Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀུན་མཁྱེན་རོང་ཟོམ་གཉིས་པ་མཁན་ཆེན་ཆོས་ཁྱབ་ལ་བསྔགས་པ་གློག་ཞགས་དམར་པོའི་མདུད་པ།

Posted on 2020-09-172020-09-17 By ཡེ་ཤེས་ 3 Comments on ཀུན་མཁྱེན་རོང་ཟོམ་གཉིས་པ་མཁན་ཆེན་ཆོས་ཁྱབ་ལ་བསྔགས་པ་གློག་ཞགས་དམར་པོའི་མདུད་པ།

ཀླུ་སྨྱོན་ཧེ་རུ་ཀ

རིག་སྟོང་རྡོ་རྗེའི་གཟི་འོད་དཀར་པོ་གངས་རིའི་ལྗོངས་སུ་ལན་བརྒྱར་འཁྱུགས་པ་མི་ཤིགས་ཐིག་ལེར་ཀུན་ནས་བཟླུམས་པ་ཡི།།
རྒྱལ་ཀུན་འཕྲིན་ལས་བྱེད་པོ་ཉག་གཅིག་སློབ་དཔོན་པདྨ་ཐོད་ཕྲེང་རྩལ་ཞེས་ཕྱོགས་ཀྱི་བུ་མོའི་རྣ་རྒྱན་མཛེས་པ་གང་།།
སྙིང་དབུས་འོད་ལྔའི་གུར་ཁང་ཡངས་པོར་བྱིན་རླབས་འབུམ་གྱི་དྲོད་ཁོལ་དང་བཅས་དུས་དང་དུས་སུ་བཞུགས་པའི་བརྡ་རྟགས་ལས།།
མཐའ་ཀླས་སྒྱུ་འཕྲུལ་དྲ་བའི་རོལ་མོ་སྲིད་ན་དྲེགས་ལྡན་སྙིང་གི་གཤེད་དུ་སྤྲོ་བའི་མིག་འཕྲུལ་དེ་རིང་འདི་ན་སྣང་།།

འཆད་པའི་མཁའ་ལ་སྒྲ་ཚད་མདོ་སྔགས་ཕྱི་ནང་རིག་པའི་སྤྲིན་ཆེན་གཏིབས་ཤིང་དགེ་ལེགས་སྦྲང་ཆར་དུས་དང་དུས་སུ་འཇོ།།
རྩོད་པའི་གནམ་རུར་ཐལ་འགྱུར་འབུམ་གྱི་ཉག་ཕྲན་ལྟོང་སྦྱར་ལུང་རིགས་མཐེ་མོའི་སྟོབས་སུ་རྫོགས་པས་ཕས་ཀྱི་རྒོལ་བ་འཇོམས།།
རྩོམ་པའི་རྒྱ་མཚོ་སྙན་ངག་ཝུ་དཀར་ངང་བའི་བུ་མོ་འབུམ་གྱི་རོལ་སྒེག་དོན་ཟབ་རྦ་རླབས་གདེངས་ཀ་ཆེ་ཆེར་མཐོ།།
རོང་ཟོམ་པ་ཞེས་གངས་རིའི་ལྗོངས་ཀྱི་པཎ་ཆེན་མཁས་དགུའི་ཅོད་པན་མཆོག་ཏུ་རྒྱལ་ཀུན་མགྲིན་གཅིག་བསྔགས་པ་དེང་འདིར་དྲན།།

པདྨ་རྒྱལ་པོའི་བཀའ་རྟགས་ཅོད་པཎ་ཐ་ཚིག་མདུད་རྒྱས་དམ་དུ་བཅིངས་པའི་སྲིད་པའི་ལྷ་ཆེན་དུ་མའི་གནས་མཆོག་སྟེ།།
ཟལ་མོ་སྒང་ཞེས་ནོར་འཛིན་ཐིག་ལེར་གསེར་ཆབ་སྔོན་མོའི་ལང་ཚོའི་མཛེས་པར་སྐྱེ་འགྲོའི་གཞོན་ནུས་རོལ་པའི་ལྗོངས་དེ་རུ།།
དཔའ་མཛངས་ཡབ་ཆེན་མནྡྷ་ར་ཡིས་བྱམས་ལྡན་ཡུམ་གྱི་ཆུ་གཏེར་བསྲུབས་ལས་གཟུགས་སྐུའི་ཉི་ཟླའི་མཆོད་སྡོང་ངོ་མཚར་བ།།
བལྟམས་པའི་དུས་སུ་སྲིད་ཞིའི་དྲེགས་ལྡན་ཆེ་རྒུ་ཀུན་གྱི་རལ་བའི་ཅོད་པཎ་ཁྱོད་ཉིད་བཞུགས་པའི་གདན་དུ་ཕུལ་ཞེས་གླེང་།།

ལྷ་ཡི་ལམ་དུ་འཇའ་ཚོན་འོད་ལྔའི་གུར་ཁྱིམ་མཛེས་པ་མིག་གི་མདུད་རྩིར་རིང་ནས་སྨིན་པའི་རྟེན་འབྱུང་མ་འགག་ཅིང་།།
དབྱིག་འཛིན་སྒེག་མོས་དགུན་གྱི་དུས་ཀྱང་སྣ་ཚོགས་མེ་ཏོག་སར་བའི་རྒྱན་ཕྲེང་རྫོགས་ལྡན་དུས་སྟོན་མགྲོན་དུ་འབོད་ཕྱིར་བཏགས།།
གང་ཉིད་ན་ཚོད་གཞོན་ནུའི་དུས་ཀྱང་གཞན་སེམས་ཤེས་པའི་མངོན་ཤེས་ལ་སོགས་ཚོགས་བསགས་སྒྲིབ་གཉིས་དག་པའི་ལག་རྗེས་དང་།།
སྲིད་པའི་མུན་ཁྲོད་ཅི་དགར་འཁྱམ་པའི་འགྲོ་བ་ཀུན་ལ་བུ་གཅིག་ལྟར་བརྩེ་བྱམས་ཆེན་བདུད་རྩིས་ཐུགས་ཀྱི་བུམ་བཟང་གཏམས།།

ན་ཚོད་ཅུང་ཟད་དར་ལ་བབས་དུས་ཡི་གེའི་ཕྱི་མོ་འབྲི་ཀློག་ལ་སོགས་ཅུང་ཟད་བསྟན་པ་ཙམ་གྱིས་ཐུགས་སུ་ཆུད་།།
གར་ཐིག་དབྱངས་རོལ་སྒྲུབ་འཕྲིན་ཕྱག་བཞེས་སྔོན་བྱོན་དམ་པའི་ཕྱག་བཞེས་སྣ་ཚོགས་ཁྱོད་ཐུགས་ཡོལ་གོར་ངལ་མེད་ཀུན་ནས་འཁྱིལ།།
ཤྰི་ལའི་མཚན་ཅན་འདྲེན་པ་གང་ལས་བྱང་གཏེར་རྫོགས་ཆེན་སྔོན་འགྲོ་ལ་སོགས་སྔ་འགྱུར་གདམས་ཟབ་མ་ལུས་ཐུགས་སུ་ཆུད།།
ཀུན་ཀྱང་ཐོས་པ་ཙམ་དུ་མ་བཞག་སྒྲུབ་པའི་རྒྱལ་མཚན་མཐོན་པོར་བསྒྲེངས་ཏེ་ཉམས་རྟོགས་རྒྱལ་ཀུན་དགྱེས་པའི་རྒྱལ་རྔ་བརྡུངས།།

གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་འོད་གསལ་སེམས་ཀྱི་རང་བཞིན་གང་ཡིན་དམ་པའི་མགོན་ལ་རྟོགས་འབུལ་ཞུས་པའི་ཚེ།།
གཞོན་ནུ་ཁྱོད་ཀྱིས་སྔ་འགྱུར་ཡབ་གཅིག་ཀུན་མཁྱེན་མཚོ་སྐྱེས་རྡོ་རྗེའི་དགོངས་ཟབ་མཐའ་དག་རྟོགས་ཞེས་བསྔགས་པའི་རོལ་མོ་བཀྲོལ།།
ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་འདི་དང་ཕྱི་མའི་མགོན་དཔུང་མཆོག་ཏུ་དམ་པའི་རང་བཞིན་འོད་ཀྱི་ཐིག་ལེར་བཅས།།
པདྨ་ལྟར་དཀར་ཆོས་དབྱིངས་རབ་འབྱམས་ཀུན་ཏུ་ཁྱབ་པའི་སྒྱུ་འཕྲུལ་དྲ་བར་ཁྱོད་ཉིད་གཅིག་བུ་བཞེངས་པའི་བརྡ་ཐབས་བསྒྱུར།།

རྒྱལ་ཀུན་འཕྲིན་ལས་གདུགས་དཀར་ཡུ་བ་ཚོགས་གཉིས་དཔུང་བས་འདེགས་པར་རབ་སྤྲོ་ཨོ་རྒྱན་ཆེན་པོ་པདྨ་ཀྰ་ར་ཞེས།།
མཚན་ཙམ་གྱིས་ཀྱང་འབུམ་ཕྲག་མཁའ་འགྲོའི་སྙིང་དབུས་ཆགས་པའི་ལྕགས་ཀྱུ་འདེབས་གང་ཚེ་རབས་ལས་ཀྱི་འདྲེན་པ་ཆེར་བཞེངས་ཏེ།།
གང་དེའི་བཀའ་ཡི་ཐང་ཡིག་ཆེན་མོ་བསམ་རྒུ་མ་ལུས་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་དད་གདུང་སྤྲིན་དུ་དཀྲིགས་པ་ཡིས།།
ཕྱི་ནང་རྒུད་ཚོགས་དབྱིངས་སུ་ཞི་ཞིང་ཐོས་བསམ་སྒོམ་པའི་བགྱི་བ་མཐའ་དག་ཚེགས་མེད་འགྲུབ་པའི་དགའ་སྟོན་ཨེ་མ་ཧོ།།

ཆོས་ཀྱི་རྒྱལ་མཚན་རིག་པའི་རྡོ་རྗེ་མཁྱེན་རབ་ཆོས་དབྱིངས་རང་གྲོལ་ལ་སོགས་དམ་པའི་མགོན་གྱི་མ་དྲོས་མཚོ་ཆེན་ལས།།
ཐེག་དགུའི་གདམས་པ་ཁ་འབབ་རྣམ་བཞི་ཉིན་དང་མཚན་གྱི་དབྱེ་བ་དང་བྲལ་ཆལ་ཆལ་འབབ་པའི་རྩེ་དགའ་མ་རྙིང་བས།།
ཁྱོད་ཐུགས་ནོར་འཛིན་ཡངས་པའི་ཁྱོན་ཀུན་དགེ་ལེགས་གསེར་གྱི་མྱུ་གུས་ཡོངས་ཁེབས་གདུལ་བྱའི་ཆོས་ཀྱི་དབུལ་བ་ཅིག་ཅར་སེལ།།
ཆོས་ཁྱབ་ཅེས་པའི་མཚན་གྱི་མེ་ཏོག་མཐོང་ཐོས་དྲན་པའི་སྐད་ཅིག་རེར་ཡང་འགྲོ་ཚོགས་མུན་པའི་གཡུལ་ལས་སྐྱོབ་པར་མཛད།།

བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་ལ་སོགས་དམ་པའི་མཚན་ཉིད་ཀུན་ལྡན་མཁས་པའི་ཁྱུ་མཆོག་དེ་ཚོའི་སྤྱན་སྔ་ལས།།
སྒོ་གསུམ་གུས་པའི་མེ་ཏོག་གསར་པའི་རྒྱན་ཕྲེང་དོ་ཤལ་དྲི་བསུང་མ་རྙིང་གུས་རྟག་བརྩོན་པའི་སོར་མོའི་རྒྱན་སྤྲས་ཏེ།།
ཀུན་ཏུ་བཟང་པོ་བླ་མའི་ཚུལ་འཆང་ཞལ་ལུང་ལྷ་ཡི་བདུད་རྩིའི་ཐིགས་པ་དབུ་སྤྱོད་འདུལ་བའི་རོ་མངར་འབྱམས་ཀླས་པ།།
གུས་རྟག་བརྩོན་པའི་ལྗགས་ཀྱིས་མྱངས་ཏེ་ཟབ་གསང་ཐུགས་ཀྱི་སྒྲོམ་བུའི་ཟུངས་སུ་མི་ཤིགས་རྡོ་རྗེའི་རྒྱ་ཡིས་ཡོངས་སུ་བཏབ།།

ལྷག་པར་ཁྱབ་བདག་གདོད་མའི་མགོན་པོ་མི་ཡི་ཟོལ་དུ་རེ་ཞིག་བྱོན་པ་གཡུ་ཁོག་འཇིག་རྟེན་བྱ་བ་ཀུན་བྲལ་བ།།
ཆོས་ཀྱི་དབྱིངས་ལས་ཆོས་ཀྱི་རྗེར་བཞེངས་དུག་ལྔའི་རྟོག་ཚོགས་མ་ལུས་རང་གྲོལ་སྲིད་ཞིའི་འདྲེན་པ་ཆེན་པོ་དེ་ཡི་དྲུང་།།
སྐྱབས་འགྲོ་སེམས་བསྐྱེད་རྒྱལ་སྲས་ལག་ལེན་ངེས་ཤེས་སྒྲོན་མེའི་སྣང་བ་ཆེན་པོ་སྲིད་མུན་དྲུངས་ནས་འབྱིན་པའི་གཉེན་གཅིག་བུ།།
ཁྱད་པར་རྫོགས་ཆེན་མན་ངག་ཞལ་ཤེས་གདམས་ཟབ་གསེར་སྲང་འབུམ་གྱིས་མི་བསྒྲུན་ཁྱོད་ལ་ཕ་ནོར་མ་ལུས་ཆིག་རྫོགས་བསྩལ།།

ནམ་ཞིག་སྔོན་སྨོན་ཐུགས་བསྐྱེད་དུས་བབས་མཚན་ལྡན་བླ་མའི་ལུང་བསྟན་དང་བཅས་ཚེ་རབས་དུ་མའི་འདྲེན་པ་ཟླ་མེད་པ།།
བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་མཁས་བཙུན་བཟང་པོའི་འོད་དམར་སྤྲིངས་ཡིག་ཕྱོགས་བཞིའི་མཁས་རྒུའི་དད་གསུམ་རྒྱན་མཛེས་པ།།
གང་དེའི་ཞབས་པད་གསེར་གྱི་མེ་ཏོག་སྒོ་གསུམ་གུས་པའི་སྐྱེད་ཚལ་མཛེས་མའི་ཡོན་ཏན་རྣ་ལུང་སྒེག་པའི་འཕྱངས་འཕྲུལ་བཅས།།
ཁྱོད་ཡོན་རྫོགས་ལྡན་དབྱར་གྱི་དཔལ་མོའི་ལང་ཚོའི་སྒྱུ་འཕྲུལ་ལྷར་བཅས་སྲིད་ཞིའི་འདོད་ལྡན་གཞོན་ནུ་འབུམ་གྱི་རྩེད་དགའ་ཉིད།།

དེ་ལྟའི་བཀའ་ཡི་སྐྱེས་བཟང་དང་བཅས་བཀའ་དྲིན་གསུམ་ལྡན་བཤེས་གཉེན་དེ་ལ་འབྲལ་བའི་སྟ་གོན་ཉེར་བར་བསྡོགས་པ་ན།།
མདོ་སྔགས་ཆོས་ཀྱི་གདམས་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་བསྩལ་པའི་བཀའ་དྲིན་བརྗོད་ལས་འདས་པའི་བླ་མ་འདི།།
ཡང་ཡང་མཇལ་བར་ཤིན་ཏུ་དཀའ་ན་བདག་གི་སྙིང་ཁོང་ཆུ་བཞིན་གྲང་ཞིང་འབྲལ་བའི་གདུང་བ་རི་རབ་ལས་ཀྱང་ལྕི།།
འོན་ཏེ་བླ་མ་མཆོག་གི་བཀའ་བཞིན་དམ་ཆོས་ཚོལ་བར་ལུས་སྲོག་འདོར་ནུས་ད་ནི་ཕྱི་ཕྱག་འཚལ་ཏེ་ལམ་ལ་ཆས།།

རབ་མཐོའི་རི་ཚོགས་གོམ་པས་གཞལ་ཅིང་བརྒལ་དཀའི་གཙང་ཆེན་འཕྲེད་དུ་བཅད་དེ་སྐར་མའི་གོས་གྱོན་མཚན་མོར་ཐང་དུ་ཉལ།།
དམུ་རྒོད་ཇག་ཚོགས་གར་ཡོང་མ་ངེས་གཅན་གཟན་གདུག་པའི་ང་རོ་དྲག་པོས་སྲོག་གི་ལྷག་མར་གྱུར་པའི་འཇིགས་སྣང་སྟེར།།
བཀྲེས་ཤིང་སྐོམ་པའི་གདུང་བ་ལྷུར་ལེན་ངལ་དུབ་སྨིག་རྒྱུ་ཆུ་རུ་འཁྲུལ་ཡང་དམ་ཆོས་འཚོལ་ལ་ལུས་སྲོག་ལྟོས་མེད་པའི།།
རྒྱལ་སྲས་བྱང་ཆུབ་སེམས་དཔའ་དག་གི་ཞབས་རྗེས་འོད་ཀྱི་གཟེགས་མ་རེ་རེས་ལུས་ཅན་འབུམ་གྱི་སྙིང་གི་མུན་པ་སེལ།།

ཤིན་ཏུ་བགྲོད་དཀའི་བཤུད་རིང་ངལ་བ་དམ་ཆོས་འཚོལ་བའི་གདུང་བ་དང་འགྲོགས་ཡུན་གྱིས་བགྲོད་པ་མཐར་ཐུག་དེ་ཡི་མཇུག།
མཚན་ལྡན་བླ་མ་ཆོས་ཀྱི་རྗེ་བོ་མདོ་སྔགས་བསྟན་པའི་ཉི་མ་གང་དེའི་གདན་ས་ཆོས་ཀྱི་དགའ་ཚལ་ཆེན་པོར་འབྱོར།།
དེ་དེར་ཡོངས་རྫོགས་བསྟན་པའི་མངའ་བདག་བོད་སྤྲུལ་མཚན་གྱི་རོལ་མོ་རབ་སྙན་ཐུབ་བསྟན་མཛེས་པའི་རྒྱན་གཅིག་གང་དེ་ཡིས།།
ཁྱེད་ནི་སྙིགས་དུས་འགྲོ་བའི་པཎ་ཆེན་རོང་ཟོམ་ཆོས་བཟང་དེང་འདིར་སླར་ཡང་མི་ཡི་སྐྱེ་བ་བཟུང་བ་ཉིད་ཅེས་གསུངས།།

སྔ་འགྱུར་ཡབ་ཆོས་བདུད་རྩིའི་དྭངས་མ་ལྷག་པར་རོང་ཟོམ་གསུང་གི་རོ་མཆོག་ལ་མྱངས་ཀུན་མཁྱེན་མི་ཕམ་རྒྱ་མཚོ་ཞེས།།
མཁས་ལས་མཁས་པའི་ཅོད་པཎ་རྡུལ་སྙེད་མཁྱེན་རབ་ཞབས་ཀྱི་པདྨོའི་རྒྱན་མཛེས་མགོན་དེའི་ལེགས་བཤད་དྲི་མེད་ལྷ་ཡི་ཆབ།།
ཐུགས་གསང་རིན་ཆེན་བཻཌྰུར་ཞུན་མའི་བུམ་པ་བཟང་པོའི་ལྟོ་བར་ཡོངས་བསྐྱིལ་ཕྲ་རགས་སྒྲིབ་གཉིས་དྲི་མ་ཡོངས་བཀྲུས་ཏེ།།
མཁྱེན་གཉིས་ལྷོ་ཕྱོགས་མ་ལ་ཡ་ལས་འཆད་རྩོད་རྩོམ་པའི་ཙན་དན་དྲི་བསུང་ཕྱོགས་ཀྱི་འཁོར་ལོའི་རྒྱན་དུ་དཀྲིགས་པར་གྱུར།།

རེ་ཞིག་རྒྱལ་བསྟན་ཉི་མའི་སྣང་བ་སྙིགས་མུན་སྟུག་པོས་ཡོངས་སུ་བཟུང་སྟེ་བསྟན་འཛིན་སྐྱེས་བུ་ཐམས་ཅད་དབུ་འཕང་དམའ།།
དམ་ཆོས་བདུད་རྩིའི་གཙང་ཆབ་མ་ལུས་ལྟ་ངན་འཁྱག་རོམ་མལ་དུ་ཚུད་དེ་ཤབ་ཤུབ་སྨྲེ་སྔགས་འདོན་པའི་དུས་ངན་དེར།།
མགོན་ཁྱེད་ཐུགས་སྟོབས་གོ་ཆ་ལྷུར་བཞེས་སྒོ་གསུམ་གསང་བའི་གུར་ཁང་ལ་བཞུགས་རིམ་གཉིས་རྣལ་འབྱོར་རོལ་བ་འབྱམས་ཀླས་པས།།
སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་སྒྱུ་འཕྲུལ་གར་གྱི་གཟི་བྱིན་ཆེན་པོས་ལྷ་དང་བཅས་པའི་འཇིག་རྟེན་ཡོངས་སུ་ཁྱབ།།

གདུག་པའི་སེམས་འཆང་སྙིགས་མའི་སྐྱེ་བོས་སྒྲོ་སྐུར་གཤེ་བའི་མཚོན་ཆ་བསྣུན་ཀྱང་བྱམས་བརྩེས་མེ་ཏོག་ཆར་དུ་བསྒྱུར་པ་དང་།།
རང་སྣང་དབང་བསྡུས་གཞན་སྣང་ཟིལ་གནོན་བདག་གཞན་མཉམ་བརྗེའི་གཏོང་ལེན་སྤྱོད་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་མཛད་པ་ཡིས།།
ཕྱིན་དྲུག་བསྡུ་བཞིའི་སྐྱ་རེངས་དཀར་པོས་ཐུབ་བསྟན་ཉི་མའི་འོད་ཟེར་འབུམ་ཕྲག་ཡང་དར་བསྟན་པའི་མཁའ་དབྱིངས་མ་ཤར་བར།།
ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ་ཞིང་འཁོར་འདས་ཐམས་ཅད་ཆོས་དབྱིངས་གཅིག་གི་རོལ་བ་ཆེན་པོའི་ཏིང་འཛིན་འབྱམས་སུ་ཀླས།།

ནམ་ཞིག་དུས་སུ་སྐྱེ་འགྲོའི་བསོད་ནམས་སྔོ་བསང་སྒེག་མོའི་ལང་ཚོ་རབ་རྒྱས་ཡང་དར་བསྟན་པའི་ཟུར་མིག་ཞགས་པ་ཡིས།།
བསིལ་ལྡན་གངས་རིའི་གཞོན་ནུའི་ཡིད་ལ་སྔར་མེད་དགའ་བའི་སྤྲིན་སྔོན་དཔང་བརྩེགས་བཤད་སྒྲུབ་དབྱར་རྔ་ལྡིར་བའི་དུས་བཟང་ལ།།
མགོན་ཁྱོད་ཐུགས་བསྐྱེད་དུས་སུ་སྨིན་ཏེ་ངེས་དོན་མདོ་སྔགས་ཆོས་འཁོར་གླིང་དུ་ཐེག་གསུམ་གདུལ་བྱའི་སྐལ་བ་ཅི་བཞིན་དུ།།
བོད་སྤྲུལ་ཞལ་རྒྱུན་ཀུན་མཁྱེན་ཡབ་སྲས་འཇམ་མགོན་མི་ཕམ་བླ་མའི་གསུང་རབ་རྫོགས་ལྡན་ཆོས་ཀྱི་ཆར་ཆེན་འདོད་དགུར་ཕབས།།

ས་ཡི་རྡུལ་སྙེད་གྲངས་ལ་འཕྱ་བའི་སྐལ་བཟང་སློབ་བུའི་བུང་བ་འབུམ་ཕྲག་མགོན་ཁྱོད་ཞབས་ཀྱི་པདྨོའི་ཚལ་ཡངས་པོར།
ཉིན་མཚན་དབྱེ་བ་དམིགས་སུ་མེད་པར་འདུ་བ་གསུམ་གྱི་ཡོ་ལང་འཁྲིགས་ཀྱང་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་ཏེ།།
གངས་ལྗོངས་གྲུབ་པའི་འཁོར་བསྒྱུར་ཆེན་པོ་མི་ལ་བཞད་པའིི་རྡོ་རྗེ་ཅི་བཞིན་ཡོད་ཚད་ངན་ངོན་ཙམ་གྱིས་ཆོག་ཤེས་པ།།
མགོན་ཁྱེད་ཕྱི་གཙང་ནང་གཙང་པདྨོའི་རྗེས་སུ་འགྲོ་བའི་མཛད་པ་རྒྱ་མཚོ་དགེ་ལེགས་ནོར་བུ་ཟད་པ་མེད་པའི་མཛོད།།

བརྩེ་བ་ཀྱོ་བ་རྣོན་པོ་གཅིག་གིས་འགྲོ་བློའི་གདུང་བ་ཀུན་ནས་སེལ་མཛད་འཕགས་མཆོག་ཕྱག་ན་པདྨ་ཉིད་ཡིད་ལ།།
མཁྱེན་རབ་རལ་གྲི་གཡུག་ཐེངས་གཅིག་གིས་ཀུན་ཉོན་མི་ཤེས་རྨང་ནས་གཅོད་མཛད་རྒྱལ་སྲས་འཇམ་དཔལ་དཔའ་བོ་ཉིད་ལས་སུ།།
ནུས་པའི་འོད་དཀར་གཟེགས་མ་གཅིིག་གིས་སྙིགས་མུན་སྟུག་པོའི་དྲ་བ་གཤགས་མཁས་གསང་བདག་རྡོ་རྗེ་འཛིན་པ་ཁྱེད་ཡིན་པས།།
རིགས་གསུམ་འདུས་པའི་བདག་ཉིད་ཆེན་པོ་སྙིང་དབུས་དད་གདུང་འོད་ལྔའི་གུར་ཁང་དུས་ཀུན་མཛེས་པའི་རྒྱན་དུ་བཞུགས་པ་ལགས།།

སྟོན་པ་འཇིག་རྟེན་མིག་ནི་ཟུམ་ཅིང་དམ་པ་རྣམས་ཀྱིས་ཞི་བའི་དབྱིངས་བསྟེན་ལྔ་བདོའི་རྒུད་ཚོགས་འཁྲིགས་པའི་ཀློང་ཆེན་པོར།།
མཁས་བཙུན་བཟང་པོའི་གྲུ་གཟིངས་ཆེན་པོར་འཆད་རྩོད་རྩོམ་པའི་དར་ཆེན་ཕྱར་ཏེ་རིམ་གཉིས་སྐྱ་བས་དྲག་ཏུ་དཀྲུགས་པ་ཡི།།
མགོན་ཁྱོད་རྒྱལ་ཀུན་འདུས་པའི་བདག་ཉིད་པདྨ་ཀྰ་ར་ཀློང་ཆེན་རབ་འབྱམས་རོང་ཟོམ་ཆོས་བཟང་ལ་སོགས་སྒྱུ་འཕྲུལ་ཏེ།།
དེ་དག་ཀུན་གྱི་མཛད་པ་མ་ལུས་ཁྱོད་ཉིད་གཅིག་བུས་བདག་ཉིད་བཞེས་པ་ལྷར་བཅས་སྐྱེ་རྒུ་ཀུན་གྱི་སེམས་སུ་འཚེར།།

གཞོམ་བྲལ་རྡོ་རྗེའི་ལང་ཚོ་བརྙེས་ཀྱང་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར།།
མགོན་ཁྱེད་སྐུ་ཡི་མེ་ཏོག་འཐོར་བས་ས་ཆེན་རྣམ་པ་དྲུག་ཏུ་གཡོས་ཤིང་འཇའ་ཟེར་ཐིག་ལེའི་སྣང་བ་རབ་འབར་ཞིང་།།
དཔའ་བོ་མཁའ་འགྲོའི་བསུ་བའི་ཡོ་ལང་སུམ་རྩེན་ལྷ་ཡི་མེ་ཏོག་ཆར་བ་གདུལ་བྱའི་གདུང་བའི་མིག་ཆུའི་གཙང་པོ་སྟེ།།
ཆོས་དང་ཆོས་ཅན་ཆོས་དབྱིངས་རོལ་བ་ངོ་མཚར་སྒྱུ་མའི་ལྟད་མོ་སྣ་ཚོགས་མིག་འཕྲུལ་བཞིན་དུ་བསྟན་པའི་མཐའ་མ་རིག།

ཁྱེད་སྐུ་སྲིད་པ་གསུམ་གྱི་མཆོད་སྡོང་གངས་ལྗོངས་ནོར་འཛིན་ཡངས་པའི་གཞི་རུ་སྐྱེ་རྒུའི་བསོད་ནམས་ཞིང་དུ་འཁྲུངས་ནས་བཟུང་།།
བཅུ་ཕྲག་བཅུ་ཡི་བགྲང་བྱའི་ཁུག་པར་དགེ་ལེགས་སྤོས་ཀྱི་གླང་པོ་སྒྲེགས་ལས་མ་སྨད་བསོད་ནམས་དྲི་ཞིམ་འཐུལ་བའི་ཆར།།
རྒྱང་རིང་བཞུགས་པའི་ཆོས་ཀྱི་གྲོགས་པོ་བྱ་བྲལ་མཚན་འཆང་གང་དེས་བསྐུལ་ངོར་ཀླུ་སྨྱོན་ཧེ་རུ་ཀ་ཞེས་འབོད་པ་ཡི།།
དབྱངས་ཅན་དགའ་མའི་འོ་འཛིན་ལས་འོངས་སྙན་ངག་རོ་ཡིས་རབ་ཏུ་མྱོས་པས་ཡུན་ཐུང་ཞིག་ལ་འདི་ཙམ་བྲིས་ཏེ་ཕུལ།།

འདི་ལས་འོངས་པའི་དགེ་ཚོགས་སྨུག་རྩིས་ཚོགས་གཉིས་མཛེས་མའི་འགྲམ་པར་བྱུགས་ལས་རང་རིག་པདྨ་རྒྱལ་པོའི་གསང་བ་གསུམ།།
ཆོས་སྐུའི་ཀློང་ལས་ལོངས་སྐུར་སྨིན་ཞིང་སྤྲུལ་སྐུའི་རོལ་བ་འབྱམས་སུ་ཀླས་པས་སྙིགས་མ་མུན་པའི་རྡུལ་གྱི་གཡུལ་སེལ་ཏེ།།
འགྲོ་ཀུན་ཚོམ་བུ་གཅིག་གི་དལ་དུ་དཔའ་བོ་མཁའ་འགྲོའི་མིག་འཕྲུལ་ལྟ་བུའི་སྣ་ཚོགས་སྤྱོད་པ་མ་ངེས་དུ་མ་ཡིས།།
གཟུང་འཛིན་འཁོར་བའི་རྒྱ་ལས་གྲོལ་ཏེ་ལྷན་སྐྱེས་དགའ་བ་བཅུ་དྲུག་རྩེད་འཇོར་རོལ་བ་ཆེན་པོར་རོལ་བའི་རྒྱུ་རུ་སྨོན།།
ཀུན་མཁྱེན་རོང་ཟོམ་མཧྰ་པཎ་ཆེན་གཉིས་པ་མཁན་ཆེན་ཆོས་ཁྱབ་རིན་པོ་ཆེ་མཆོག་སྐུ་འཁྲུངས་ནས་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་རྗེས་དྲན་སྙན་ངག་གློག་ཞགས་དམར་པོའི་མདུད་པ་ཞེས་པ་འདི་ནི། བོད་མདོ་ཁམས་སྔ་འགྱུར་རྙིང་མའི་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་པོ་ལི་མདོ་དགོན་པའི་མཁན་ཆེན་བྱ་བྲལ་བ་མཆོག་གི་བཀའ་ལུང་ཐོད་དུ་བཅིངས་ཏེ། དུས་མཐའི་སྙན་ངག་སྨྲ་བ་ཡོངས་ཀྱི་ཐ་ཤལ་ལས་ཀྱང་ཆེས་ཐ་ཤལ་བ་ཀླུ་སྨྱོན་དུ་འབོད་པས་ཆུ་ཚོད་གསུམ་རིང་ཤར་མར་བྲིས་ཏེ་ཕུལ་བ་དགེ་ལེགས་འཕེལ།།

སྙན་ངག

Post navigation

Previous Post: ང་ཚོས་བཀའ་ཟུར་འབྲོང་ཆུང་མཆོག་ལ་རྒྱབ་སྐྱོར་ཞུ་སྐབས་གཟབ་དགོས་པ།
Next Post: ང་ཚོའི་དམངས་གཙོའི་ལམ་ལུགས་དེ་གང་འདྲ་རེད།

Comments (3) on “ཀུན་མཁྱེན་རོང་ཟོམ་གཉིས་པ་མཁན་ཆེན་ཆོས་ཁྱབ་ལ་བསྔགས་པ་གློག་ཞགས་དམར་པོའི་མདུད་པ།”

  1. ཁ་བའི་རྣམ་ཤེས། says:
    2020-09-17 at 5:05 pm

    ཀླུ་སྨྱོན་ལགས་ཀྱིས་དུས་ཡུན་ཐུང་ཐུང་ཆུ་ཚོད་གསུམ་ཙམ་གྱི་རིང་ལ་འདི་ལྟ་བུའི་ཉམས་འགྱུར་ལྡན་པའི་སྙན་ངག་བྲིས་པར་རྗེས་སུ་ཡི་རང་ཞུ།🙏🏽🙏🏽🙏🏽

  2. ཀརྡོ་རབ་འབྱམས་པ་ says:
    2020-09-18 at 12:13 am

    ་་་་་་་་་་པདྨ་རྒྱལ་པོའི་བཀའ་རྟགས་ཅོད་པཎ་་་་་་་་་་་་་་
    ལས་།
    ་་་་་་་་་་་་་་པཎ་ཆེན་མཁས་དགུའི་ཅོད་པན་་་་་་་་་་་་
    འདི་དག་པ་མི་འདུག་གམ། ལགས།

  3. འཚུབ་ཐེལ། says:
    2020-09-22 at 11:33 pm

    ཨ་ལགས་ལགས། ཡང་སྤྲུལ་སྐུར་ངོས་འཛིན་བཞག་འདུག་ག སྐྱབས་སུ་མཆིའོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme