འཛམ་གླིང་གི་མྱ་ངན།
གཱན་ངྷི་། ཁོང་གི་མི་ཚེ་དང་འཛམ་གླིང་ལ་གསུང་འཕྲིན།
ལོའུ་བེ་སུ ཧྥི་ཆེར་གྱིས་བརྩམས།
བོད་སྒྱུར། ཚེ་རིང་དོན་གྲུབ
མོ་ཧཱན་ངྷ གཱན་ངྷི ༡༨༦༩ ཟླ་བ་༡༠་ཚེས༢ – ༡༩༤༨་ཟླ་བ་༡་ཚེས་༣༠
ལྡི་ལི་གསར་བའི་ཉེ་འཁྲིས། ཇུམ་ནཱ་གཙང་བའི་འགྲམ་དུ། མི་མང་ས་ཡ་གཅིག་ལ་ཉེ་བས་སྐུ་ཕུང་གདན་ཞུའི་ཆོ་ག་ཞུགས་འབུལ་གནང་སའི་གནས་ཏེ་འབྱོར་བར་སྒུག་འདུག སྐྱེས་བ་ཚོས་དར་གོས་དཀར་པོ་གྱོན་པ་དང་། བུད་མེད་ཚོས་སྲིང་བལ་གྱི་གཟན་རས་དཀར་པོ་གཡོག་པ་དེས་ས་གཞི་ཡོངས་དཀར་པོས་ཁེབས།
གཙང་བོ་ནས་གོམ་ཁྲི་བརྒྱ་ཕྲག་ཅིག་གི་སར་རཱ་རྗེ་གཱ་ཊ་རུ་ས་དང་རྡོ། ས་ཕག་གིས་བཟོས་པའི་དུར་ཁང་གསར་བ་ཞིག་འདུག དེ་ནི་གོམ་ཁྲི་བརྒྱད་ཅན་གྱི་གྲུ་བཞི་ཞིག་རེད་། མཐོ་ཚད་ལ་གོམ་ཁྲི་གཉིས་ཙམ་འདུག ཙན་དན་གྱི་ཤིང་དུམ་ཕྲ་ཞིང་རིང་བོ་ལ་དྲི་བཟང་ཞུགས་ནས་དེའི་སྒང་དུ་སྤུངས། མཱ་ཧཱ་མཱ གཱན་ངྷའི་སྐུ་ཕུང་གི་དབུ་བྱང་ལ་གཏད་དེ་དུར་ཁང་དུ་བཞག སྟོན་པ་སངས་རྒྱས་མཆོག་མྱ་ངན་ལས་འདས་བའི་མཛད་པ་དེ་བཞིན་བསྟན་འདུག
ཕྱི་དྲོ་དུས་ཚོད་༤་དང་སྐར་མ་༤༥་ཐོག མཱ་ཧཱ་མཱའི་བུ་གསུམ་པ་རཱམ་ངྷ་སུ་ཡིས་དུར་ཁང་གི་སྐུ་ཕུང་ལ་ཞུགས་མེ་སྒྲོན་པ་ན། ཤིང་དུམ་འབར་བས་མེ་ལྕེ་མཆེད་པ་དང་། རྒྱ་ཆེ་བའི་མི་ཚོགས་འདུ་འཛོམས་ཀྱིས་མྱ་ངན་ཆེན་པོ་ངང་བུད་མེད་ཚོས་སྐད་ཤུགས་ཆེན་པོར་ངུ་བ་དང་སྨྲེ་སྔགས་འདོན་པ། སྐྱེས་བ་ཚོས་མིག་ནས་མཆི་མ་བཏོན། ཤིང་དུམ་འབར་བས་ཚག་སྒྲ་འབྱིན་ཞིང་མེ་ཚིགས་པ་དང་། མེ་ལྕེ་ཕྱོགས་གཅིག་ཏུ་མཆེད་ནས་མེ་ཕུང་ཞིག་ཏུ་གྱུར། ད་ལྟ་གནས་དེ་ཁུ་སིམ་སིམ་དང་། གཱན་ངྷའི་ཕུང་བོ་ཆུང་དུ་ཕྱིན་ཏེ་ཚིགས་རོ་དང་ཐལ་བ་གྱུར།
ཕྱི་ལོ་༡༩༤༨་ཟླ་༡་ཚེས་༣༠་ཉིན་གྱི་སྔ་བོ་དེ་ལ། མི་དར་མ་ཞིག་གིས་རྒྱ་གར་གྱི་གཙོ་འཛིན་མོ་ཧཱན་ངྷ་ གཱན་ངྷི་ལ་མེ་མདའ་རྒྱབ་ཏེ་བཀྲོངས་བ་རེད།