ཁ་བརྡ།

ཁ་བརྡ།

Archive for August, 2009


པཎ་ཊི་ཏ་རམ་བྷ་ཡེ།

rama_daughter
Pandita Ramabai
ཀླུ་སྨྱོན་ཧེ་རུ་ཀས་དབྱིན་ཡིག་ནས་བསྒྱུར།
པཎ་ཊི་ཏ་རམ་བྷ་ཡེ་ནི་གཞན་ཕན་དགེ་སྒྲུབ་ཀྱི་བསམ་བློ་གཏོང་མཁན་རྒྱ་གར་བ་མང་པོའི་ཁྲོད་ཀྱི་གཅིག་ཡིན་ཞིང་། མོས་རང་ཉིད་ཀྱི་མི་ཚེ་དེ་རྒྱ་གར་གྱི་བུད་མེད་ཚོའི་མི་ཚེའི་གནས་སྟངས་ཡར་རྒྱས་ཀྱི་ཕྱོགས་སུ་བཏང་། སྤྱི་ལོ་༡༨༠༠གཡས་གཡོན་དུ། ཕ་མའི་གོ་སྒྲིག་གི་གཉེན་སྒྲིག་ནི་རྒྱ་གར་དུ་ཡོངས་ཁྱབ་ཏུ་གནས་པ་ཞིག་ཡིན་པ་དང་། བཙན་ཤེད་ཀྱི་སྒོ་ནས་གཉེན་སྒྲིག་བྱས་པའི་བུ་མོ་མང་བོ་ཞིག་ནི་ལོ་ན་དགུ་རུ་མ་གཏོགས་སོན་མེད་ནའང་སྐྱེས་པ་དར་མའམ་ཡང་ན་རྒན་འཁོག་ཅིག་གི་བཟའ་ཟླ་བྱེད་དགོས་ཤིང་། གཉེན་སྒྲིག་བྱེད་པའི་ཉིན་མོ་དེར་མ་གཏོགས་ཁོ་མོ་ཚོས་དོན་དག་དེ་ཚོའི་སྐོར་ཅི་ཡང་ཤེས་ཀྱི་མེད། ནམ་ཞིག་བུ་མོ་འདི་ཚོའི་ཁྱོ་བོ་ཤི་ནས་ཡུགས་ས་མར་གྱུར་པའི་སྐབས་སུ་མོ་རང་ཚོ་ད་དུང་བྱིས་པའི་གནས་སྐབས་སུ་ཡོད། ཡུགས་ས་གཞོན་ནུ་མ་འདི་ཚོའི་མི་ཚེ་ལ་བྲོ་བ་སྤུ་ཙམ་ཡང་མེད་ཅིང་། རྒྱ་གར་བ་གང་མང་ཞིག་གིས། བུད་མེད་འདི་ཚོར་སྐྱེ་བ་སྔོན་མ་དག་ཏུ་བསགས་པའི་སྡིག་སྒྲིབ་ཀྱིས་ཆད་པ་བཅད་པར་ཡིད་ཆེས་བྱེད། ཡུགས་ས་མ་གང་མང་ཞིག་ལ་གལ་སྲིད་བུ་རེ་ཡོད་ཚེ་སྡུག་བསྔལ་ཏོག་ཙམ་ཉུང་བར་འཕྲད་པ་སྟེ་བུ་ནི་བུ་མོ་ལས་རིན་ཐང་ཆེ་བར་བརྩི། ཡུགས་ས་མ་སུ་ཞིག་ལ་བུ་རེ་མེད་ཚེ་གང་ལྟར་ཁྲིམས་འགལ་གྱི་ལས་ཀ་བྱས་པ་ལྟ་བུར་བརྩི། གཤིན་པོའི་ནང་མི་ཚོས་ཡུགས་ས་མ་འདི་ཚོ་ཁང་བའི་ཟུར་ཁུག་ནག་ཁུང་ཡིན་ས་དེར་འཇོག་པ་དང་། ཉི་མ་རེ་ལ་བཟའ་བཏུང་ཚར་གཅིག་རེ་སྤྲོད་སྲོལ་མེད་པ་མ་ཟད། ད་དུང་ཉེས་རྡུང་གཏོང་བ་དང་ཁྱིམ་ཚང་གི་ལས་ཀ་ཡོད་ཚད་བྱེད་དུ་འཇུག་པས། ལོ་ན་གཞོན་པའི་ཡུགས་ས་མ་མང་པོ་ཞིག་གིས་འུ་ཐུག་ཐབས་ཟད་ཀྱི་མི་ཚེ་འཁྱོལ་ཐབས་བྲལ་ནས་རང་ཤི་རྒྱག་གིན་ཡོད་པ་ནི་ཧ་ལས་མི་དགོས་པ་ཞིག་རེད། Read the rest of this entry »

བོད་ཀྱི་རྩམ་པ་ཚོང་ཁང་།

བོད་ ཀྱི་རྩམ་པ་དྲ་ལམ་ཚོང་ཁང་ནི་སྤྱི་ལོ་༢༠༠༩ལོར་ཟླ་༧ཚེས་༦སྒོ་ཕྱེ་བ་རེད། དུས་རབས་ཉེར་གཅིག་པའི་འགྱུར་འགྲོས་གྱི་གོམ་ཁ་དང་དོ་མཉམ་པའི་དྲ་ལམ་ཐོག་གི་ བོད་ཀྱི་མི་ཚང་ཞིག་གི་འབད་བརྩོན་ལས་བྱུང་བའི་ཚོང་ཁང་ཆུང་ཆུང་ཞིག་ཡིན། བོད་ཀྱི་རྩམ་པ་དྲ་ལམ་ཚོང་ཁང་ནི་བོད་ཡིག་གི་དྲ་ལམ་ཚོང་ཁང་ཆེས་ཐོག་མ་དེ་ཡིན། དོན་འགྲུབ་དང་རྡོར་མཚོ་གཉིས་ཀྱིས་རང་གི་འབད་བརྩོན་དུ་མ་ལ་བརྟེན་ནས་༢༠༠༩ ལོར་ལེགས་འགྲུབ་བྱུང་། ཚོང་ཁང་ཆུང་ཆུང་དེར་བཙོང་བཞིན་པའི་རྩམ་པ་དེའི་རྒྱུ་ཆ་འབྲུ་རིགས་དག་ནི་རང་ བྱུང་ཁོར་ཡུག་གི་ཉི་དྲོད་དང་ཆར་ཆུས་བརླན་གཤེར་ལ་བརྟེན་ནས་རང་བྱུང་དུ་སྐྱེས་ པ་ཁོ་ན་ལས། རྫས་འགྱུར་རིགས་ཀྱི་དྲི་མ་ཙམ་ཡང་མེད་པས་རྒྱུ་ཆ་ཕུན་སུམ་ཚོགས་པ་དང་། རང་རེའི་བོད་ཀྱི་ལག་ལེན་ལྟར། འབྲུ་རིགས་ཆུ་རིས་དང་། ཡས་བྱེ་རྔོས་བྱས་དེ། ཉར་ཚགས་གཙང་ཞིང་ཞིབ་པ་བྱས་མཐར་། རྡོ་འཁོར་ལ་དྲངས་སྟེ་ཞིབ་འཐག་བྱས་པའི་རྩམ་པ་འདིའི་དྲོ་བ་དང་ནུས་པ་རྩམ་པ་ གཞན་དང་མི་འདྲ་བ་ཞིག་ཡིན།།
http://www.youtube.com/watch?v=mdT_mJXOrGY

www.tibetantsampa.com

རྒྱ་མིའི་གསར་ངོས་སུ་༧གོང་ས་མཆོག་ལ་ཞེ་ས་སྦྱར་འདུག

Taiwan Tibet China
༄༅།།ཚེས༣༠ཉིན་གྱི་དགོང་མོར་ཏཱ་ལའི་བླ་མ་ཐའེ་ཝན་དུ་འབྱོར་བ་དང་ཉིན་དྲུག་རིང་གི་འགྲོ་ལམ་མཐའ་དག་སྤྱི་བསྒྲགས་གནང་མེད་པ།

གསལ་ཐག་ཆོད་པ་ཞིག་ལ་ཚེས༣༠ཉིན་ཏཱ་ལའི་བླ་མ་ཐའེ་ཝན་དུ་འཚམས་འདྲིར་ཕེབས་རྒྱུ་ ཡིན་ཞིང་། ཟླ༩པའི་ཚེས༤ཉིན་ཐའེ་ཝནདང་ཁ་བྲལ་རྒྱུ་རེད། ཐའེ་ཝན་དུ་སྡོད་པའི་ཉིན་དྲུག་གི་རིང་ལ་ཏཱ་ལའི་བླ་མས་གནོད་ཐེབས་མི་དམངས་ལ་ འཚམས་འདྲི་གནང་ནས་གསོལ་འདེབས་དང་བསྔོ་སྨོན་ཞུ་ཚོགས་བསྡུ་བ་དང་། གཏམ་བཤད་ཐེངས་གཉིས་སྤེལ་རྒྱུ་ཡིན་པ་མ་ཟད།ད་དུང་གནམ་བདག་ཆོས་ལུགས་ཀྱི་གོས་ དམར་གྱོན་པའི་ཆོས་དཔོན་ཏན་ཀའོ་ཞི་ལགས་དང་གླེང་མོལ་གནང་རྒྱུ་རེད།ཡིན་ནའང་ ཐའེ་ཝན་ས་ཁུལ་དུ་གསར་འགོད་པའི་ཚོགས་འདུ་བསྡུ་མིན་ནི། འབྲེལ་ཡོད་བྱ་བཞག་ཐད་ཤེས་ཚོར་ཧ་ཅང་སྐྱེན་པོ་ཡིན་སྟབས། “ཏཱ་ལའི་བླ་མའི་ཐེབས་རྩ་ཚོགས་པའི་”འབྲེལ་ཡོད་ལས་དོན་མི་སྣས་ར་སྤྲོད་བྱེད་ཐབས་བྲལ་བའི་ཚུལ་བསྟན་བྱུང་།

ཐའེ་ཝན་གྱི་《མཉམ་འབྲེལ་དགོང་དྲོའི་ཚགས་པར་》སྟེང་བཀོད་པ་ལྟར་ན། དོ་ནུབ་(ཚེས༣༠ཉིན)་ གྱི་དགོང་མོའི་ཆུ་ཚོད་༩དང་སྐར༥༠ཡི་སྟེང་དུ་ཧྭ་ཧང་གནམ་གྲུར་བསྡད་ནས་ཐའོ་ཡོན་ གནམ་གྲུ་ཐང་དུ་འབྱོར་ཞིང་། དེ་མུར་གནམ་གྲུ་ལས་བབ་རྗེས་ཀའོ་ཞུང་ལིན་ཐན་ཧེ་ཡི་གསོལ་མགྲོན་ཁང་དུ་མཚན་ བཞུགས་གནང་བ་རེད། གདན་ཞུ་གནང་མཁན་དམངས་གཙོའི་ཡར་རྒྱས་ཏང་དང་ཀའོ་ཞུང་གྲོང་ཁྱེར་སྲིད་གཞུང་གིས་ སྤྱི་བསྒྲགས་གནང་བའི་འགྲོ་ལམ་བཀོད་སྒྲིག་ལྟར་ན། ཟླ༨པའི་ཚེས༣༡ཉིན་(གཟའ་ཟླ་བ)གྱི་ སྔ་དྲོར་ཐོག་མར་ཏཱ་ལའི་བླ་མས་ཀྲུང་གོ་དང་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་ ཚོགས་འདུ་བསྡུ་རྒྱུ་བཀོད་སྒྲིག་གནང་ཡོད་ཅིང་། ཕྱི་དྲོར་ཞའོ་ལིན་གྲོང་ཚོ་དང་ཆི་ཧྲན་སོགས་ཀྱི་གནོད་ཐེབས་མི་དམངས་ལ་འཚམས་ འདྲི་གནང་བར་ཕེབས་རྒྱུ་རེད། ཟླ༩པའི་ཚེས༡ཉིན་གྱི་སྔ་དྲོར་གསོལ་འདེབས་དང་བསྔོ་སྨོན་ཞུ་ཚོགས་བསྡུ་བ་ དང་། ཕྱི་དྲོར་གཏམ་བཤད་གནང་རྒྱུ་རེད། ཟླ༩པའི་ཚེས༢ཉིན་གྱི་སྔ་དྲོར་གནམ་ བདག་ཆོས་ལུགས་ཀྱི་གོས་དམར་གྱོན་པའི་ཆོས་དཔོན་ཏན་ཀའོ་ཞི་ལགས་དང་གླེང་མོལ་ གནང་རྒྱུ་རེད། ཟླ༩པའི་ཚེས༣ཉིན་ཡང་བསྐྱར་བྱང་རྒྱུད་དུ་ཕེབས་ནས་གཏམ་བཤད་གནང་རྒྱུ་རེད། གཞན་ཡང་ཏཱ་ལའི་བླ་མའི་ཐའེ་ཝན་གྱི་འགྲོ་ལམ་མང་པོ་ཞིག་ཐག་གཅོད་བྱེད་ཁག་པོ་ ཡོད་ལ།ཏཱ་ལའི་བླ་མའི་ཐེབས་རྩ་ཚོགས་པས་ཀྱང་འགྲོ་ལམ་འདི་ཙམ་ཁོ་ན་ར་སྤྲོད་བྱས་ བྱུང་བ་རེད།
 
གསར་འགྱུར་འདི་ནི་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་དྲ་བ་ཞེས་པ་ལས་བཤུས།
གོང་ས་མཆོག་གི་ཐེ་ཝན་ཆིབས་སྒྱུར་སྐོར་གྱི་གསར་འགྱུར་ལ་གསན་ན་འདིར་བཞུགས།

http://www.rfa.org/tibetan/otherprograms/stringer/dalai-lama-offers-prayers-in-taiwan-typhoon-victims-08312009104256.html

གསོ་རིག་གསར་འཕྲིན།  ༢༠༠༩ དབྱར་ཁའི་འདོན་ཐེངས།

sorig-newsletter-2009-summer-issue

ཅི་ཞིག་བོད་ཀྱི་རྩོམ་རིག་ཟེར། སུ་ཞིག་བོད་ཀྱི་རྩོམ་པ་པོ་རེད།

མེ་སྒྱོགས་རྒྱ་མཚོ།
——–
༼བོད་ ཀྱི་རྩོམ་རིག་སྒྱུ་རྩལ་༽གྱི་གོ་དོན་དང་ཁྱབ་ཁོངས་ལ་མི་མཐུན་པའི་བསམ་བློ་འབྱུང་བཞིན་འདུག དཔེར་ན། བོད་ཡིག་སྨྱུག་ཐོག་པ་མང་པོས་བོད་ཡིག་ལས་གཞན་པའི་སྐད་ཡིག་ཏུ་བརྗོད་གཞི་བོད་དང་བོད་ཀྱི་རིག་གཞུང་ཡིན་ཀྱང་འདྲ། རྩོམ་པ་པོ་བོད་མི་ཡིན་ནའང་ཁོང་གིས་བྲིས་པ་ནི་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ་༽གྱི་ཁོངས་སུ་མི་གཏོགས་ཟེར།

ཉེ་དུས་སུ་འཚོགས་པའི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གོ་བསྒྲིགས་ལྟར་ཚོགས་ཆེན་དེའི་སྟེང་དབྱིན་ཡིག་གི་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་གཅིག་པོ་མ་གཏོགས་མི་འདུག་ཟེར་བ་ཞིག་དེ་རིང་ཕ་ཡུལ་དྲ་རྒྱའི་གསར་འགྱུར་ལ་བཀོད་འདུག དྲི་བ་འགའ་ཡོད་པ་ནི་མཐུན་ཚོགས་འདིས་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ་༽གྱི་གོ་དོན་ཇི་འདྲ་ཞིག་འགྲེལ་གྱིན་ཡོད། གལ་སྲིད་མཐུན་ཚོགས་སུ་བོད་ཡིག་གི་རྩོམ་པ་པོ་མ་གཏོགས་ཚུད་ཀྱི་མེད་ན་གོང་གིི་མཐུན་ཚོགས་དེ་རྒྱལ་སྤྱིའི་པན་གྱི་ཡན་ལག་ཞིག་ཡིན་པས་༼པན་༽གྱི་སྒྲིག་འཛུགས་དང་མཐུན་གྱི་ཡོད་དམ་ཟེར་བ་ཡིན།
བོད་མི་དབྱིན་ཡིག་སོགས་སྐད་ཡིག་གཞན་གྱི་རྩོམ་པ་པོ་དང་བརྩམས་ཆོས་རྣམས་ལ་༼བོད་ཀྱི་རྩོམ་རིག་སྒྱུ་རྩལ་༽གྱི་ཁྱབ་ཁོངས་ནང་དུ་བཅུག་ན་དགེ་སྐྱོན་གང་ཡོད་དམ། གལ་སྲིད་བོད་རྒྱལ་ཁབ་ཀྱི་མི་སེར་ཡིན་པའི་དབྱིན་ཡིག་དང་རྒྱ་ཡིག་སོགས་ཀྱི་རྩོམ་པ་པོ་རྣམ་པ་བོད་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་སུ་མ་ཚུད་ན་ཨ་རི་དང་རྒྱ་ནག་སོགས་ཀྱི་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་སུ་འཛུལ་དགོས་སམ། ཡང་ན་བོད་རྒྱལ་ཡོངས་དབྱིན་ཡིག་སོགས་རྩོམ་པ་པོའི་མཐུན་ཚོགས་ལྟ་བུའི་སྐད་ཡིག་རེ་ལ་མཐུན་ཚོགས་རེ་འཛུགས་དགོས་པ་ཞིག་རེད་དམ།
འདིར་རང་ཉིད་མཐུན་ཚོགས་སུ་འཛུལ་འདོད་པ་དང་མཐུན་ཚོགས་གསར་པ་ཚུགས་འདོད་པ་རྩ་བ་ནས་མིན།

བོད་པས་རྒྱ་གར་མར་བཙན་གཡེམ་གྱི་ཐོག་མ།

བདུན་ཕྲག་འགའི་ཡར་སྔོན་ཝྭར་ཎའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཞིག་་ གིས་ཝྭར་ཎའི་ས་གནས་རྒྱ་གར་གྱི་བུ་མོ་ལོ་ན་བརྒྱད་སོན་པ་ཞིག་ལ་བཙན་གཡེམ་བྱས་ པར་བརྟེན་སློབ་དཔོན་དེ་ད་ལྟ་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་དང་ཉུང་མཐའ་ལོ་ བཅོ་ལྔ་ནས་ཉི་ཤུའི་བར་བཙོན་འཇུག་བྱ་སྲིད་པ་རེད་ཅེས་ས་གནས་ཀྱི་རྒྱ་གར་ཚགས་ པར་ཐོག་ཐོན་ཡོད་པ་རེད་འདུག

འདས་ པའི་མི་ལོ་ལྔ་བཅུའི་རིང་བོད་པ་བཙན་བྱོལ་བ་ཚོར་རྒྱ་གར་གྱི་ས་ཐོག་ནས་རང་དབང་ དང་དྲོད་ཁོལ་ཐོབ་པ་ཉུང་ཉུང་ཞིག་གཏན་ནས་མ་ཡིན་ནའང་།བསམ་ཤེས་མི་ཐོངས་པའི་ཡུལ་ མིའི་ཕོ་གསར་རེ་ཟུང་གིས་བོད་པའི་བུ་མོ་དང་ཨ་ནེ་མང་པོ་ཞིག་ལ་བཙན་གཡེམ་བྱས་ ཤིང་ཁོ་མོ་ཚོའི་ལུས་སེམས་ཀྱིས་མྱངས་པའི་སྡུག་བསྔལ་དེ་མི་སུས་ཀྱང་རྟོགས་དཀའ་ བ་ཞིག་ཡིན་མིན་ལ་མ་བལྟས་པར་ང་ཚོ་ བོད་པ་ལ་མཚོན་ན་རྒྱ་གར་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་སྟབས་ད་ལོ་ང་ཚོ་གཞུང་ དམངས་གཉི་གས་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ་བའི་ལས་རིམ་སྣ་ཚོགས་ཤིག་སྒྲིག་བཞིན་ པའི་སྐབས་འདིར་ཝྭར་ཎའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ དཔོན་ཞིག་གིས་གནས་ཀྱི་རྒྱ་གར་བུ་མོ་ལོ་ན་བརྒྱད་ལ་སོན་པ་ཞིག་ལ་བཙན་གཡེམ་བྱས་ པར་བརྟེན་བུ་མོ་དེའི་ནང་མིས་ས་གནས་ཉེན་རྟོག་པར་གཏུག་བཤེར་བྱས་ནས་དགེ་རྒན་ དེ་ད་ལྟ་ཝྭར་ཎའི་བཙོན་ཁང་དུ་བཅུག་ཡོད་པ་རེད་འདུག

འདི་ ནི་བོད་པ་ཞིག་གིས་རྒྱ་གར་མར་བཙན་གཡེམ་བྱས་པ་ཐོག་མ་དེ་ཆགས་ཡོད་པ་དང་།ལྷག་པར་ དུ་བོད་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ཞིག་གིས་བྱས་པའི་བཙན་གཡེམ་ ཐོག་མ་དེ་ཡང་ཆགས་ཡོད་པ་རེད་ལ། འདི་ ནི་ང་ཚོས་ངེས་པར་དུ་རྒྱ་གར་ལ་དགོངས་དག་ཞུ་དགོས་པའི་གནད་དོན་ཞིག་ཡིན་ན་ཡང་ ཝྭར་ཎའི་གཙུག་ལག་སློབ་གྲྭ་ཆེན་མོའི་ངོས་ནས་གནས་ཚུལ་འདི་བྱུང་ནས་བདུན་ཕྲག་ གཉིས་འདས་ཟིན་ཀྱང་གསང་རྒྱ་དམ་པོ་བྱས་ནས་བཞག་ཡོད་པ་རེད།
བཀྲ་ཤིས་ནས་ཕུལ།

ཁ་མཆུ་འཛུགས་གི་ཡིན།

བེ་རི་འཇིགས་མེད་ལགས།
ཉེ་ཆར་ཁྱེད་རང་གིས་དྲ་ཐོག་བཀོད་པའི་རྩོམ་རིག་གི་འཕེལ་རིམ་དང་ཞན་ཆའི་སྐོར་གྱི་རྩོམ་དང་ཆུ་སྒང་གི་ལོ་རྒྱུས་འབྲི་སྟངས་ལ་ངས་མི་མཐུན་པའི་བསམ་ཚུལ་ཅི་ཡོད་དོན་ཚན་རིམ་པ་བྱས་ནས་རྒྱུ་མཚན་དང་བཅས་ཏེ་གསལ་བོར་བཀོད་ཡོད། དེ་ཡང་གང་ཟག་སྒེར་ལ་དགའ་མི་དགའི་ཐོག་ནས་བརྗོད་མེད། ངའི་རེ་བར་ཁྱེད་རང་གིས་ཀྱང་རང་གི་རྩོམ་ལ་འགན་ཞིག་ཁྱེར་ནས་དྲ་ཐོག་གི་མཁས་དླུན་ཚང་མའི་མཉམ་བགྲོ་གླེང་འཁྲུགས་པོ་ཞིག་བྱེད་གི་རེད་བསམས་སོང་ཡང་། ཁྱེད་ཀྱིས་ཁྱི་རྒན་ཚོས་ཁྱི་སྐྱག་བཏང་རྗེས་སྣོམས་ཙམ་བྱས་ནས་འགྲོ་བ་དེ་བཞིན་རང་རྩོམ་ཁྱི་སྐྱག་བཞིན་བདག་མེད་དུ་གཡུགས་སོང་། ངས་ཉིན་འགར་སྒུག་པ་ཡིན་ཏེ་ཁྱེད་རང་ཝ་མོ་ཁུང་དུ་འཛུལ་བ་བཞིན་ཕྱི་ལ་དོན་མ་སོང་། དེ་ཡིན་ན་ངས་ཀྱང་ཝ་མོ་དུད་པས་བདུག་ནས་ཕྱིར་འདོན་དགོས་མ་མཆིས།
བར་སྐབས་རིང་དྲ་ཁང་དུ་འཛུལ་རྒྱུའི་གོ་སྐབས་རེག་མ་སོང་། ཧང་སངས་པ་ཞིག་ལ་ང་མེད་ཤུལ་དུ་ཁྱོད་ཡོང་ནས་ཚིག་གྲུབ་གསུམ་བཞི་ཞིག་བྲིས་ནས་མི་ལ་ཡ་ལ་དཀྲིས་ཏེ་མི་དཀར་དཀར་ལ་ཞྭགནག་པོ་གཡོགས་རྩིས་བྱས་འདུག་ག
གཅིག ་་ མདའ་མཚན་པ་ལྟ་བུའི་ཨ་ མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་གི་ལྟེ་གནས་གལ་ཆེ་དེ་ འདྲ་གཏོར་རྒྱུའི་བློ་ཁོག་ཡོད་མཁན་་ ཞེས་པ་དང་། གཉིས། ་་ཉམ་ཆུང་མིའི་དྲ་ཡིག་ནག་བསུབས་གཏོང་ན་ཕན་ཐོགས་གང་ཡང་མེད་་ ཅེས་དང་། གསུམ། ་་དེ་བས་རང་ཉིད་མི་དགའ་ས་དེ་ཚོའི་དྲ་རྩོམ་རེ་གཉིས་སླེབས་ཚེ།་་ལྟ་བུ་རེད།
༡ ཨ་མྱེས་རྨ་ཆེན་ལ་བོད་ཀྱི་རིག་གཞུང་ཡར་རྒྱས་དང་སྲུང་སྐྱོབས་བྱེད་པའི་སླད་ལས་གཞི་རྒྱ་ཆེན་པོ་མང་པོ་ཡོད་པ་རེད། དེ་བས་རང་ཉིད་ནས་ཀྱང་ལྷག་བསམ་རྣམ་དག་དང་གང་ཐུབ་ཅི་ཐུབ་ཀྱིས་དབུ་བླ་ཡར་འདེགས་བྱེད་པར་ནུས་པ་བཏོན་ཡོད། དེ་ནི་འགན་འཛིན་ཚོས་ཀྱང་ལོས་ཀྱང་ཤེས། འགན་འཛིན་རྣམས་ཀྱང་རང་ཉིད་སོ་སོའི་གཤིས་ཀ་མཚུངས་མིན་ལ་མ་ལྟོས་པར་བོད་དོན་ལ་ལྷག་བསམ་ལྡན་ཞིང་ཤེས་འཇོན་གཉིས་ལྡན་རྐྱང་རྐྱང་རེད། ད་ལྟ་ཡིན་ནའང་ད་རུང་ཨ་མྱེས་རྨ་ཆེན་ལ་རྒྱབ་སྐྱོར་ཡོད། རྗེས་སུ་ལས་བྱེད་ཁ་ཤས་ཤིག་ནས་འཕྲོ་རིམ་འཕྲོར་དགོངས་པ་ཞུས་པ་རེད། འགན་འཛིན་རྣམས་ཀྱང་རེ་རེ་བཞིན་ཁ་ཐོར་ཕྱིན་ཏེ་་ད་ལྟ་བཀྲ་ཤིས་ཚེ་རིང་གཅིག་པོ་ལྷག་འདུག དེ་ངས་མ་བཤད་ཀྱང་ཚང་མས་ཤེས་པའི་དོན་དག་ཅིག་རེད། མི་རེ་རེའི་དགོངས་པ་ཞུ་སྟངས་ལ་མི་འདྲ་བའི་རྒྱུ་མཚན་རེ་ཡོད་རྒྱུ་རེད། དེ་ཨ་མྱེས་རྨ་ཆེན་ནང་ཁུལ་གྱི་དོན་དག་ཡིན་པས་ངས་བཤད་དགོས་མ་མཆིས། གལ་སྲིད་ཤེས་འདོད་ཡོད་ན་དཀྲོགས་གཏམ་འདྲ་མི་འདྲར་ཉན་ནས་སྡོད་མི་དགོས་པར་་བཀྲ་ཤིས་དང་ལྷ་བསང་གཉིས་དེ་ག་དྷ་སར་ཡོད་པ་རེད། དེ་ལ་འདྲི་རུ་རྒྱུགས།
རྗེས་སུ་ཨ་རིར་ཡང་ལྷ་རྩེ་བོད་ཀྱི་དཔེ་མཛོད་ཁང་དུ། འཇམ་ནོར། པདྨ་་འབུམ། བསོད་ནམས་དར་རྒྱས་ངེད་ཚོ་ལས་གྲོགས་རྙིང་པ་རྣམས་དགའ་འཛོམས་བྱུང་སྟེ་འཇམ་དབྱངས་ལགས་ཀྱིས་ང་ཚོས་མཉམ་དུ་པར་རྒྱག་དགོས་ཟེར་ནས་ཚང་མའི་གདོང་བ་འཛུམ་གྱི་ལེར་པར་ཡང་ཁ་ཤས་བརྒྱབས་པ་ཡིན། བཀྲ་ཤིས་ལའང་དེ་སྐབས་ཐུག་སོང་། ལྷ་བཟང་ལ་ཐུག་མ་སོང་རུང་ངས་ཡང་ཡང་ཁོང་གི་བདེ་སྡུག་སྐོར་སྐད་ཆ་འདྲི་གི་ཡོད།
༢ ཁྱེད་རང་ཡང་ཁ་བརྡ་ནང་རྩོམ་འབྲི་མཁན་ཞིག་རེད། ང་ཡང་དེ་བཞིན་རེད། ངས་ཁྱེད་རང་གི་རྩོམ་ཇི་ལྟར་ནག་བསུབས་གཏོང་ཐུབ་གི་རེད། དེ་ཐུབ་ན་ཁྱེད་རང་གིས་ཀྱང་ངས་བྲིས་པ་རྣམས་ནག་བསུབས་བཏང་ན་འགྲིགས་གི་རེད།
༣ ང་ལ་མི་དགའ་སའི་མི་དེ་འདྲ་སུ་ཡང་མེད། རྩོམ་པ་པོའི་ནང་ལྷག་ཏུ་མི་དགའ་ས་མེད། ཡིན་ན་ཡང་། མཚམས་རེར་མི་འགའ་རེ་ནས་མི་ཤེས་ཤེས་ཁུལ་གྱིས་མང་པོ་ཞིག་བྲིས་ཡོང་ན་དེ་ལ་ལན་རྣོན་པོ་རེ་ཤོར་འགྲོ་གི་འདུག རྒྱུ་མཚན་བགྲང་རྒྱུ་དེ་ང་ལ་མཚོན་ན་ཨང་དང་པོར་འཛིན་ཁུལ་བྱེད་གི་ཡོད་ནའང་ཞར་དང་ཞོར་ལ་ཁབ་ཚགས་འབིགས་ཚགས་རེ་བྱེད་རྒྱུ་དེ་གོམས་སྲོལ་ལྟ་བུར་ཆགས་འདུག་པས་དེ་ལ་ཕལ་ཆེར་བཅོས་ཐབས་ཤིག་མེད་པ་འདྲ།
ངས་འདི་འབྲི་དགོས་དོན་ནི་ཁྱེད་རང་གིས་ང་ལ་གཞི་མེད་ཉེས་འཛུགས་ཀྱིས་མི་དཀར་ལ་ཞྭ་ནག་གཡོགས་པ་དང་། འགན་འཛོན་དང་ལས་བྱེད་བར་དཀྲུག་ཤིང་རྒྱག་པ། སྦྱི་ཚོགས་ནང་མི་སྒེར་ཞིག་ལ་དམིགས་ཏེ་དཀྲོགས་གཏམ་སྤེལ་བའི་བྱ་སྤྱོད་ངན་པ་དེ་གཅིག་པོར་དམིགས་ནས་བྲིས་པ་མིན་པར། ནམ་རྒྱུན་ནས་ང་ཚོའི་སྤྱི་ཚོགས་ནང་རྩོམ་མཁན་དུ་རློམ་པ་ཉུང་ཤས་ཤིག་ནས་དངོས་ཡོད་གནས་ཚུལ་ཅི་ཡིན་མི་ཤེས་པར་གཞུང་སྒེར་ལ་ཁུངས་མེད་ཀྱི་སྐྱོན་བརྗོད་བྱེད་མཁན་དེ་རིགས་ཚང་མས་ཀྱང་ངེས་པར་གོ་དགོས་པའི་གཏམ་ཡིན།
དེར་མ་ཟད། ཁྱེད་རང་རྩོམ་པ་པོ་ཞིག་ཡིན་པ་མ་ཟད་བོད་མི་མང་གི་སྤྱི་འཐུས་ཤིག་ཀྱང་རེད། དེ་ཡིན་ན་ཁྱེད་རང་ངའི་སྤྱི་འཐུས་ཀྱང་རེད། རྩོམ་པ་པོ་ཞིག་ནས་ཁ་ཡོ་ནས་བཤད་པ་དང་སྨྱུག་རྩེ་དཀྱོག་ནས་འབྲི་བ། སྤྱི་འཐུས་ཤིག་ནས་སྤྱི་འབངས་ཤིག་ལ་ཁུངས་མེད་ཉེས་འཛུགས་བྱེད་པ་འདི་དག་ཁྱེད་རང་རྩོམ་པ་པོ་དང་སྤྱི་འཐུས་སྒེར་ལ་མཚོན་ནའང་རང་གིས་རང་ལ་མཐོང་ཆུང་དང་དམའ་ཕབ་པ་ཞིག་ཀྱང་ཡིན་ན་དེ་ལྟར་མི་བྱེད་པའི་གཞེན་སྐུལ་ཞིག་ཀྱང་ཡིན།
རྩ་བས་ངས་ཁྱེད་རང་ལ་མིན་པརཁྱེད་རང་གི་རྩོམ་ལ་སྐྱོནསེལ་བྱས་པ་དེར་ཁྱེད་རང་དགའ་མི་འདུག དེར་མ་དགའ་ནའང་སྡུག་གྱོང་རེད་ཞུ་ཡ་ཡིན། མུ་མཐུད་དུ་སྐྱོན་སེལ་ཞུ་གི་ཡིན། ང་རང་གིས་གང་ཞིག་བྲིས་ཀྱང་ང་ལ་མིན་པར་ངས་བྲིས་པ་དེ་ལ་དགག་གཞག་དང་ཚིག་ངན་ཆར་བ་འབེབས་འབེབས་བྱསནའང་དེ་ལ་དགའ་བསུ་ཡོད། དེ་ནི་ངས་རེ་སྒུག་དང་ངའི་འཐོབ་བྱའང་དེ་ཡིན། གཞན་མི་མཐུན་པའི་བསམ་ཚུལ་ཁ་ཐུག་ཁ་ཐུག་བཤད་རྒྱུ་དེ་ནི་རང་ཉིད་ལ་ཨ་མས་གནང་བའི་ལེགས་སྐྱེས་ཡིན་པས་ནམ་ཡང་གཅེས་ཉར་བྱེད་གི་ཡིན། སྟེང་ལྷ་ལ་ཕོག་ན་འོག་ཀླུ་ལ་ཕོག་ན། ཨ་མའི་ལེགས་སྐྱེས་དེ་ནི་ངའི་གཅེས་ནོར་ཡིན། ད་རུང་མུ་མཐུད་མི་ལ་ཡ་ལ་བཙུགས་ན་ཁྲིམས་ཁང་ནང་ཁྲིམས་གཏུགས་བྱེད་གི་ཡིན་ད།

༄༅། །སྔགས་པ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ལ་བསྔགས་པའི་གཏམ་སྤྲིན་གྱི་རོལ་མོ།

nagpa-1nagpa-3nagpa-21
གསེར་ཆོས་ནས།

ཨོཾ་བདེ་ལེགས་སུ་གྱུར་ཅིག
༡༽ རྒྱལ་ཀུན་གསུང་གི་རྣམ་པར་སྤྲུལ་པ་འོད་མཐའ་ཡས་པའི་ཐུགས་ཀ་ནས། །
ཧྲཱི་ཡིག་དམར་པོ་དྭངས་མའི་མཚོ་ལ་འཕོས་པའི་མཚན་དཔེའི་ལང་ཚོ་ཅན། །
མཐུ་སྟོབས་ནུས་པས་འཇིགས་རྟེན་འདི་རུ་ཐུབ་པའི་བསྟན་པ་གསལ་བར་བྱས། །
ཁྱད་པར་གངས་ལྗོངས་འགྲོ་བའི་མགོན་གཅིག་མཚོ་སྐྱེས་རྡོ་རྗེས་རྟག་སྐྱོངས་ཤིག །
༢༽ དེ་རིང་ངས་ནི་ཕ་མེས་བཟང་པོའི་ཆོས་ལུགས་ཤིག་གི་འཕེལ་འགྲིབ་བསམ། །
དེ་རིང་འདི་ན་གངས་ཅན་བོད་པའི་མི་རིགས་ཤིག་གི་ལས་དབང་བསམ། །
དེ་རིང་འདི་ཕྱི་གཉིས་གར་ཕན་པའི་དམ་པའི་ལྷ་ཆོས་སྐྱོབ་ཐབས་བསམ། །
དེ་རིང་ཉེན་ཁ་ཤིན་ཏུ་ཆེ་བའི་བོད་ཀྱི་མི་རིགས་སྤེལ་ཐབས་བསམ། །
༣༽ དེ་ཕྱིར་སྔོན་བྱོན་དམ་པའི་གསུང་དང་འགལ་བ་མེད་པའི་ལམ་ལུགས་གཅིག །
གངས་ཅན་བོད་པའི་མི་རིགས་ཆེན་མོ་གྲངས་མེད་འཕེལ་བའི་ཐབས་ལམ་གཉིས། །
འཛམ་གླིང་ཤར་ནུབ་མི་ཡི་སེམས་ལ་ཤིན་ཏུ་འགྲིག་པའི་ཆོས་ལུགས་གསུམ། །
དུས་དང་མཐུན་པའི་ཆོས་ལུགས་འདི་ནི་གོས་དཀར་ལྕང་ལོ་ཅན་ལ་ཡོད། །
༤༽ སྟོན་པ་ཤཱཀྱའི་འཁོར་གྱི་ནང་ན་རབ་བྱུང་ལས་ཀྱང་ཁྱིམ་པ་མང་། །
སོ་སོར་ཐར་པའི་སྡོམ་པའི་རྟེན་ལ་གླིང་གསུམ་སྐྱེས་པ་བུད་མེད་དགོས། །
སྟོན་པའི་འཁོར་ན་ལྷ་དང་ལྷ་མིན་མི་མ་ཡིན་པ་ཤིན་ཏུ་མང་། །
སྤྱན་གཟིགས་ཕྱག་རྡོར་འཇམ་པའི་དབྱངས་སོགས་ལྕང་ལོ་རལ་བས་སྐུ་རྒྱབ་ཁེབ། །
༥༽ སྔོན་དུས་རྒྱ་གར་འཕགས་པའི་ཡུལ་ན་གྲུབ་ཆེན་བརྒྱད་ཅུ་ལ་སོགས་དང་། །
བོད་འདིར་རྙིང་མའི་རྗེང་འབངས་ཕལ་ཆེར་གཏེར་ཆེན་བརྒྱད་རྩའི་མང་ཆེ་བ། །
གཞང་ཡང་སོ་ཟུར་གནུགས་གསུམ་བརྒྱུད་འཛིན་སྔགས་རིག་འཛིན་པའི་གྲུབ་ཆེན་མང་། །
ད་ལྟའི་བར་དུ་སྲོལ་བཟང་འདི་ཉིད་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ། ། Read the rest of this entry »

༧གོང་ས་མཆོག་ཐའེ་ཝན་དུ་འབྱོར་བ།

༧གོང་ས་མཆོག་དེ་རིང་ཐའེ་ཝན་དུ་འབྱོར་འདུག་ལ། ཐའེ་ཝན་མང་གཙོ་ཚོགས་པས་ཐེངས་འདིར་༧གོང་ས་མཆོག་ཐའེ་ཝན་ནང་ཕེབས་པ་དེ་རྒྱ་གཞུང་ལ་བཀག་འགོག་བྱེད་པའི་དབང་ཆ་མེད། ཅེས་བརྗོད་འདུག

བྷི་བྷི་གསར་ཁང་གིས་དེ་རིང་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་ཐའེ་ཝན་དད་ལྡན་མང་ཚོགས་གཙོས། དམངས་གཙོ་ཚོགས་པ་དང་དྲག་རླུང་གནོད་འཚེ་ཐེབས་ཡུལ་མི་མང་གིས་རེ་སྐུལ་དང་གསོལ་འདེབས་ཞུས་ཡོད་པ་བཞིན། ༧གོང་ས་མཆོག་ལ་ཐའེ་ཝན་གཞུང་ངོས་ནས་ཆིབས་བསྒྱུར་གྱི་མཆོག་མཆན་གནང་ཡོད་པ་མ་ཟད། དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ཡས་མས་སུ་༧གོང་ས་མཆོག་ཐའེ་ཝན་ནང་ཞབས་སོར་བདེ་བར་འཁོད་ཡོད་པ་དང་། ཞབས་སོར་འཁོད་མ་ཐག་ཐའེ་ཝན་ལྷོ་ཕྱོགས་ཀྱི་གནོད་འཚེ་ཐེབས་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་དེར་ཡོད་ས་གནས་མི་མང་ལ་འཚམས་གཟིགས་གནང་ཡོད་པ་རེད།
འཕྲོས་ བོད་ཀྱི་དུས་བབ་ཏུ་གཟིགས་རོགས།

འཚེ་མེད་ཞི་བའི་ལམ་བཟང་ལས་བརྩམས་པའི་སྙན་ཚིག་དགེ་ལེགས་འདྲེན་པའི་ཕོ་ཉ།

peace
གྲུ་འཛིན་ཞིང་ན་བར་མེད་འཕྱོ་བའི་མཉེས་གཤིན་འོ་མཚོའི་རླབས་ཀྱི་མེ་ཏོག་ཁ་བ་དཀར་པོའི་ཟོལ་དུ་བབས་པ་གྱེན་དུ་བརྩེགས་པའི་ས་འཛིན་འབུམ། །
སྲིད་ཞིའི་ཕྱྭ་གཡང་འབོད་པའི་རྟེན་དུ་ནོར་འཛིན་ཕང་བར་རིང་ནས་རྒྱས་བཏབ་སྰ་ལའི་ཚང་ཚིང་སྡུག་གུར་བཀྲ་བའི་བསིལ་ལྡན་གངས་ཀྱི་འཇིག་རྟེན་དུ། །
རྫོགས་ལྡན་ཕོ་ཉའི་འགྲོ་འོང་ལ་ནི་བརྩེ་ཆེན་སྤྱན་ཞགས་འཁྱུད་པའི་མགོན་པོ་ངག་ལ་དབང་འབྱོར་ལྷ་དང་དབྱེར་མེད་སྙིང་དབུས་འོད་ལྔའི་གུར་ཁང་དུ། །
སྲིད་ཞིའི་དགེ་ལེགས་དབྱིག་གི་ཆར་བ་རིས་མེད་སྙིམ་པའི་ཁྱོན་དུ་འབེབ་བཞིན་བརྗོད་བྱ་དོན་ལྡན་ཞི་བའི་འཇུག་ངོགས་རྗོད་བྱེད་ཚིག་གིས་མཚོན་ནུས་མཛོད། །
དུས་ཀྱི་དམོད་ལ་མུན་པའི་མངལ་ལས་ལྟ་ངན་འབྱུང་བོའི་མཁར་བགྲོད་ཚོགས་ཀྱིས་གདུག་ཅན་རོ་འཛིན་དྲག་ཏུ་འགྱུ་བས་ཕན་བདེའི་འོད་ཀྱི་ཉག་ཕྲན་འབུམ། །
ཉམ་ངའི་ནུབ་ཕྱོགས་འཛིན་མའི་འོབས་སུ་ཞི་བའི་གཟི་བྱིན་རིང་དུ་བོར་ཏེ་འོ་དོད་འབྱིན་བཞིན་རིང་ཞིག་འདས་པའི་ལོ་ཟླར་ཕྱིར་དྲན་བགྱི་བའི་དུས། །
ཞབས་ཟུང་བཀོད་པའི་རྡུལ་ཕྲན་དག་ཀྱང་ལྷ་དང་མི་ཡི་མཆོད་པའི་རྟེན་གྱུར་༧གོང་ས་ཕྱག་ན་པདྨོ་མཆོག་གི་མཛད་རླབས་ཉི་ཟླའི་སྣང་བ་དང་། །
ས་བཅུའི་སེམས་དཔའ་མི་ཡི་རྣམ་རོལ་རྒྱལ་སྲས་ཆེན་པོ་གན་དྷིའི་སྤྱོད་བཟང་གཟུགས་ཅན་བཞིན་དུ་ཡིད་ངོར་ཤར་ཚེ་དད་གུས་མཆི་མ་ཅི་ཡང་འཛུམ། ། Read the rest of this entry »

༧གོང་ས་མཆོག་ཐེ་ཝན་ལ་ཆིབས་བསྒྱུར་གནང་རྒྱུ་རེད།

སི་ཨེན་ཨེན་དང་དུས་བབ་གསར་ཤོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་ཟླ་འདིའི་ཚེས་ ༣༠ རེས་གཟའ་ཉི་མ་ཉིན་ཐེ་ཝན་དུ་ཕེབས་འབྱོར་གནང་རྒྱུ་ཡིན་པ་དང་། དེར་ཆོས་ཕྱོགས་ཀྱི་མཛད་རིམ་བསྐྱངས་རྒྱུ་ཡིན་པ་རེད་འདུག གནས་ཚུལ་ཞིབ་གསལ་གཤམ་གྱི་འབྲེལ་ཐག་ན་འདུག
http://edition.cnn.com/2009/WORLD/asiapcf/08/28/taiwan.dalai.lama/#cnnSTCVideo

ཁྱིམ་པས་འདུལ་བ་ཤེས་ན་སུ་ལ་གནོད།

05_tibetan_monk
འདུལ་བ་མ་ཤེས་འདུལ་བསྟན་ཅི་ལྟར་བསྲུང་། །
འདུལ་བ་མ་གླེང་འདུལ་བ་ཅི་ལྟར་ཤེས། །
འདུལ་བ་མ་བྲིས་འདུལ་བ་ཅི་ལྟར་སྤེལ། །
འདུལ་བ་མ་རྙོག་འདུལ་སྡོམ་ཅི་ལྟར་བཟོ། །
འདུལ་བ་གླེང་སློང་འདུལ་དཀྲུག་ཡིན་གྱུར་ན། །
འདུལ་བའི་གཞུང་ལ་སློབ་སྦྱོང་བྱེད་ཞོར་དུ། །
འདུལ་བའི་ཆོས་རྩོད་བྱེད་པའི་དགེ་སྦྱོང་དག །
འདུལ་བསྟན་དཀྲུག་པའི་དྭངས་མར་ཅིའི་མི་འགྱུར། །
འདུལ་བའི་སྲུང་མཚམས་ཞིབ་ཅིང་ཕྲ་བ་དེ། །
འདུལ་འཛིན་རྣམ་པར་སྐད་ཆ་དྲིས་པ་དང་། །
འདུལ་བ་སྲུང་དཀའི་གནས་ལུགས་བརྗོད་པ་དེ། །
འདུལ་བསྟན་དཀྲུག་པའི་སྐད་ཆ་ཡིན་དོགས་མེད། ། Read the rest of this entry »

༄། །མདུན་བསྐྱོད་དགོས་ན་བློས་གཏོང་གྱིས།།

འཆམ་ར་དྲི་མེད་རྒྱལ་མཚན།
—————–

༄། །མདུན་བསྐྱོད་དགོས་ན་བློས་གཏོང་གྱིས།།
༈ གཡག་ཀོ་རྙིངཔའིི་ཡོལ་ལའི་རྒྱབ་ནས་རུལ་སུངས་ཀྱི་དྲི་ངད་འཐུལ་དུས་རྟོགས་སད་པ་གང་ན་ཡོད།
ཁ་བྱང་གི་འགྲེལ།
༡། ཡར་རྒྱས་ཀྱི་ཚེ་སྲོག་ནི་སྐྱོན་འཚང་ཐེར་འདོན་ཡིན་ལ། སྐྱོན་འདོན་གྱི་ཕོད་པ་ནི་ལྷག་བསམ་ཀྱི་སྟོབས་ཤུགས་ལ་རག་ལས་ཡོད།

དེ་ཡང་རྒྱ་ཁྱོན་གྱི་ངོ་གདོང་ལ་མ་ལྟོས་པའི་ཚོགས་པ་ཞིག་དང་སྒྲིག་འཛུགས་གཅིག་གི་རྩ་བའི་དམིགས་ཡུལ་གྱི་འདེལ་ཁ་ནི། མེད་པ་ནས་ཡོད་པ་དང་། མཐུས་ཚང་ནས་འཕེལ་རྒྱས། གསར་གཏོད་ནས་སྲ་བརྟན་ཏེ། མདོར་ན་ཡོད་ཚད་ཀྱི་དམིགས་འདུན་མཐའ་ཐུག་ནིི་ཁེ་ཕན་བསྒྲུབ་རྒྱུར་གཏད་ཡོད། དེ་འདྲའི་འཛུགས་བསྐྲུན་གྱི་ཐོག་མའི་ཆ་རྐྱེན་ནི་ལྟོས་གྲུབ་ཀྱི་ལས་གཉེར་བའི་མི་སྣ་རེ་རེའི་ངོས་ནས་ཚད་བཟུང་མེད་པའི་བྱ་སྤྱོད་ལ་གལ་ཆེན་རང་བཞིན་ལྡན་པའི་འགན་ཁུར་དགོས་པ་དེ་རེད། ལྡོག་ཕྱོགས་ནས་བཤད་ན་སྤྱི་ཚོགས་ཚང་མའི་ནང་ལ་ནང་སྙིང་ནས་གསོན་ཤུགས་ཀྱི་ཟུང་ཁྲག་འཇིབ་པའི་ལྐོག་གཡེང་པ་དང་། ཕྱི་ཤུན་འཐུག་པའི་རུལ་སུངས་ཅན་ཡོང་དང་ཡོང་བཞིན་པ་ལྟར། དེ་འདྲའིམི་མངོན་པའི་ཚུལ་གྱི་གཏོར་བཅོམ་རིངས་ལུགས་པ་དེ་ཚོ་ཕམ་ཉེས་བཏང་བ་ལ། གོ་རིམ་ལྡན་པའི་རྒོལ་རྡུང་ནི་སྤྱི་ཚོགས་དེ་མཐོར་འདེགས་ལ་ཕྱོགས་པའི་བྱ་བ་རླབས་ཆེན་ཞིག་ཡིན། Read the rest of this entry »

ཀ་ཁའི་སྒྲུང་།

གཡང་སྐྱབས་རྒྱལ།
——-
ཀ་ན་རེ། “ད་ང་ཉོབ་གི་འདུག སྐྱིད་པོ་མི་འདུག”
ཁ་ན་རེ། “སྐུ་ངོ་གང་གནང་སོང་།”
ཀ་ན་རེ། “ང་ལུང་པ་འདི་ལ་སྐྱིད་པོ་མི་འདུག ཚ་བ་ཆེན་པོ་འདུག”
ཁ་ན་རེ། “སྐུ་ངོ་རང་སྐུ་ངོ་རེད། དེ་དོན་དག་ཆུང་ཆུང་རེད། འགུལ་ཙམ་བྱས་ན་བསམ་དོན་ཚང་མ་འགྲུབ་གི་རེད།”
ཀ་ལུང་པ་གཞན་ཞིག་ཏུ་འབྱོར། སྤྱི་ཚོགས་ཚང་མ་འུར་གྱིས་ཁེངས། ཀ་ནི་ལྷོད་ལྷོད་ངང་བཞུགས། ཟླ་བ་གཅིག་ཙམ་གྱི་རྗེས་ལ། ལས་ཁུངས་ཤིག་ཏུ་ཕྱག་ལས་གནང་མགོ་བཙུགས། ངོ་མ་བཤད་ན། ལས་ཁུངས་དེར་ལས་བྱེད་གསར་པའི་གནས་རིམ་མེད། ཀ་ཡི་མཐོང་དང་གཟི་བརྗིད་ཀྱིས་ལས་བྱེད་རྙིང་པ་ཞིག་གནས་དབྱུང་བཏང་། མིང་ལ་བགྲེས་ཡོལ་སྔ་བསྣུར་ཞེས་བཏགས། དེའི་ཚབ་ལ་ཀ་ལ་ཕྱག་ལས་ཕུལ། ཀ་ནི་ལུང་པ་གསར་པའི་ནང་སྡུག་གི་སྣེ་མོ་ཞིག་མ་མཐོང་བར་སྐུ་ཚབ་ཆེན་པོ་ཞིག་ཆགས། ཀ་ན་རེ། “ཁ་ཁྱོད་བདེན་པ་འདུག སྐུ་ངོ་ཟེར་རྒྱུ་འདི་ལ་ཏན་ཏན་ལྟ་རྒྱུ་ཞིག་འདུག” ཁོ་ཕི་ཞིག་མཆོད་ནས་བཞུགས་སོ།
ཁ་ཡིས་ཀྱང་འདི་དག་ཚང་མ་མིག་གསོན་པོས་མཐོང་། ང་ཡང་སྐུ་ངོ་ཀ་ནང་བཞིན་བྱེད་དགོས་དྲན། རྒྱུགས། ལུང་པ་གཞན་ཞིག་ལ་རྒྱུགས། འོ་ཙི། ལས་ཀ་མི་འདུག མགྲོན་ཁང་གི་ལས་ཀ་བྱས། ལས་དོད་དང་རྔན་པ་གཉིས་ཀྱིས་གང་ཆེ་བསྡུར་ནས་བཞུགས། མཚམས་ཤིག་ལ་སྐུ་ངོ་ཀ་ལ་མཇལ། ཀ་ན་རེ། “ཁོ་རེ། ཁ ཁྱོད་འདིར་གང་བྱེད་ཀྱི་ཡོད།” ཁ་ན་རེ། “མགྲོན་ཁང་གི་ལས་ཞབས་བྱེད་ཀྱི་ཡོད།” ཀ་ན་རེ། “ཡག་པོ་དཔེ་འདྲ་ཞིག་རེད། ཧུར་ཐག་བྱེད་དགོས་རེད་ད། མ་རབས་བྱེད་རྒྱུ་ཡོད་མ་རེད། ༧སྐྱབས་མགོན་རིན་པོ་ཆེས་གསུངས་བྱུང་ང་། མི་རེ་ངོ་རེ་ནས་བོད་མི་དམངས་ཀྱི་སྐུ་ཚབ་བྱེད་དགོས་རེད།”
ཁ་ན་རེ། “ལགས་རེད། སྐུ་ངོ་ལགས། ལགས་རེད།”

ཆར་ལིའི་སི་སྒྲར་བེན།(Charles Darwin) ༼འཕྲོས།༽

རྔ་བ་རྒྱལ་ཁམས་པ།
————-
ལེའུ་དང་བོ།
མྱུལ་ཞིབ་འཆར་གཞི།
397px-charles_darwin_by_g_richmondསྐུ་ཞབས་སྒྲར་བེན་མཆོག་ནམ་རྒྱུན་ལེགས་སྤྱར་སོགས་ྐློག་སྦྱོང་གི་ཚོགས་གྲར་འཇུག་པ་ལས། བྱ་ཤང་ཤང་ཏེའུ་སོགས་སྲོག་ཆགས་རིགས་ལ་མེ་མདའ་འཕེན་རྩེད་གནང་བར་དགའ་མོས་ཆེ་བར་བཤད་ཅིང་། སྤྱི་ལོ༡༨༣༡ལོར་གོང་གསལ་སློབ་ཆེན་མཐར་ཕྱིན་ཏེ། གཙུག་ལག་སློབ་ཆེན་ཨང་རིམ་དང་བོ་ཆོད་མཁན་གྱི་ཕྱག་འཁྱེར་བཞེས། སྐབས་དེ་ཤེད་ནས་སྙན་གྲགས་ཅན་གྱི་སློབ་སྤྱི་ས་ཁམས་རིག་པའི་མཁས་པ་ཨ་སྒྲམ་དང་། རྩི་ཤིང་རིག་པའི་མཁས་པ་ལྗོན་རྣམ་གཉིས་དང་གྲོགས་འབྲེལ་བཟང་བོ་བསྒྲིགས་ཤིང་། རང་ཉིད་ཀྱི་ཐུགས་འདུན་ལྟར་མུ་མཐུད་བྲག་རྡོ་དང་། ས་གཏེར། སྲོག་ཆགས། རྩི་ཤིང་སོགས་ཀྱི་ཐད་སློབ་གཉེར་ཞིབ་འཇུག་བྱས། སྤྱིར་ན་སྐུ་ཞབས་སྒྲར་བེན་མཆོག་གི་སྔ་རོལ་དུ་འཇིག་རྟེན་རིམ་འབྱུང་རིག་པའི་སྐོར་ལ་བསམ་གཞིགས་གཏོང་མཁན་མང་བོ་ཞིག་བྱུང་བ་དང་། ལྷག་པར་ཁོང་གི་སྐུ་དུས་སུ་རང་ཉིད་ཀྱི་ཨ་མྱེ་ཨ་ར་སི་མ་སི་མཆོག་གིས་བརྩམས་པའི༼ཟོས་ནོ་མེ་པ༽ཞེས་པའི་དཔེ་ཆ་དང་། སྤ་རན་སིའི་རང་བྱུང་ཁམས་རིག་སྨྲ་བ་ལྗེན་བྷེབ་ཁྲེ་སི་གྲིའི་ལ་མར་ཁི་མཆོག་གིས་ཐོག་མར་ཚན་རིག་གི་བསམ་བློའི་ལྟ་བ་བརྗོད་བྱར་བྱས་པ༼རྫུ་འཕྲུལ༽དུ་འབོད་པའི་གཞུང་བརྩམས་པ། དུས་ཕྱིས་༼སྲོག་ཆགས་ཀྱི་མཚན་ཉིད་རིག་པ༽ཞེས་འབོད་པ་དེ་ཉིད་དང་། ས་ཁམས་རིག་པའི་མཁས་པ་སྐུ་ཞབས་རོ་བྷིར་གྲི་ཆམ་བྷིར་སི་མཆོག་གིས་བརྩམས་པའི༼རང་བྱུང་ལོ་རྒྱུས་བཞེངས་སྐྲུན་གྱི་རྐང་རྗེས༽ཞེས་པ་སོགས་དཔེ་ཆ་མང་བོའི་ནང་། འཇིག་རྟེན་རིམ་འབྱུང་གི་ཐད་བསམ་གཞིགས་བྱས་ཡོད་སྟབས། ཁོང་རིམ་འབྱུང་རིག་པའི་བསམ་བློ་བ་ཐོག་མ་དེ་མིན་པར་གསལ་མོད། ཁོང་གིས་གོང་གི་གཞུང་ལུགས་དེ་དག་ལ་བརྟེན་ནས་རིམ་འབྱུང་ཇི་ལྟར་བྱུང་བའི་སྐོར་གྱི་རིག་པའི་རྣམ་བཤད། གཞན་ལས་ཁྱད་འཕགས་དོན་དངོས་ཀྱི་བདེན་དཔང་ཡོད་པ་དེ་འདྲ་ཞིག་བཏོད་ཐུབ་བྱུང་ཡོད་ལ། Read the rest of this entry »

ཆུ་ངོགས་ཀྱི་མཛེས་མ།

རྔ་བ་རྒྱལ་ཁམས་པ།
———
སེར་ནག་་སྐྲ་ཡི་ཉག་མ་དག་ནི་རྒྱབ་ཤ་སྒྲིབ་བྱེད་ཡོལ་བ་འདྲ།།
དྭངས་གསལ་སྤྱན་རས་གཡོ་བའི་རྣམ་འགྱུར་སྤོབས་པ་ཆེ་ཞིང་བློ་རིག་གྲུང་།།
ཞལ་ཁྱིམ་གཙང་ཞིང་ཡིད་འོང་མཆུ་སྒྲོས་འདོད་པའི་གླུ་ཡི་བྲག་ཆ་སྙན།།
གོས་ཆེན་དཀར་པོའི་ནུ་ཁེབ་འོག་ན་དུང་གི་ནུ་མ་ལྷུག་ལྷུག་འདར།།
འཕོང་ཚོས་མཐོ་ཞིང་སྐེད་པ་ཕྲ་མོ་ལྟེ་བུག་གསེར་གྱི་གདུབ་གོར་ཅན།།
གསེང་ཁེབ་འོག་ན་གབ་པའི་ཆུང་འདྲིས་ཞིམ་མདོག་ཧ་ཅང་ཆེ་བར་སྣང་།།
ཡིད་འོང་བུ་མོའི་ལང་ཚོའི་འཇིག་རྟེན་འཚོ་བའི་ཁྲོད་ཀྱི་སྦྲང་རྩི་ཉིད།།

ཀ་རྩོམ་གླང་མཇེ་ས་གཤགས།

ཀླུ་སྨྱོན།
love
ཀ་བ་ལྟ་བུར་མཇེ་གོག་ལངས་པའི་དུས། །

ཁ་དང་བཤང་དང་སྟུ་ལ་བསྣུན་གྱུར་ན། །

ག་ལེར་རང་གི་སྡོམ་པ་ཤོར་སོང་བས། །

ང་ཡི་ཆོས་གྲོགས་དག་གིས་གཟབ་པར་མཛོད། །

ཅ་རིལ་ལྟ་བུའི་གླིག་རིལ་ངར་བའི་དུས། །
ཆ་རྒྱུས་ཡོད་མེད་ཞི་མོ་ཀུན་ལ་ཅེར། །
ཇ་ཤིང་ལྟ་བུའི་མཇེ་གོག་མིན་རྒྱུ་ན། །
ཉ་མ་ཚ་བོ་སྒོམ་བཞིན་ཤི་ལེ་མིན། །
Read the rest of this entry »

སྡོམ་པའི་ལྕགས་སྒྲོག་ཆད་པའི་གླུ།

thumb_ist2_2976099_broken_chain_iv
ཀླུ་སྨྱོན་ཧེ་རུ་ཀ
བཅོམ་ལྡན་འདས་ཀྱིས་སྡོམ་པ་བསྲུངས་ཞེས་འདུལ་བའི་གཏམ་རྒྱུད་ནང་དུ་གསུངས། །

ཉན་ཐོས་འདི་ཡི་སྡོམ་པ་ཤོར་ཞེས་དེ་ཡང་འདུལ་བའི་ནང་དུ་བྲིས། །

ཅུང་ཟད་རེར་ཡང་འདི་མི་ཆོག་དང་དེ་མི་ཆོག་ཅེས་སྡོམ་མཛད་པའི། །

སྡོམ་པའི་ལྕགས་ཐག་དགུ་སྒྲིལ་རྡུང་བའི་སྡོམ་བརྩོན་ཤྰཀྱ་ཐུབ་པར་འདུད། །
བུ་མོ་ཞིག་ལ་སེམས་པ་ཤོར་ན་སྡོམ་པ་ད་དུང་ཡོད་དམ་མེད། །

ཞི་ལི་ཞིག་ལ་ལག་པས་རེག་ན་སྡོམ་པ་ད་དུང་ཡོད་དམ་མེད། །

རྒྱུ་ནོར་ཞིག་ལ་ཧམ་སེམས་སྐྱེས་དུས་སྡོམ་པ་ད་དུང་ཡོད་དམ་མེད། །

མེད་ན་ས་སྟེང་འདི་ཀོ་སྡོམ་ཤོར་ལུང་པ་གང་གིས་གང་ནས་འདུག །

མོ་སྡོམ་ཡོད་ན་སྡོམ་པ་ཡོད་ཚེ་ང་ལ་སྡོམ་པ་ཡོད་པ་འདྲ། །
བྱང་སྡོམ་མེད་ན་སྡོམ་པ་མེད་ཚེ་ང་ལ་སྡོམ་པ་མེད་པ་འདྲ། །
སྔགས་སྡོམ་མེད་ན་སྡོམ་པ་མེད་ཚེ་ང་ལ་དེ་ཡང་མེད་པ་འདྲ། །
སྡོམ་གསུམ་མཉམ་དུ་རྒྱ་མར་བཀྱགས་ན་ང་ལ་སྡོམ་པ་མེད་པ་འདྲ། །
སྡོམ་པ་ཟེར་བའི་སྡོམ་སྤྱད་འདི་ཡིས་འཁོར་བའི་ནང་དུ་རྐང་ལག་བསྡམས། །
སྡོམ་པ་ཟེར་བའི་སྡོམ་སྤྱད་འདི་ལ་རུལ་རྒྱུ་ཡོད་ན་རུལ་སོང་ཟིག །
ལྕགས་ཐག་གསེར་ཐག་གང་གིས་བསྡམས་ཀྱང་རྐང་ལག་རྐྱོང་དབང་མེད་པ་ལ། །
གཅིག་པ་ཡིན་པས་དེ་རིང་ནས་བཟུང་སྡོམ་པའི་འོག་ནས་འབུད་ན་འདོད། །

བྱིས་པ་སྣབས་ལུག་སྡོམ་པས་བཅིངས་ནས་ཀ་ར་ཞིམ་པོ་རྐུ་ཐབས་བྲལ། །

གསར་བུ་རྫིག་པོ་སྡོམ་པས་བསྡམས་ནས་གསར་མོ་མཛེས་མར་རྒྱོ་ཐབས་ཟད། །

གསར་མོ་འདོད་ལྡན་སྡོམ་པར་འཇིགས་ནས་གསར་ཡག་སྔུན་ན་འདར་སིག་སིག །

སྡོམ་པ་འདི་ཡིས་ལུས་ཅན་གང་དག་རང་དབང་མེད་པར་བསྡམས་ནས་འདུག ། Read the rest of this entry »

ཐང་སན་ལམ་ཡིག་ངོ་སྤྲོད།

hsuan-tsang-guides-book1
སྐྱེས་སར་ཀླུ་སྒྲུབ།

དེབ་འདི་རྒྱའི་བཙུན་པ་ཐང་སན་ཙང་ཕྱི་ལོའི་དུས་རབས་བདུན་པར་རྒྱ་གར་དུ་གནས་མཇལ་དང། ཆོས་འཚོལ་བར་ཕེབས་སྐབས་ལམ་བར་གྱི་གཟིགས་ཚུལ་ཡིག་འགོད་མཛད་པའི་ལམ་ཡིག་ཅིག་ཡིན་ཞིང། མིང་ལ་ཆེན་པོ་ཐང་གི་སྐབས་ནུབ་ལྗོངས་སུ་བསྐྱོད་པའི་ཟིན་བྲིས་ཟེར་བ་ལྟ་བུ་ཞིག་ཡིན་མོད། འོན་ཀྱང་ད་ཕན་བོད་ཡིག་ཐོག་གི་ལོ་རྒྱུས་ནང་ཐང་སན་ལམ་ཡིག་ཅེས་འབོད་པ་དང། ལམ་ཡིག་འདི་བོད་བསྒྱུར་བྱེད་པོ་སོག་རིགས་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ཅེས་བསྒྱུར་ཡོད། Read the rest of this entry »

ཆར་ལིའི་སི་སྒྲར་བེན།(Charles Darwin)

རྔ་བ་རྒྱལ་ཁམས་པ།
_______________
སྒྲར་བེན་དང་རིམ་འབྱུང་།
མགོ་བརྗོད།

Charles Darwin (12 February 1809 – 19 April 1882)

Charles Darwin (12 February 1809 – 19 April 1882)

དེ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཟས་གཙང་གི་སྲས་བོ་དེ་ཉིད་ཀྱིས། ངེས་བ་དོན་དུ་འཇིག་རྟེན་མཐུན་སྣང་གི་གཡུལ་ངོ་ཕྲ་རགས། བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ཏེ། དག་དང་མ་དག ཡོད་མིན་མེད་མིན། འཁོར་བ་དང་མྱང་འདས། སངས་རྒྱས་དང་སེམས་ཅན་སོགས་རང་ཅག་གིས་བློས་བཏགས་པའི་ཐ་སྙད་འདི་དག་ཅུང་ཟད་ཙམ་ཡང་ཡོད་མ་མྱོང་བའི་རང་བཞིན་གྱི་རིག་པའི་དབྱིངས་ཤིག་ན། ཤེས་བྱའི་གནས་ལུགས་འབད་མེད་ལྷུན་གྲུབ་ཏུ་རྟོགས་པའི་མཐུ་བརྙེས་ཤིང་། ཡེ་ཤེས་ཀྱི་རོལ་བ་ཐུགས་རྗེ་ཆེན་པོའི་ཆོས་ཉིད་ཀྱི་བརྡས་བསྐུལ་བ་ལས། ཐུན་མིན་མོས་ངོར་གསང་ཆེན་རྒྱུད་སྡེ་བཞི་ལས་བརྩམས་པའི་འཇིག་རྟེན་སྣོད་བཅུད་ཀྱི་རྣམ་བཞག་དང་། ཐུན་མོང་སྣང་ངོར་མདོ་སྡེ་རྒྱ་ཆེར་རོལ་བ། ཕལ་བོ་ཆེའི་མདོ། བསམ་གྱིས་མི་ཁྱབ་པའི་མདོ་སོགས་ལས་བརྩམས་ནས་སྣོད་བཅུད་ཆགས་གནས་འཇིག་སྟོང་གི་ཤེས་བྱའི་གོ་རིམ། མི་ལོ་ཉིས་སྟོང་ལྔ་བརྒྱའི་གོང་རོལ་ཞིག་ནས་ཆེས་ཧ་ཅིང་ཞིབ་གསལ་གསུངས་ཟིན་མོད། Read the rest of this entry »