུང་རྗེས་མཐོང་ཆེན་བྱེད་ས་དེ་མགོ་སེར་ཚོའི་ཐོག་ཏུ་བབས་ཏེ། གནའ་བཤད་ད་བཤད་གང་དུའང་མགོ་སེར་ལ་ཁུངས་གཏུགས་ཅི་ཐུབ་དང་། བཀུར་བསྟིའི་བཞུགས་གྲལ་དང་། གཏམ་བཤད་བྱེད་མཁན་གྱི་གོ་རིམ་སོགས་གང་ལའང་བོད་རང་གི་མཁས་པའི་གོང་དུ་མགོ་སེར་ཚོ་འཇོག་བཞིན་པའི་དུས་ངན་འདིར། རང་མི་ལ་མཐོང་བྱེད་པ་མཚོན་བྱེད་དུ་ཁོང་གི་སྐོར་གླེང་འོས་པ་འདྲ།

སྐུ་ངོ་སྣར་སྐྱིད་དམ་པ་དེ་ཐོག་མར་མཇལ་བའི་དུས་ནི། ༡༩༩༤ ལོ་རེད། སྐབས་དེར་ང་རིགས་ལམ་སློབ་གཉེར་ཁང་དུ་ཡོད་ཅིང་། སྐུ་ངོ་དམ་པ་དེ་རིགས་ལམ་སློབ་གཉེར་ཁང་གིས་ང་ཚོའི་འཛིན་གྲྭར་སློབ་ཁྲིད་གནང་བར་གདན་འདྲེན་ཞུས་པ་ལྟར། དུས་ཡུན་གང་ཙམ་རིང་གཟའ་འཁོར་རེར་ཐེངས་རེ་སློབ་ཁྲིད་གནང་བར་ཕེབས། སྐབས་དེ་དུས་སྐུ་ངོ་སྣར་སྐྱིད་ཀྱིས་ངེད་ཚོར་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སྐོར་དང་། བོད་གཞུང་གི་སྒྲིག་འཛུགས་སྐོར། བོད་ཀྱི་ལོ་རྒྱུས་ཀྱི་གནད་འགག་འགའ་བཅས་གསུངས་པ་དྲན། སློབ་ཁྲིད་ཀྱི་ཉིན་ཐ་མ་དེར་ཁོང་གིས། ང་ལ་པོ་གསུམ་ཡོད། དེ་ཡང་སྐམ་པོ་དང་། ཐང་པོ། གྲུང་པོ་བཅས་པོ་གསུམ་ཡིན། རྒྱུན་དུ་ལུས་སྦྱོང་དང་ཟས་སྤྱོད་ལ་དོ་སྣང་གིས་ཤ་རྒྱགས་པ་མ་ཆགས་པ་བྱེད་ཀྱི་ཡོད། ཐ་མག་འཐེན་པ་དང་ཆང་རག་འཐུང་བ་སོགས་བྱེད་ཀྱི་མེད། ཐ་ན་ཁ་ལག་ནང་ཚུའུ་དང་ལྗང་ཡུ་སོགས་ཀྱང་མི་དགོས་པ་གཙོ་འདོན་བྱེད་ཀྱི་ཡོད། དེ་འདྲ་བྱས་པ་ལ་བརྟེན་ནས་ང་ཐང་པོ་ཡོད། ཐང་པོ་ཡོད་དུས་གྲུང་རིལ་རིལ་ཐོག་ནས་ལས་ཀ་བྱེད་ཐུབ་ཀྱི་འདུག །ཁྱེད་རང་ཚོས་ཀྱང་སྐམ་པོ་དང་ཐང་པོ། གྲུང་པོ་གསུམ་ཡོང་བ་བྱེད་དགོས་ཞེས་གསུངས་སོང་བ་དེ། ད་དུང་ཡང་གསལ་པོར་དྲན།

༡༩༩༥ ལོ་མཇུག་ནས་ཕྲན་གངས་སྐྱིད་ཀྱི་ལས་བྱེད་ཁོངས་ཞུགས། སྐབས་དེར་གངས་སྐྱིད་ཡོངས་ལ་གློག་ཀླད་གཉིས་ཙམ་ལས་མེད་པས། གཞུང་ཡིག་མང་ཆེ་བ་ལག་བྲིས་མིན་ན་ལྕགས་པར་རྒྱག་དགོས་རེད། ངས་ཐོག་མར་ལག་བྲིས་དང་། རིམ་པས་ལྕགས་པར་རྒྱག་སྟངས་སློབ་སྦྱོང་བྱས། བོད་ཡིག་ལྕགས་པར་གྱི་ཡིག་འབྲུ་དེ་ཚོའི་ཁོངས་སུ་ངས་དེ་སྔོན་རྩ་བ་ནས་མཐོང་མྱོང་མེད་པའི་ཡིག་འབྲུ་ཕ་དང་བ་ལ་ཙ་ཚ་ལྟར་ཕ་ལག་དང་བ་ལག་བསྒར་ཡོད་པ་མཐོང་ཡང་དེའི་རྒྱུ་མཚན་གསལ་པོ་མ་ཤེས། ཕྱིས་སུ་ལྕགས་པར་དེ་ནི་སྐུ་ངོ་སྣར་སྐྱིད་ཀྱི་གསར་གཏོད་ཡིན་པ་དང་། ཕ་དང་བ་ལག་པ་ཅན་དེ་ཡང་། སྐུ་ངོ་སྣར་སྐྱིད་ཀྱིས་དབྱིན་སྐད་ཀྱི་ F དང་ V ཡི་སྒྲ་གདངས་མཚོན་བྱེད་དུ་གསར་བཟོ་བྱས་པ་རེད་འདུག དེའི་སྐོར་ལ་ཁོང་གིས་རྩོམ་ཡིག་ཅིག་ཀྱང་བྲིས་འདུག་པ་བོད་ཀྱི་བརྡ་སྤྲོད་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་འདུའི་དཔེ་དེབ་ནང་བཀོད་འདུག །

16712050_1375910792482585_5365194579537936661_nཁོང་གིས་གསར་གཏོད་གནང་བའི་ལྕགས་པར་དེ་ལས་སླ་པོར་བྱུང་བ་ཞིག་ནི་ཡིན་གྱི་མ་རེད། ཐོག་མར་དབྱིན་ཡིག་སོགས་ཀྱི་ལྕགས་པར་གྱི་མཛུབ་མིག་བཀོད་སྒྲིག་བྱེད་སྟངས་དང་། དེ་ལ་མང་མཐའ་མཛུབ་མིག་ག་ཚོད་ཡོད་ཆོག་པ་སོགས་ཞིབ་འཇུག་བྱེད་དགོས། དེ་ནས་བོད་ཡིག་གི་མགོ་ཅན་འདོགས་ཅན་དང་། སྔོན་འཇུག་རྗེས་འཇུག །མིང་གཞི། ལོག་ཡིག མཐུག་པོ་སོགས་ག་ཚོད་ཡོད་པ་དང་དེ་དག་ཇི་ལྟར་ལྕགས་པར་གྱི་མཛུབ་མིག་ནང་ཚུད་པ་བྱ་དགོས་མིན་བསམས་གཞིགས་དང་འཆར་འགོད་བྱེད་དགོས། འཆར་འགོད་དེ་ཡང་བོད་ཡིག་གི་ནང་ནས་བེད་སྤྱོད་ཆེས་མང་ཤོས་རྣམས་མཛུབ་མོས་སྙོབས་བདེ་སར་འཇོག་དགོས་པ་དང་། བེད་སྤྱོད་ཉུང་བ་རྣམས་ལྕགས་པར་མཛུབ་མིག་གི་མཐའ་ལ་འཇོག་དགོས་པས། དེ་ཚོར་ཡང་ཞིབ་འཇུག་དང་བཀོད་སྒྲིག་ཞིབ་ཚགས་བྱེད་དགོས་པ་ཞིག་རེད། བཀོད་སྒྲིག་དེ་ཚོ་ཡང་རྒྱ་གར་གྱི་ལྕགས་པར་བཟོ་གྲྭར་འབྲེལ་གཏུགས་ཀྱིས་གནང་དགོས་པས་ལས་རྙོག་དང་འགྲོ་སོང་ཆེ་ཙམ་ཞིག་རེད། སྐུ་ངོ་སྣར་སྐྱིད་དམ་པ་དེས། ལས་དོན་དེ་དག་ཇི་ལྟར་སྒྲུབ་མིན་དང་། ཁོང་ལ་ཕྱག་རོགས་ཡོད་མེད་སོགས་མི་ཤེས། ཁོང་གིས་གསུངས་པ་ཡང་མི་དྲན། གང་ལྟར་ཁོང་གིས་གསར་གཏོད་གནང་བའི་ལྕགས་པར་དེ་ནི་གངས་སྐྱིད་དུ་ཕྱི་ལོ་ ༢༠༠༡ ཙམ་བར་བེད་སྤྱོད་བྱེད་ཀྱི་ཡོད། ཕྱིས་སུ་བཙན་བྱོལ་ནང་བཟོས་པའི་གློག་ཀླད་ཀྱི་བོད་ཡིག་མཛུབ་མིག་བཀོད་སྒྲིག་བྱེད་སྟངས་ཐད། སྐུ་ངོ་སྣར་སྐྱིད་ཀྱི་ལྕགས་པར་དེས་རྨང་གཞི་ཡག་པོ་བསྐྲུན་ཡོད།

༡༩༦༠ རེ་གྲངས་ནས་ ༧༠ དོན་གྲངས་བར་གྱི་དུས་ཡུན་ནང་། བཙན་བྱོལ་ནང་རྒྱ་ཡིག་ཤེས་མཁན་དཀོན་པས། སྐུ་ངོ་སྣར་སྐྱིད་དམ་པ་དེས། ཕྱི་སྲིད་དྲུང་ཆེ་གནང་ཞོར་རྒྱ་སྐད་རླུང་འཕྲིན་གྱི་གལ་ཆེའི་གསར་འགྱུར་དང་གནས་ཚུལ་ཁག་ཐད་ཀ་ཐད་ཀར་བོད་ཡིག་ཏུ་ཕབ་ནས། ༸གོང་ས་མཆོག་གིས་དབུས་བོད་གཞུང་གི་མཛད་གཙོ་ཚོར་ཕུལ་བ་སོགས་ཞབས་འདེགས་རྔོ་ཐོགས་པ་ཞུས་ཚུལ་གོ་མྱོང་། ནམ་རྒྱུན་བོད་སྐད་དང་དབྱིན་སྐད། རྒྱ་སྐད་གསུམ་ཀའི་ཐོག་ནས་བཀའ་མོལ་གནང་ཐུབ་མཁན་ཞིག་རེད།

ཕྲན་དང་གྲོགས་པོ་བསོད་རྡོར་གྱིས་མཉམ་དུ་གྲོས་མཐུན་དོན་ཚན་བཅུ་བདུན་སྐོར་ལ་དཔྱད་ཞིབ་ཀྱིས་དེབ་ཅིག་བྲིས་རྗེས། སྐུ་ངོ་ཕྲན་སར་ཤེས་རིག་ལས་ཁུངས་ལ་ཐེངས་གཅིག་ཆེད་དུ་ཕེབས་ནས། ཁྱེད་རང་གཉིས་ཀྱི་དེབ་ནང་། གཞུང་ལ་སྲིད་གཞུང་ཞེས་བྲིས་པ་དེ་ཡག་པོ་མི་འདུག །སྲིད་གཞུང་ཞེས་པ་རྒྱ་མི་སླེབས་རྗེས་ཀྱི་འབྲི་སྟངས་ཤིག་རེད། དེ་སྔོན་གཞུང་རང་འབྲི་གི་རེད་ཅེས་ནན་ཏན་ཆེན་པོས་གསུངས་བྱུང་བར། ཕྲན་གྱིས་མོས་མཐུན་མ་ཞུས་ཀྱང་ཁོང་གི་གནང་སྟངས་ལ་གུས་ཞབས་ཞུས་པ་ཡིན།

ཕྲན་གྱིས་འབའ་པ་ཕུན་ཚོགས་དབང་རྒྱལ་གྱི་ལོ་རྒྱུས་བོད་མི་གསར་བརྗེ་བ་ཞེས་པ་དེ་བོད་ཡིག་ཏུ་བསྒྱུར་རྗེས། སྐུ་ངོ་ཡང་ཆེད་དུ་ངའི་ལས་ཁུངས་སུ་ཕེབས་ནས། དེབ་དེ་བསྒྱུར་བ་འགྲིག་མི་འདུག །ཕུན་དབང་ལ་ཆེ་བརྗོད་བྱས་པ་དེ་ཡང་འགྲིག་མི་འདུག །མི་འདི་རྒྱ་མི་བོད་ལ་འཁྲིད་ཡོང་མཁན་རེད་ཅེས་གསུངས་བྱུང་བར། ཕྲན་གྱིས་ཁོང་ལ་གུས་བརྩི་དང་སྦྲགས་རང་ཉིད་ཀྱི་རྒྱུ་མཚན་ཚང་མ་གསལ་པོ་ཞུས། ཁོང་གིས་ཀྱང་ཞིབ་པར་གསན་རྗེས། ཁྱེད་རང་གིས་གོ་ཤེས་ཉན་ཤེས་བྱེད་སྟངས་དང་སོ་སོའི་ལྟ་བ་གསལ་པོར་བརྗོད་པ་དེ་ལ་ང་རྒད་པོ་དགའ་པོ་བྱུང་ཞེས་གསུངས། ཕྱིས་སུ་ཚོགས་འདུ་ཁ་ཤས་ནང་དུའང་ཕུན་དབང་ཡག་པོ་མིན་པའི་སྐོར་གསུངས་པ་ཐེངས་ཁ་ཤས་ཐོས།

བར་སྐབས་ཤིག་ལ་ཁོང་གིས་གཞུང་ལས་སྲིད་གཞུང་ཞེས་འབྲི་མི་འོས་པ་དང་། བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་ཀྱི་ཆ་ཚད་གཅིག་གྱུར་དགོས་པ་སོགས་ཀྱི་ཞུ་འབོད་གནང་སོང་ཞིང་། ཞུ་འབོད་དེ་ཚོ་ཡང་ཁོང་ངོ་མ་འབྲེལ་ཡོད་ལས་ཁུངས་དང་ལས་བྱེད་སར་ཆེད་ཕེབས་ཀྱིས་གནང་སོང་། ཞུ་འབོད་དེ་ཚོར་རྒྱུ་མཚན་བརྟན་པོ་ཇི་ཙམ་ཡོད་མ་ཤེས་ཀྱང་། མྱོང་ཅན་མཁས་པ་ཞིག་གི་ཚད་ནས་དོ་སྣང་དང་ཁུར་བཞེས་སྟངས་དེ་སྣང་བར་འགྲོ་བ་ཞིག་རེད།

སྐུ་ངོ་སྣར་སྐྱིད་ཀྱི་མི་ཚེའི་ཆ་ཤས་གལ་ཆེ་ཤོས་ཤིག་ནི། ༸གོང་ས་མཆོག་གི་མཛད་རྣམ་རྩོམ་སྒྲིག་ཐད་བཏང་སོང་སྙམ་ཡང་། དེའི་ཐད་ཡང་སྙིང་གང་དང་གང་གནང་ཡོད་མེད་ཕྲན་ལ་ཆ་རྒྱུས་མེད། མཛད་རྣམ་དེབ་དེའི་ཆ་ཤས་༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གི་རྣམ་ཐར་ཐད་ལ་ཁོང་གིས་ཞིབ་དཔྱད་ཡག་པོ་གནང་མེད་དམ་སྙམ་སྟེ། ཕྱིས་སུ་བོད་ཀྱི་དཔེ་མཛོད་ཁང་གིས་སྐུ་ངོ་སྣར་སྐྱིད་ཀྱི་མཚན་ཐོག་ནས་༸གོང་ས་བཅུ་གསུམ་པ་ཆེན་པོའི་རྣམ་ཐར་དེབ་ཆེན་ཞིག་བཏོན་སོང་དྲན། དེ་མིན་དབྱིན་བོད་ཀྱི་ཚིག་མཛོད་ཅིག་ཀྱང་བརྩམས་འདུག་པ་དེ་ཡང་བོད་ཀྱི་དཔེ་མཛོད་ཁང་ནས་སྤར་འདུག་དྲན།

ངས་སྐུ་ངོ་སྣར་སྐྱིད་དམ་པ་དེ་མཁས་པ་ཆེན་པོ་དང་། མཛད་འཕྲིན་ཧ་ཅང་རྒྱས་པོ་དེ་འདྲ་རེད་དྲན་གྱི་མེད། ཡིན་ན་ཡང་ངས་ཁོང་ལ་གུས་བརྩི་དང་རྗེས་དྲན་ཞུ་གི་ཡོད། གང་ཡིན་ཟེར་ན། ཁོང་གིས་འཇོན་རུང་མ་འཇོན་རུང་། མི་ཚེ་ཧྲིལ་པོ་བོད་དོན་ཆེད་བཏང་བ་རེད། དགྲ་གཉེན་ངོ་ཤེས་པ་རེད། ཐོས་པ་རྒྱ་ཆེན་བསགས་པ་རེད། རང་གི་ལྟ་ཚུལ་གསལ་འདོན་གནང་བ་རེད། རྩོམ་ཡིག་མང་པོ་བྲིས་པ་རེད། ཐབས་ཤེས་མང་པོ་གནང་བ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་གུས་འདུད་དང་རྗེས་དྲན་ཞུ། གུས་ཆུང་ཚེ་རིང་གིས་ ༢༠༡༧ ཟླ་ ༢ ཚེས་ ༡༥ ཉིན་ཤར་མར་སྤེལ།།

རྩོམ་རིག

Post navigation

Previous Post: ཤེས་མྱོང་རྒྱུས་གསུམ་འཛོམས་པའི་མཁས་དབང་ཞིག་སྐུ་གཤེགས་པར་མྱ་ངན་ཞུ།
Next Post: སྔོན་གྱི་རིག་གནས་ནང་འདྲེན་དང་དེང་གི་རིག་གནས་ཕྱིར་འཚོང་ཐད་ཀྱི་བསམ་གཞིགས་ཐོར་བུ།

Comments (19) on “༄༅།། པོ་གསུམ་ཅན་གྱི་སྐུ་ངོ་སྣར་སྐྱིད།”

  1. ཀླུ་སྨྱོན། says:
    2017-02-16 at 2:02 am

    རྒྱ་གར་ནས་ཁོང་ལ་ཐུག་མ་མྱོང་། ཧོར་འཇིགས་དང་པ་བའི་སྐོར་རྩོམ་ཡིག་འབྲི་རེས་བྱས་པ་ཡིན་ནམ་བརྗེད་ཟིན། ཉིས་སྟོང་བཅུ་ལོར་ཁེ་ན་སྒྲའི་གྲོང་ཁྱེར་ཝེན་ཁོ་ཝེར་དུ་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་སྟེང་འཕྲད་སོང་། ཁོང་གིས་གོང་ས་ཏྰ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་སྲིད་དོན་ལོ་རྒྱུས་ཤོག་ལྷེ་ཁ་ཤས་ཡར་མར་ལ་སྤྲད་ནས་བོད་ནས་ཚོགས་འདུར་བསླེབས་པའི་མི་སེམས་ཆུང་འགའ་རེ་ཅུང་མི་བདེ་བ་བཟོས་སོང་། དེ་ཙམ་མ་གཏོགས་འཆར་སྣང་ཅི་ཡང་མེད།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2017-02-16 at 2:51 am

    སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་ལེགས་སྐུ་གཤེགས་པ་ཐོས། ཁོང་ལན་འགའ་ཤས་མཇལ་མྱོང་། ལན་ཅིག་ཁོང་དང་མཉམ་དུ་རླངས་འཁོར་ཞིག་གི་རྐུབ་སྟེགས་གྲལ་མཚེས་སུ་ཡོད་པ་ན། བོད་ཚིག་ག་ཁ་ཤས་སྐོར་ལ་བགྲོ་གླེང་བྱུང་། སླར་གཞོན་ནུ་བློ་གྲོས་དང་ལྡན་པ་ཞིག་ཏུ་གྱུར་ནས། བོད་སྐད་ཉམས་པ་དེ་སླར་ཡར་སླང་ཐུབ་པའི་མཁས་པ་འགྲན་ཟླ་མེད་པ་ཞིག་གྱུར་ཅིག སྨོན་ནོ།

  3. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2017-02-16 at 3:20 am

    ཧཧཧཧཧ་་་་སྐུ་ངོ་ལྟ་ཞེན་ཅན་ཞིག་རེད་འདུག་ཨང་། ཕུན་དབང་མེད་ན་གུང་བྲན་བོད་ལ་ཡོང་མི་ཐུབ་པ་དེ་འདྲ་བསམ་མཁན་་་་་་་ཧིན་་་་་

  4. མི་ཆུང་། says:
    2017-02-16 at 5:31 am

    མི་ཀླད་པ་ཅན་ཚོར་སྐད་ཆ་དགོད་བྲོ་པོ་དེ་འདྲ་ཡོད། ཕུན་དབང་སྐྱེས་ཀྱང་རུང་མ་སྐྱེས་རུང་། རྒྱ་མི་བོད་པ་ཡོང་གི་རེད། ཐར་གྱི་རེད། དེས་ཕུན་དབང་དྲུད་ནས་ཕན་མི་ཐོགས།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-16 at 7:12 am

    འདས་པ་རྗེས་འདེད་བྱེད་པ་བྱིས་པའི་བློ་།
    མ་འོངས་མདུན་བསུ་བྱེད་པ་རྒན་ཁོག་བློ་།
    ད་ལྟ་ལག་ལེན་ལྟར་བ་མཁས་པའི་བློ་།
    དུས་གསུམ་མཉམ་སྲེས་བྱེད་པ་རྩིས་མཁན་བློ་།

  6. འབྲོང་བུ་སོག་ཚ། says:
    2017-02-16 at 10:15 am

    ཨ་ཙ་ར་མ་རེད། ཨཱ་ཅརྱ་རེད། གོ་དོན་ནི། སློབ་དཔོན་ཞུ་བ་རེད།

  7. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-16 at 11:20 am

    ཨ་ཙ་ར་དང་ཨཱ་ཅརྱ་ངོ་མི་ཤེསཔའི་མཁས་པ་ཧ་ཧ་

  8. བྱང་ཆུབ་ལོ་མ། says:
    2017-02-16 at 5:27 pm

    སྔོན་ཆད་རྒྱ་གར་ལ་ཨཱཅྱ་ཟེར་བ་སློབ་དཔོན་ལ་སྦྱོར་བ་ཡིན་ཤག ཡིན་ནའང་། རང་རེ་བོད་ལ་ཝ་ན་མཐོ་སློབ་ནས་ཨཱཅྱ་ཟེར་བ་དེ་འདྲ་ཁ་ཤས་བྱུང་བ་དེ་ཚོའི་ནང་ན། སློབ་དཔོན་དང་མཁས་པ་ཡིན་པ་མི་འདུག དེའི་་རྒྱུ་མཚན་གྱིས་ཨཱཅྱ་ལབ་ན། ག་རེ་ཡིན་པ་ཤེས་མཁན་ཡང་དཀོན་པོ་ཆགས་པ་མིན་འགྲོ། སྐུ་རྩེད་ཡིན་ད།

  9. བྱང་ཆུབ་ལོ་མ། says:
    2017-02-16 at 5:28 pm

    ཨཱ་ཅརྱ་་་་རེད།

  10. Abharu Jigwang says:
    2017-02-16 at 11:17 pm

    ༅༅། བགྲེས་པ་རྣམ་པ་རིམ་བཞིན་སྐུ་གཤེགས་ཕེབས།
    གཞོན་པ་རྣམས་ནི་ནུབ་ཕྱོགས་ལུང་པར་བསྐྱོད།
    བོད་ཀྱི་སྐད་ཡིག་རིག་གནས་རྩ་ཆེན་རྣམས།
    རིམ་བཞིན་ཡལ་བར་འདྲོ་བ་སེམས་རེ་སྐྱོ།

  11. དགེ་འདུན་རྒྱ་མཚོ། says:
    2017-02-16 at 11:49 pm

    ཆུང་ཚེ་རིང་གིས་བྲིས་པ་འདི་དྲང་བོ་དྲང་རྐྱང་རེད་བསམ་སོང་། 

  12. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-17 at 12:05 am

    ཨ་ཙ་ར་ཟེར་ན་རྒྱ་གར་གྱི་གཅེར་བུའི་ཆོས་བྱེད་མཁན་ (ས་ཏུ་སྦ་ཝ་ལ་གོ་དགོས་པ་དང་)
    (ཨཱ་ཅརྱ་)ཟེར་ན་སློབ་དཔོན་ལ་གོ་དགོས་པ་མ་རེད་དམ་?

  13. འབྲོང་བུ་སོག་ཚ། says:
    2017-02-17 at 10:03 am

    ཧ་ཧ། ཝར་ཎ་མཐོ་སློབ་ནས་ཐོན་མཁན་ཚང་མ་ལ་སློབ་དཔོན་གྱི་ཤེས་ཚད་ཡོད་པའི་ཁྱབ་པ་གང་ཡང་མེད། དཔེར་ན། དུས་རབས་དྲུག་པ་དང་བདུན་པ་ཙམ་ནང་སྙན་གྲགས་ལྡན་པའི་དཔལ་ན་ལནྜ་མཐོ་སློབ་ནས་ཐོན་མཁན་རྣམས་ལ་གཟིགས་ན་ཤེས་ནུས། ད་ལྟ་ང་ཚོ་བོད་ཀྱི་ཆོས་བརྒྱུད་ཁག་གིས་བཞེད་སྲོལ་ནང་རྒྱན་དྲུག་མཆོག་གཉིས་ཞུ་བ་དང་། ལ་ལས་པཎ་གྲུབ་བཅུ་བདུན་ཞུ་བ་རྣམས་ཆེས་སྙན་ལྡན་པའི་མཐོ་སློབ་དེ་ལྟ་བུའི་ནང་མི་དེ་ཙམ་ཞིག་མ་བྱུང་བ་གང་ཡིན་པ་དེས་རྟོགས་སླ།

  14. གཡུ་ཐོག་བུ། says:
    2017-02-17 at 11:17 am

    ཆུང་ཚེ་རིང་གིས་སྐུ་ངོ་སྣང་སྐྱིད་ཡར་བཏེགས་ཞོར་རང་ཉིད་མཁས་པར་སྒྲུབ་སོང་། ཧཧཧཧ སྐུ་ངོ་མཆོག་གི་ལོ་མང་མཁས་པའི་ཉམས་མྱོང་རྣམས་ལ་ཁས་མི་ལེན་ཟེར།

  15. དགའ་བྱེད། says:
    2017-02-17 at 1:06 pm

    དྲང་པོ་བྲིས་འདུག
    སྣར་སྐྱིད་མཁས་པ་ཞིག་རེད་མི་འདུག་སྟེ། ལོ་རྒྱུས་མི་སྣ་གལ་ཆེན་ཞིག་ཆགས་པ་རེད།

  16. ནུབ་ཕྱོགས་གངས་ཕྲུག says:
    2017-02-18 at 10:00 am

    དམར་ཤོག་བོད་ལ་འཁྲིད་ནས་རམས་འདེགས་ཞུ་མཁན། འབའ་བ་ཕུན་ཚོགས་ལ་སོགས་པ་རེད།

  17. ལས་དབང་། says:
    2017-02-18 at 9:32 pm

    མི་ཕོ་ཁོང་གི་མཛད་བརྗེས་ལ་ཡིད་རང་དང་ཞུ།

  18. ལས་དབང་། says:
    2017-02-18 at 10:18 pm

    མི་ཕོ་ཁོང་གི་གསར་གཏོད་གནང་བའི་ལྕགས་པར་དེ་ཁོ་ནས་མཁས་པ་ཡིན་པ་མཚོན་ཐུབ།

  19. རྟ་བདུན་དབང་བོ says:
    2017-02-19 at 9:16 pm

    ལོ་ངོ་གཅིག་སྟོང་ཡས་མས་སུ་རྒྱ་གར་ན་ནང་པ་དང་ཕྱི་རོལ་པའི་པཎྚི་ཏ་ཚོས་སྒྲ་དང་ཚད་མ་སོགས་རྩོད་པ་བྱེད་སྲོལ་ཡོད་ས་རེད། ནཱ་ལན་ཊ་སོགས་དགོན་པོ་ཆེན་པོ་དེ་ཚོར་པཎྚི་ཏའི་སྒོ་སྲུང་ཡོད་པ་ལོ་རྒྱུས་ནང་དུ་གསལ། དེང་དུས་རྒྱ་གར་ན་ཕྱི་རོལ་པའི་རྟོག་གེ་རིགས་པར་མཁས་པ་ཆེན་པོ་སྔོན་ཆད་བཞིན་ཨེ་ཡོད་ན། ད་དུང་སྔགས་པ་མང་པོ་ཡོད་ས་རེད་མ་གཏོགས་མཁས་པ་ཆེན་པོ་ཡོད་དམ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme