ཁ་བརྡ།

ཁ་བརྡ།

Archive for December, 2008


ལོ་ངོ་ཉི་ཤུའི་སྔོན་ལ་བྲིས་པའི་རྩོམ་ཐུང་ཞིག

གཤམ་དུ་རྡེག་གནོན་བྱོས།
15thmoon

མ་བཀླགས་ཚད་མེད་ཀྱི་སྟོང་ཁམས་འགྲེལ་བཤད།

གཤམ་དུ་རྡེག་གནོན་བྱོས།
otherworld

འཇམ་དབྱངས་སྐྱིད་ཀྱིས་ལྕགས་མོ་མཚོ་ལ་སྤྲིངས་པའི་འཕྲིན་ཡིག་ཅིག

གཤམ་དུ་རྡེག་གནོན་བྱོས།
jamyangkyi

༄༅།།ཀྲུའུ་ཝེ་ཆུན་ལ་ཤང་ཀང་གི་ཧྥེང་ཧོང་བརྙན་འཕྲིན་ཁང་གིས་བཅར་འདྲི་གནང་བའི་སྐོར།

(སྨད་ཆ།)

  “ཁྱོད་ཀྱི་འཛུམ་མདངས་ལས་མིའི་ཡིད་དབང་འཕྲོག་སྲིད་ལ་ཁྱོད་ཀྱི་བྱ་སྤྱོད་ལས་མི་ལ་གནོད་པ་བྱེད་ངེས།”

རྒྱལ་སྤྱིའི་གླེང་བརྗོད་ཁྲོད་དུ་བཤད་ཚུལ་འདི་འདྲ་ཞིག་ཡོད་པ་དང་།ཀྲུང་གོ་སྲིད་གཞུང་ལ་ཧ་ཅང་ཚོར་སྣང་སྐྱེན་པའི་གནད་དོན་གཉིས་ཡོད་པ་རེད།དེ་གཉིས་ནི་དབྱིན་ཡིག་གི་ཡི་གེTའགོ་ན་ཡོད་པའི་གནད་དོན་དང་འབྲེལ་བ་ཡོད་དེ།T གཅིག ་ནི་Taiwanགནད་དོན་དང་འབྲེལ་བ་ཡོད། T གཞན་ཞིག ནི་Tibetཡིན་ལ། བོད་ལྗོངས་ཀྱི་གནད་དོན་ཞིག་ཀྱང་རེད།
ཀྲུའུ་ཝེ་ཆུན་གྱིས་འདིའི་ཁྲོད་ཀྱི་ཚོར་དབང་གཅིག་ལ་གཏིང་ཟབ་པའི་བྱུང་ཁུངས་ཡོད་པ་དང་། ༡༩༩༡ལོར་ཀྲུའུ་ཝེ་ཆུན་ལགས《མི་དམངས་ཉིན་རེའི་ཚགས་པར》གྱི་གསར་འགོད་པ་ཞིག་ཡིན་པའི་ཆ་ནས། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་ཚུན་གྱི་ལོ༤༠རིང་བོད་ལྗོངས་སུ་བསྐྱོད་ནས་ཟླ་གཅིག་ལྷག་ལ་བཅར་འདྲི་གནང་བའི་རིང་དུ་བོད་ལྗོངས་དང་བརྩེ་འདང་ཆགས་པ་རེད། དེ་ནས་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་ནས་ལས་དོན་གཉེར་བའི་རིང་ལ། ཁོང་གིས་སྐུ་དངོས་སུ་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་འཚོལ་བའི་ལས་དོན་གཉེར་བ་དང་། ༡༩༩༨ལོར་ཀྲུའུ་ཝེ་ཆུན་གྱིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའི་ལས་གནས་གཉེར་རྗེས་བོད་འབྲེལ་ལས་དོན་དེ་ཉིད་སྔར་ལས་ལྷག་པའི་སྒོ་ནས་ཁོང་གི་ཉིན་རེར་སྒྲུབ་བཞིན་པའི་བྱ་བའི་གྲས་ཤིག་ཏུ་གྱུར་ཡོད་པ་རེད། Read the rest of this entry »

འགྲོ་ཞོར་འདུག་ཞོར་གྱི་ལབ་གླེང་ཐན་ཐུན།

ཤིས་ཚང་ལྗང་མྱུག
——————

གངས་སྐྱིད་དུ་བསྐྱོད་པ།
དེ་རིང་ནམ་རྒྱུན་འཆར་ཅན་གྱི་ཆུ་ཚོད་གསུམ་པའི་དབྱིན་ཡིག་ཟུར་སྦྱོང་གི་འཛིན་གྲྭ་དེའང་མེད་པས་ཉིན་གུང་ཡོལ་རྗེས་གྲོགས་ག་གེ་མོ་དང་ལྷན་དུ་དམིགས་ཡུལ་གང་ཡང་མེད་པར་གངས་སྐྱིད་དུ་བསྐྱོད་པ་ཡིན། ང་གངས་སྐྱིད་དུ་སླེབས་རྗེས་ཐད་ཀར་དུས་བབ་རྩོམ་སྒྲིག་ཁང་དུ་ཉེ་ལམ་གསར་དུ་ཐོན་པའི་༼སངས་རྒྱས་ཀྱི་དཔའ་རྟུལ་ཚོ་༽ཞེས་པའི་དཔེ་དེབ་དབྱིན་བསྒྱུར་མ་དེ་ཉོ་རུ་འགྲོ་དགོས་དྲན་པ་ལྟར་གོམ་ཁ་དེ་རུ་བསྲིངས། ང་དུས་བབ་རྩོམ་སྒྲིག་ཁང་དུ་སླེབས་སྐབས་ལས་མི་ཚོ་རང་རང་གི་སྐབས་བབ་ལས་དོན་ལ་གཞོལ་གྱིན་པའི་སྒང་རེད་ལ། ལྷག་པར་ཉིན་བཅུ་རེའི་མཚམས་ཀྱི་གསར་ཤོག་འདོན་ཐེངས་ཤིག་འདོན་པར་ཉེ་བས་ཉིན་འདིར་ཏག་ཏག་ཁོ་ཚོར་ལས་བྲེལ་ཅུང་ཆེ་བར་མངོན། ངས་སྐབས་དེའི་ཁོ་ཚོའི་ལས་བྲེལ་གྱི་རྣམ་པ་དེ་མཐོང་རྗེས་ངའི་ཡིད་ལ་རང་ཉིད་དེ་སྔོན་༼ལྷོ་ཕྱོགས་ཕོ་ཉ༽འི་ལས་གནས་སུ་ཡོད་སྐབས་ཀྱི་རྣམ་པ་ཞིག་ལ་འཕྲལ་དུ་ཕྱིར་དྲན་ཐེངས་ཤིག་སློག་དགོས་བྱུང་། ང་སེམས་པ་ཕྱིར་དྲན་ལ་ཕྱོགས་བཞིན་ཕྱིར་གངས་ཅན་སྐྱིད་གཤོངས་ཀྱི་སྒོ་ཆེན་སྙེགས་ནས་ཡོང་བ་ཡིན་ལ། ཞོར་དུ་རང་གཞུང་གི་ལས་ཁུངས་མ་ལག་དག་ལ་བལྟ་སྐོར་ཐེངས་ཤིག་བྱེད་འདོད་ཀྱིས་གྲོགས་པོ་ངེད་གཉིས་ཐད་ཀར་གངས་སྐྱིད་ཀྱི་སྒོ་ཆེན་དེ་བརྟོལ་སྟེ་སོང་། རང་ཉིད་གང་དུ་སོང་ཡང་བོད་ཡིག་གི་སྒོ་བྱང་སོགས་སུ་དོ་སྣང་བྱེད་པའི་གོམས་གཤིས་བཞིན་འདིར་ལས་ཁུངས་རེ་རེའི་སྒོ་བྱང་ལ་ཞིབ་ཀློག་རེ་བྱེད་བཞིན་ཆེ་ཆུང་སོགས་དོ་མི་སྙོམས་པའི་བོད་ཡིག་ལག་བྲིས་མ་འདི་དག་གློག་ཀླད་དུ་བཅུག་ནས་སྒོ་བྱང་སྤུས་དག་ཅིག་བཀལ་ན་ཅིས་མ་ཆོག་གམ་སྙམ་པའི་སེམས་འགྱུ་གློ་བུར་བ་ཞིག་ཀྱང་ཁོག་ལ་ཉར་བ་ཡིན། ད་དུང་སྒོ་བྱང་ལ་ལར་དབྱིན་ཡིག་གི་སྒྲ་གདངས་ཇི་བཞིན་ཐོན་མེད་པར་གློག་ཀླད་སྡེ་ཚན་ལ་༼ཀམ་སྤུ་ཊར་སྡེ་ཚན།༽ཞེས་བྲིས་པ་རེ་མཐོང་བས་རང་དབང་མེད་པར་ཁོང་དགོད་ཅིག་ཀྱང་ཤོར། དེ་ལྟར་ཕྱི་ཚུལ་ནས་བལྟས་ན་ཧ་ཅང་ཉམ་ཆུང་ཞིང་ཉམ་ཐག་པའི་གངས་ཅན་སྐྱིད་གཤོངས་ལ་སྐོར་བ་ཐེངས་ཤིག་བརྒྱབ་རྗེས་ཐད་ཀར་ཕྱིར་རྡ་སྟེང་དུ་ལོག་ཡོང་བ་ཡིན།
དོར་མའི་ཁྲོམ་སྲང་གླེང་བ།
དམིགས་བསལ་ལས་གནས་སོགས་གང་ཡང་མེད་པར་གུང་གསེང་རང་བཞིན་གྱིས་རྡ་སར་སྡོད་རྒྱུ་ནི་སྐབས་རེར་ངོ་མ་ཉི་མ་མི་འཁྱོལ་བ་ཞིག་ཀྱང་རེད། ཡིན་ནའང་། ང་ལ་མཚོན་ན། ཚ་བ་སོགས་མི་འཕྲོད་པའི་དཀའ་ངལ་ལ་གཡོལ་སྟེ་ལུས་བདེའི་སྨན་བཅོས་ཀྱི་ཕྱིར་དུ་འདིར་ཡོང་བ་ཡིན་པས། ཁ་སང་དེ་རིང་གི་རྡ་སའི་གནམ་གཤིས་ཀྱིས་ཀྱང་ང་ལ་བདེ་སྣང་དམིགས་བསལ་བ་ཞིག་སྟེར་གྱིན་འདུག་ལ། ད་དུང་ཐོག་མའི་འཆར་གཞི་ལྟར་ཟླ་ངོ་འགར་སྡོད་རྒྱུའི་བསམ་བློ་ལའང་འགྱུར་བ་གང་ཡང་ཕྱིན་མེད། ཉིན་འདི་ཚོར་ང་རྟག་པར་མེག་ལོར་ཁྲོམ་སྲང་ལ་མ་མཐའ་ཐེངས་རེར་བསྐྱོད་ཀྱིན་ཡོད་ལ། དེ་ནི་འཚོ་ཟས་ཙག་ཙིག་ཉོ་ཆེད་དང་། ཡང་ན་དྲ་ཁང་དུ་འགྲོ་དགོས་པ་སོགས་ཀྱིས་ཡིན། མེག་ལོར་(Mecload)ཁྲོམ་སྲང་ནི་དངོས་གནས་དོར་མའི་དབྱིབས་ལྟར་ཆགས་ཡོད་ལ། ཏག་ཏག་སྲང་ལམ་གཡས་གཡོན་གཉིས་མ་གཏོགས་མེད་པས་ངས་འདིར་༼དོར་མའི་ཁྲོམ་སྲང་༽ཞེས་འབོད་ཀྱིན་ཡོད། སྲང་ལམ་དོག་མོ་འདི་རུ་ཉིན་ལྟར་མི་ཚོགས་འགྲུལ་བཞུད་ཀྱི་འདུ་འཛི་ཧ་ཅང་ཆེ་བའི་ཁར་ལམ་འགྲམ་གཡས་གཡོན་དུ་ཚོང་ཟོང་ཙག་ཙིག་གི་ཁྲོམ་གྱིས་ཡོངས་སུ་བཀང་ཡོད་ལ། ད་དུང་རླངས་འཁོར་དང་གླང་ཀོག་སོགས་ཀྱང་འགྲོ་འོང་བྱེད་ཀྱིན་ཡོད་པས་དོར་མའི་ཁྲོམ་སྲང་ན་མི་ཕྱུགས་འཕྲུལ་གསུམ་གྱི་འདུ་འགོད་ཧ་ཅང་ཆེ།
ཁ་རྒོད་ལྕེ་བདེ་འགས་འདིར་ནམ་རྒྱུན་མགྲོན་པོ་ལྷོད་སྡོད་བྱེད་སའི་ཟ་ཁང་ག་གེ་མོ་དང་རླངས་འཁོར་འབབ་ཚུགས་སོགས་ལ་༼བླ་བཙག་སྒང་༽དང་༼རེ་སྒུག་ཐང་༽ཞེས་ཐ་སྙད་སྙིང་རྗེ་བོ་རེའི་མིང་འདོགས་ཀྱང་བྱས་ཡོད། ད་དུང་ཉེ་འཁོར་གྱི་དགོན་པ་གྲྭ་ཚང་ཁག་ལའང་དེ་ལྟར་མིང་འདོགས་རེ་བྱས་ཡོད་དེ། དཔེར་ན། རྣམ་རྒྱལ་གྲྭ་ཚང་ལ་སྡོམ་པ་མེད། ཀིརྟིི་གྲྭ་ཚང་ལ་གུང་གསེང་མེད། ཚེ་མཆོག་གླིང་ལ་རིག་གནས་མེད་ཅེས་ཁོ་ཚོའི་གནས་བབ་ལ་བཏགས་པའི་སྡོམ་ཚིག་འདྲ་ཆགས་པོ་རེའང་སྐྱོར་རྒྱུ་ཡོད། གང་ལྟར་དོར་མའི་ཁྲོམ་སྲང་ན་རྐྱལ་སྟོང་བག་ལ་རོལ་སའི་མཚན་ཚོགས་ཁང་ཡོད་ལ། རྒས་འཁོགས་སྐོར་བ་འགྲོ་སའི་མ་ཎི་ཁང་ཞིག་ཀྱང་ཡོད།
༢༠༠༨།༡༢།༣༠དགོང་མོར་བྲིས།

དྷ་རམ་ས་ལ་ན་ཅི་ཡང་ཡོད།

ཤིས་ཚང་ལྗང་མྱུག
————–

གོ་ཐོས་སུ་འུ་ཚོའི་བོད་པ་བྱེས་སུ་མ་གྱར་བའི་ཡར་སྔོན་དེར་དྷ་རམ་ས་ལ་(Dharamsala)ན་རླངས་འཁོར་འགྲིམ་འགྲུལ་གྱི་གཞུང་ལམ་མེད་ལ།ཐོག་བརྩེགས་ཅན་གྱི་མགྲོན་ཁང་དང་ཟ་ཚོང་ཁང་སོགས་དེ་བས་ཀྱང་མེད་པར་སྐད། ཕྱི་ལོ་༡༩༦༠ལོར་བོད་བཙན་བྱོལ་གཞུང་འདིར་དབུ་བརྙེས་པ་ནས་བཟུང་རིམ་བཞིན་དྷ་རམ་ས་ལར་གྲོང་བརྡལ་ཞིག་གི་རྨང་གཞི་ཆགས་ཤིང་། ད་ལྟ་དྷ་རམ་ས་ལ་ནི་རྒྱ་གར་ཡུལ་མི་དང་བྱེས་གྱར་བོད་མི།གཞན་ཕྱི་གླིང་ཡུལ་སྐོར་བ་སོགས་མི་རིགས་སྣ་འདུས་ཀྱི་ས་ཚིགས་ཆེན་པོ་ཞིག་ཆགས་ཡོད་ལ། འཛམ་གླིང་ས་ཁྲའི་སྟེང་དུ་སུས་ཀྱང་དོ་སྣང་བྱེད་ཡུལ་གྱི་ས་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད།དེ་བས་དྷ་རམ་ས་ལར་ད་ལྟ་ཉིན་ལྟར་བོད་པ་ཐེ་བའི་མི་རིགས་འདྲ་མིན་གྱི་འགྲུལ་བ་བརྒྱ་ལྷག་རེ་ཕར་འགྲོ་ཚུར་འོང་བྱེད་ཀྱིན་ཡོད་པའི་ཚོད་དཔག་བྱས་ཀྱང་རྫུན་དུ་འགྲོ་མི་སྲིད་སྙམ། དྷ་རམ་ས་ལ་ཞེས་པ་ནི་རྒྱ་གར་སྐད་དེ། དེ་བོད་སྐད་དུ་བསྒྱུར་ན་ཆོས་ཀྱི་མགྲོན་ས་ཞེས་སུ་འབོད་པར་བཤད།

ད་ལྟའི་དྷ་རམ་ས་ལ་ན་ཁ་ལྕེ་གློག་ཞགས་ལྟར་འཁྱུག་པའི་ཆབ་སྲིད་པ་ཡོད་ལ།མགོ་བདེ་དྲན་འཕྲུལ་ལ་བྱང་བའི་སྐབས་འཚོལ་བའང་ཡོད། ད་དུང་། མི་རིགས་རང་སྲོག་ལ་བསྡོ་བའི་རྒྱལ་ཞེན་པ་ཡོད་ལ།ཁུ་ཚུར་ཞེན་ཁོག་ཏུ་ངོམ་པའི་གདོང་འབག་ཅན་ཡང་ཡོད། དྷ་རམ་ས་ལ་ན། གཤིས་རྒྱུད་ལྷག་བསམ་གྱིས་གཏམས་པའི་ཤེས་ཡོན་པ་ལས་མེད་དུ་ལྷག་པ་ཡོད་ལ།རྐུབ་སྟེགས་ཨུ་ཚུགས་ཀྱིས་སྲུང་བའི་ཤེས་དམན་པ་གཞུང་ཞབས་སུ་འགྱིང་བའང་ཡོད། དྷ་རམ་ས་ལ་ན། བོད་ཡིག་དང་བོད་སྐད་མི་འཁྱོངས་པའི་བོད་པ་ཡོད་ལ།རྒྱལ་ཁབ་དང་མི་རིགས་མི་མཁོ་བའི་བོད་པའང་ཡོད། ད་དུང་དྷ་རམ་ས་ལ་ན་ཅི་ཡང་ཡོད།ནང་ཆོས་ཉམས་ལེན་བསམ་སྟེ་ནུབ་ཕྱོགས་ནས་ཆེད་དུ་ཡོང་བའི་ཕྱི་གླིང་བ་ཡོད་ལ། རྒྱལ་བའི་ཐུགས་གཤིས་ཀྱིས་བཀུག་སྟེ་བོད་དོན་ལ་སེམས་ཁུར་ནོན་པའི་ཡུལ་སྐོར་བའང་ཡོད།ཡང་དེ་ལས་ལྡོག་སྟེ་མི་ཚེའི་གཉེན་དོན་གྱི་ཆེད་དུ་བཟའ་ཟླ་དགའ་གྲོགས་བཙལ་བའི་ནུབ་ཕྱོགས་པ་ཡོད་ལ། སྐྲ་ལོའི་ཁ་དོག་བསྒྱུར་སྟེ་ཕྱི་གླིང་ཨ་མར་གཉེན་དུ་བསྡེབས་པའི་ལོ་གཞོན་བོད་པ་ཡང་ཧ་ཅང་མང་། དྷ་རམ་ས་ལ་ན་ངོ་མ་ཅི་ཡང་ཡོད། གྲྭ་སའི་སློབ་གཉེར་བཞག་སྟེ་སྐྲ་ལོ་ལྟག་ལ་ཤད་པའི་གྲྭ་བཙུན་མང་ལ།ཕྱིར་བགྲོད་ཐོངས་ཆེན་ཕྱིར་དུ་མགོ་བོའི་སྐྲ་ལོ་གཏུབ་པའི་སྐྱ་བོའང་ཡོད།

མདོར་ན། དྷ་རམ་ས་ལ་ན། མི་རིགས་ཤིག་གི་བདེན་དོན་སྐྱོར་བའི་ཆབ་སྲིད་འཛིན་སྐྱོང་གི་ལྟེ་བ་ཡོད་ལ། ཉིན་མཚན་དུས་དྲུག་ཏུ་བོད་པའི་བདེ་སྡུག་ཐུགས་སུ་བརྣག་པའི་གངས་རིའི་མགོན་པོའི་གཟི་བྱིན་མཆིས།

དྷ་རམ་ས་ལ། མི་ལོ་ལྔ་བཅུའི་ལོ་ཟླ་རེ་སྒུག་གིས་ཟད་པའི་ངེད་བོད་པ་ཚང་གི་ལོ་རྒྱུས་ཀྱི་དཔང་བོ་ཉིད། ངོ་མ་ཁྱོད་ཀྱི་པང་ན་ཅི་ཡང་མངའ་ལ། ཅི་ཡང་མཆིས།

༢༠༠༨།༡༢།༢༦དགོང་མོར་བྲིས།

ཤི་གསོན་གཉིས་ཀྱི་རེ་བ།

ཕྱི་ལོ། ༢༠༠༨ ཟླ་ ༡༢ ཚེས། ༢༩ ཉིན།
རིག་པའི་རྡོ་རྗེ།
————

ད་ལོ་ནི་བོད་ཀྱི་རང་བཙན་དགྲ་ལ་ཤོར་དེ་གཞིས་བྱེས་གཉིས་སུ་གྱེས་ནས་མི་ལོ་ཧྲིལ་བོ་ལྔ་བཅུ་འགོར་ཞིང་། སྙིང་སྟོབས་དང་རིགས་ཞེན་འགྲན་ཟླ་བྲལ་བའི་གངས་ལྗོངས་དཔའ་བོ་དཔའ་མོ་དུ་མས། རྒྱལ་ཁབ་དང་མི་རིགས་ཤིག་གི་ཚེ་སྲོག་སྐྱོབས་ཆེད། འཇིག་རྟེན་ན་གཅེས་པ་རང་གི་ལུས་དང་སྲོག་གི་མཆོད་འབུལ་རྒྱ་ཆེན་བྱས་ཏེ། གངས་རི་དང་གཡུ་མཚོའི་ཁ་དོག་ཁྲག་གིས་བསྒྱུར་བའི་ཁ་བའི་དམར་མཆོད་ཆེན་མོ་དང་། ལ་རྒྱའི་དཔུང་རྡང་བསྒྲིགས་པའི་གངས་རིའི་དཔའ་རྒོད་སྟོང་ཕྲག་མང་པོ་གཤིན་རྗེའི་བཙོན་དུང་ནག་པོར་བཙན་གྱིས་བཅུག་སྟེ། བཟོད་དཀའ་དམྱལ་བའི་སྡུག་བསྔལ་དངོས་སུ་མྱོང་བཞིན་ཡོད་པ་སོགས་མདོར་ན། གངས་ཅན་ཆོལ་ཁ་གསུམ་དུ་སྡུག་གི་མུན་པ་ནག་པོ་དབུས་ནས་འཐིབས་ཏེ། སྐྱིད་ཀྱི་ཉི་མ་ལག་མཐིལ་ཙམ་ཞིག་མེད་པར། བོད་མི་འབུམ་ཕྲག་དུ་མས་ཡ་ཆུང་སྡུག་གིས་བསགས། མིག་མཐའ་མཆི་མས་བསྐོར་ཏེ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་སྐབས་འདིར། བྱེས་སྡོད་བོད་མི་རྣམས་དང་། མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་སོགས་ཀྱིས། དགྲ་བོར་རྩོད་དགོས་པའི་སྙིང་ནད་དང་། གཉེན་ལ་སྟོན་དགོས་པའི་གདུང་སེམས། ད་དུང་སྤྱིར་བཏང་གི་ཡ་རབས་ཁྲེལ་ཡོད་སོགས་བཟང་པོའི་བྱ་བ་རྣམས་སྦྲུལ་ཤུན་བཞིན་དོར་དེ། གནམ་ལོ་གསར་བའི་དགའ་སྐྱིད་ལ་སྟ་གོན་བྱེད་བཞིན་ཡོད་པ་ནི། ཁྲེལ་དང་ངོ་ཚ་ཡོད་པའི་མི་རིགས་ཤིག་གི་བྱེད་བབས་ལྟ་ཅི། ཐ་ན་དུད་འགྲོའི་སྤྱོད་པ་ལས་ཀྱང་ཆེས་ཐབས་སྡུག་པ་ཞིག་ཡིན་པས། གཞུང་དང་ཚོགས་སྡེ་ཁག དེ་བཞིན་གང་ཟག་སྒེར་བཅས་ནས་བསམ་བློ་ནང་དུ་བཀུག་སྟེ་ད་ལོའི་ལོ་གསར་གྱི་མདུན་རྒྱབ་གཉིས་ལ་བསམས་གཞིགས་ངེས་ཅན་ཞིག་གཏོང་དགོས།
གལ་ཏེ་ང་ཚོས་ད་ལོའི་ལོ་གསར་དགའ་སྟོན་ལ་སྤྲོ་སྐྱིད་ཀྱིས་རོལ་བ་ཡིན་ན། མ་བོས་ཀྱང་ཕེབས་ངེས་པའི་ལོ་གསར་མགྲོན་པོ་དེ་དག་སུ་ཡིན་ངེས་པར་དུ་ཤེས་དགོས། ཚེ་སྲོག་གི་མཆོད་པ་རྒྱལ་ཁབ་ཀྱི་ཆེད་དུ་ཕུལ་བའི་གངས་རིའི་དཔའ་རྒོད་བརྒྱ་ཕྲག་མང་པོའི་རྣམ་ཤེས་ཁ་བ་བུ་ཡུག་འཚུབས་པ་ལྟར། ང་ཚོའི་གསོལ་སྟོན་ལ་ཀི་ཤར་དང་ངུ་ཤར་འདྲེས་མ་སྒྲོག་བཞིན་དངོས་སུ་སླེབས་ཏེ། སྐྱོ་བའི་ཤུགས་གླུ་དང་། ཡིད་ཆད་ཀྱི་ངུ་འབོད་བྱེད་ངེས་ཡིན་ལ། ད་དུང་གངས་རིའི་ལས་དབང་དང་བདེ་སྐྱིད་འབའ་ཞིག་གི་ཆེད། མི་ཡུལ་འདིར་གཤིན་རྗེའི་སྡུག་བསྔལ་མངོན་སུམ་དུ་མྱོང་བཞིན་པའི་ཉེས་མེད་བཙོན་པ་སྟོང་ཕྲག་མང་པོས་རེ་བ་གཏིང་ནས་ཆད་དེ། ཡི་མུག་སེམས་ཀྱི་སྡུག་བསྔལ་བཟོད་ཐབས་བྲལ་བ་མྱོང་ངེས་ཡིན་པ་སྨོས་ཅི་དགོས།
རྒྱུ་མཚན་ཅི་ཡིན་སྙམ་ན། གངས་རིའི་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་མི་རིགས་ཀྱི་དཀའ་སྡུག་སེམས་ལ་བཟུང་ནས། ཚེ་སྲོག་གི་ཁྲག་རྗེས་དམར་པོ་གངས་ཅན་མི་ཡུལ་འདིར་བཞག་ཏེ་རྒྱང་རིང་དུ་བཞུད་སོང་། ཡིན་ན་ཡང་རེ་བའི་ཕྱི་མིག་གིས་ནམ་ཡང་ང་ཚོར་བལྟས་ཡོད། ཞུམ་པ་མེད་པའི་དཔའ་རྒོད་སྟོང་ཕྲག་དུ་མས་ལ་རྒྱའི་སོ་སྒྲ་སྒྲོག་བཞིན། སྡུག་གི་བཙོན་དུང་ནག་པོའི་སྲིབ་ཁ་ནས་ནམ་ཡང་ང་ཚོར་ཉན་དེ་རེ་སྒུགས་བྱས་ཡོད། ད་དུང་དེ་དག་གི་ཤུལ་དུ་ལྷག་པའི་ཕ་མ་བྲལ་བའི་དྭ་ཕྲུག བརྒྱ་ཅུའི་བུ་ཤོར་གྱི་ལོ་ལོན། དེ་བཞིན་ཡུགས་ཕོ་ཡུགས་མོ་རྣམས་ཀྱིས་གློ་སྙིང་བྲང་གསུམ་གངས་རིའི་ཕྱི་རོལ་ཏུ་གཏད་དེ། སྐྱོབས་པའི་མགོན་དང་མི་བསླུ་བའི་གྲོགས་ཞིག་ཡོད་བསམ་ནས་རེ་བ་རི་འདྲ་བ་ཞིག་སེམས་ལ་བཟུང་། བློ་གཏད་རྡོ་འདྲ་བ་ཞིག་ལག་ལ་བཟུང་སྟེ། རེ་སྒུག་གི་རྨི་ལམ་མཐུག་པོ་ལས་ད་དུང་སད་མེད་པ་ཁྱོད་ཚོའི་སེམས་ལ་ཁྲིགས་སེ་ལོས་ཡོད།
སྤྱིར་བཤད་ན། ང་ཚོས་གསོན་པ་ནི་བདེ་སྐྱིད་དུ་ངོས་འཛིན་ལ། ཤི་བ་ནི་སྡུག་བསྔལ་དུ་འདོད་ཀྱིན་ཡོད། དེ་བས་ཀྱང་གཞན་གྱིས་དམར་གསོད་བྱས་པ་ནི་འཇིག་རྟེན་འདིའི་སྡུག་བསྔལ་གྱི་མཐར་ཐུག་ཡིན་པ་སྨོས་ཅི་དགོས། ང་ཚོ་མི་རྣམས་ཀྱིས་རང་གི་གཉེན་ཉེ་དང་དགའ་གྲོགས་སོགས་ཤི་བ་ན། དེའི་ཆེད་དུ་མྱ་ངན་བྱེད་སྲོལ་ཡོད་པ་མ་ཟད། ཐ་ན་དུད་འགྲོའི་ནང་ན་ཡང་བཟའ་ཟླ་དང་ཕྲུ་གུ་ཤི་བ་ན་སེམས་སྡུག་བྱེད་མཁན་ཡོད་པ་དངོས་མཐོང་རེད། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་མཚོན་ན། ཁྱི་དང་ཞི་མི་སོགས་ལ་ནང་མིའི་གོ་གནས་ངེས་ཅན་ཞིག་སྤྲད་དེ་བྱམས་སྐྱོང་བླ་མེད་བྱེད་ཀྱིན་ཡོད་ཅིང་། དེ་དག་ཤི་བའི་ཚེ་ན་ཡང་མྱ་ངན་ཆེན་པོ་བྱེད་བཞིན་ཡོད། དེས་ན་ཡ་རབས་དང་ཁྲེལ་ཡོད་དུ་ཁས་འཆེ་བའི་ང་ཚོ་བོད་མི་རྣམས་ཀྱིས་ཀྱང་། ང་ཚོའི་རྒྱལ་ཁབ་དང་མི་རིགས་འདིའི་ཆེད་དུ་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་མྱ་ངན་མ་ཞུས་ན་ཆོས་སྲིད་གཉིས་ཀའི་ཐད་ནས་ག་ལ་འགྲིག
གལ་ཏེ་ང་ཚོ་རྗེས་རབས་པ་ཚོས། བོད་གངས་ཅན་ཁ་བའི་ལྗོངས་སུ་རྒྱ་ནག་འཇིགས་སྐུལ་སྲིད་གཞུང་གིས་དམར་གསོད་ཀྱི་ཁྲག་དྲི་མ་ཡལ་གོང་། སྡུག་གི་ངུ་མཚམས་མ་བཞག་གོང་། སྐྱོ་བའི་མཆི་མ་མ་ཆད་གོང་། ལོ་གསར་སྟོན་མོ་སོགས་དགའ་སྐྱིད་ཀྱི་ལས་ལ་ཞུགས་པ་ཡིན་ན། དེ་ནི་དཔའ་བོས་མེ་འབུད་སར། སྡར་མས་ཆུ་བླུགས་པ་ཡིན་པས་ཤིན་ཏུ་མི་འོས།
དེས་ན་ང་ཚོས་དགྲ་དགའ་གཉེན་སྡུག་གི་བྱ་བཞག་འདི་དག་རྦད་དེ་མཚམས་བཞག་ནས། ཉིན་གཉིས་རྗེས་ཀྱི་ཉིས་སྟོང་དགུའི་ནང་དུ། སླར་ཡང་རྒྱལ་ཁབ་དང་མི་རིགས་འདིའི་ཆེད་བསམ་གཞིགས་གསར་བ་ཞིག་གི་མགོ་བཙུགས་ཏེ། དཔེ་གྲུ་བཞི་སྒམ་མེ་སྒང་།། ལམ་ཤད་མ་ཤད་ལེ་ཤོད།། ཟེར་བའི་དཔེ་ལྟར། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རྗེས་སུ་བསླབ་དགོས་ལ། དེ་དག་གི་རྗེས་སུ་བསྒྲུབ་ཀྱང་དགོས། འདི་ནི་ཁ་བ་རི་བའི་སྐྱེ་བོ་ཡོངས་ཀྱི་བགོ་སྐལ་ཡིན་ལ། གནམ་རྒན་མས་གནང་བའི་ལས་དབང་གི་ཁ་ཕྱོགས་ཀྱང་ཡིན།

བརྒྱུད་རིམ་འདིའི་ནང་དུ་ཐོག་མར་ད་ལོའི་ལོ་གསར་ཉིན། འཛམ་གླིང་གང་སར་གནས་པའི་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ཀྱིས། ས་གནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་ངོ་རྒོལ་ཡིད་ཚིམས་པ་ཞིག་བྱེད་དགོས། དེ་ལྟར་བྱས་ན་ཤི་བོའི་རྗེས་ཀྱི་གསོན་པོ་ཟེར་བའི་དཔེ་ལྟར། གཤིན་པོ་རྣམས་ལ་མྱ་ངན་རྗེས་དྲན་དང་། བཙོན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད། དེ་དག་གི་ཤུལ་ལུས་ནང་མི་སྡུག་བསྔལ་ཅན་རྣམས་ལ་སེམས་གསོའི་ལེགས་སྐྱེས་ཆུང་ཆུང་ཞིག་ཕུལ་བ་ཡིན་པས། བྱེས་སྡོད་གངས་ཅན་སྤུན་ཟླ་ཡོངས་ཀྱིས་ལས་སླ་ཞིང་བསྒྲུབ་ཐུབ་པའི་ལས་འགུལ་འདིར་ངེས་པར་དུ་མཉམ་ཞུགས་གནང་ཆེད། གངས་ཅན་ཤི་གསོན་འབུམ་ཕྲག་མང་པོའི་རེ་འདུན་དང་། བོད་ནས་འབྱོར་བཞིན་པའི་བློ་ཕམ་གྱི་སྐད་དང་ཡི་གེ ད་དུང་བོད་མདོ་སྨད་བླ་བྲང་ཁུལ་དུ་གསར་འཛུགས་བྱས་པའི་ཚོགས་པ་༼བདེ་འཇགས་ཆེད་ཚོགས་པའི་མིང་འདིར་མ་བྲིས།༽ག་གེ་མོ་ཞིག་གི་ཚོགས་མི་བདུན་བཅུ་ལྷག་གི་བསམ་ཚུལ་བསྡུ་རིབ་བྱས་པའི་ཡི་གེ་འདི་ཕྱོགས་གང་སར་ཕུལ་བ་ཡིན་ན། དེ་ལུགས་དགོངས་དབྱིངས་སུ་མངའ་བ་མཁྱེན་མཁྱེན་ཞེས་ལག་ཐལ་མོ་སྦྱར་ཏེ་ཞུ་བ་ཡིན།

མཐའ་མཇུག་གི་མྱ་ངན།
ཚེ་སྲོག་གི་དམར་མཆོད་གངས་རིའི་དབུ་རྩེར་མཆོད་པའི་དཔའ་བོ་དཔའ་མོ་རྣམས། དེ་རིང་ངས་ཁྱེད་ཚོ་ཧ་ཅང་དྲན། ཕྱི་མིག་ཐེངས་ཤིག་གཟིགས་རོགས། ངས་ཁྱེད་ཚོར་སྙིང་ནས་མྱ་ངན་དང་རྗེས་དྲན་ཞུ། ཁྱེད་ཚོ་ང་ཚོའི་ལམ་མཁན་ཡིན་ལ། ང་ཡང་ཁྱེད་ཚོའི་རྗེས་འཇུག་པ་ཡིན། ངས་ཁྱེད་ཚོའི་རྗེས་འཇུག་རྣལ་མ་ཞིག་བྱེད་ན་འདོད། ཤམ་ཤམ་དུ་བཞུར་བའི་མིག་ཆུའི་ཕྲེང་བ་འདིས་ཁྱེད་ཚོར་ཕེབས་སྐྱེལ་ཞུ།

ལ་རྒྱ་དང་སྙིང་སྟོབས་ཀྱི་ཀི་བསྭོ་སྒྲོག་པའི་ཉེས་མེད་དཔའ་རྒོད་ཚོ། ང་ཁྱེད་ཚོར་ཧ་ཅང་དགའ་ལ། ཧ་ཅང་དུང་། ཡིན་ན་ཡང་། ངས་ཁྱེད་ཚོར་སྙིང་ནས་དགོངས་དག་ཞུ་དགོས་བྱུང་། ངས་ཁྱེད་ཅག་གི་ཆེད་དུ་ཅི་ཡང་བསྒྲུབས་མ་ཐུབ་ལ། ཅི་ཡང་ཤོད་མ་ཐུབ། ཐ་ན་ངས་ཁྱེད་ཚོར་སེམས་གསོ་ཙམ་ཡང་མ་ཐུབ་པར། སྟོང་བསམ་གྱི་གྲུ་ཁ་འདིར་དེ་རིང་བར་ལུས། འོན་ཀྱང་ངས་ཁྱེད་ཚོས་འཇིག་རྟེན་དུ་བཞག་པའི་ལོ་རྒྱུས་ཀྱི་ཟིན་ཐོ་ཀློག་བཞིན། དཔའ་བོའི་ཁྲག་ཐིག་གིས་སྦགས་པའི་རྐང་རྗེས་འཚོལ་བཞིན། མིག་ཆུ་དང་དུང་སེམས་ཀྱི་འཚང་ཁ་རྒྱག་བཞིན། གདུང་སེམས་མཉམ་བསྐྱེད་ཞུ།

དོན་གྲུབ་རྒྱལ་ལོ་རྒྱུས་ཐོག་གི་ཉེས་ཅན་པ་ཞིག་རེད་དམ།

ཀུན་གསལ་ནས་་་།
————
དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་པོད་དྲུག་པའི་[དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས]ལས་འཕྲོས་པའི་ལོ་རྒྱུས་ཀྱི་རྣམས་བཤད་ཐོར་བུ། ཟེར་བའི་ཤོག་ངོས་༣༥༣དང་༣༥༤ན་འདི་གསུངས་འདུག
ཡོན་རྒྱལ་རབས་ཀྱི་སྐབས་ལ་བོད་ཁམས་ཐམས་ཅན་དབང་དུ་བསྡུས་པ་དང་། དེ་ནས་བཟུང་བོད་ཡུལ་འདི་ཡང་ཀྲུང་གོའི་ཆབ་རིས་ཀྱི་གྲུབ་ཆ་ཅིག་ཏུ་གྱུར་པ་དང་།ལྷག་པར་དུ་རང་རེའི་ཏང་གིས་བོད་རིགས་མི་དམངས་ཐམས་ཅད་ཀྱི་བསམ་བློའི་རེ་འདོད་ཀྱི་ཚབ་བྱས་ནས། བོད་ལོག་སྤྱོད་ཀྱི་དབང་བསྒྱུར་གལ་རིམ་ཕམ་པར་བྱས་པ་དང་། བོད་ཀྱི་གཉའ་བ་གནོན་པའི་བཀའ་ཤག་སྲིད་གཞུང་མགོ་རྟིང་བསློགས་པར་མ་ཟད། བོད་མི་རིགས་མི་དམངས་ཀྱི་གཉའ་ཤིང་དང་བསམ་བློའི་འཆིང་སྒྲོག་གཏོར་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་འོག་ཏུ་བསྡུས་པ་དང་། དགོས་ངེས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅོས་བསྒྱུར་གྱི་ལས་འགུལ་སྣ་ཚོགས་སྤེལ་བར་བརྟེན། བོད་སྤྱི་ཚོགས་ལ་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འཕོ་འགྱུར་བྱུང་བ་དང་། བོད་རིགས་མི་དམངས་ཀྱང་རང་རེའི་མེས་པོའི་རྒྱལ་ཁབ་ཀྱི་དཔའ་ཞིང་ལས་ལ་བརྩོན་པའི་མི་རིགས་གཞན་དག་དང་འདྲ་བར། སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་རླབས་པོ་ཆེའི་ནང་ཧུར་བརྩོན་གྱིས་ཞུགས་ཏེ་རང་གི་གཟི་བརྗིད་ལྡན་ལ་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་རྣམས་བསྒྲུབས་དང་སྒྲུབ་མུས་སུ་ཡོད། འདི་ནི་སྤྱི་ཚོགས་འཕེལ་བའི་འཕེལ་ཕྱོགས་དང་མཐུན་པར་མ་ཟད་། རྒྱ་ཆེ་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་རེ་འདུན་དང་ཁེ་ཕན་དང་ཡང་རྦད་དེ་མཐུན་པ་ཞིག་རེད། ཡིན་ན་ཡང་། རྒྱལ་སྤྱིའི་ཐོག་གི་བཙན་རྒྱལ་རིང་ལུགས་དང་སྤྱི་ཚོགས་ཐོག་གི་ལོག་སྤྱོད་ཕྱོགས་ཁག་གིས་བོད་སྒེར་ཚུགས་ཀྱི་རྒྱལ་ཁབ་ཡིན་པར་བཤད་དེ། རང་རེའི་མེས་རྒྱལ་ཁ་བྲལ་དུ་གཏོང་བསམ་གིན་ཡོད།དེ་ནི་ང་ཚོ་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བསམ་བློའི་རེ་འདུན་དང་ཁེ་ཕན་ལ་རྩ་བ་ནས་འགལ་བར་མ་ཟད། ལོ་རྒྱུས་འཕེལ་བའི་དོན་དངོས་དང་ལྡོག་ཕྱོགས་སུ་གྱུར་པ་ཡིན་པས། ཁོ་ཚོའི་བསམ་ངན་དེ་ནི་གཏན་ནས་འགྲུབ་མི་ཐུབ་པ་ཞིག་རེད།
རང་རེའི་མི་རིགས་ནི་ཏང་དང་མེས་རྒྱལ་ལ་དགའ་ཞེན་ཆེ་བའི་མི་རིགས་ཤིག་ཡིན་ལ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲུལ་ཁྱིམ་ཚང་ཆེན་པོའི་ནང་ཁྱིམ་མི་གཟི་བརྗེད་དང་ལྡན་པ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་གུ་དོག་པོའི་མི་རིགས་རིང་ལུགས་ཀྱི་བསམ་བློ་ལ་བློ་ཐག་རྦད་ཆོད་ཀྱི་སྒོ་ནས་ངོ་རྒོལ་བྱེད་དགོས་པ་དང་། རང་གི་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་འགལ་བའི་བསམ་བློ་དང་གཏམ་སྤྱོད་མཐའ་དག་ལ་ངོ་རྒོལ་བྱས་ཏེ། རང་གི་མི་རིགས་འདི་སྔོན་ཐོན་མི་རིགས་ཀྱི་རྗེས་ཆོད་པ་དང་། རང་རེའི་མེས་རྒྱལ་འདི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་ཡོད་ཚད་འབུལ་དགོས།ཞེས་བྲིས་འདུག

འདི་ནི་གཅིག་དགུ་བདུན་ཅུའི་དམ་དྲག་ནང་བྲིས་པ་མ་རེད། གཅིག་དགུ་བརྒྱད་ཅུའི་ཅུང་གུ་ཡངས་ཀྱི་སྐབས་བྲིས་པ་རེད།
འདི་ནི་འཚོགས་ཐོག་ནས་གཞུང་གི་མགྲིན་ཚབ་བྱས་ཏེ་བཤད་པ་མ་རེད།
སྤྱི་གཏང་གི་སློབ་ཁྲིད་ལ་བཤད་པ་རེད།
འདི་ནི་གཞུང་གིས་ཆེད་དུ་ལོ་རྒྱུས་འབྲི་བཅུགས་པ་མ་རེད།
དཔྱིད་རྒྱལ་གླུ་དབྱངས་ཀྱི་འཕྲོས་བཤད་ཟིན་བྲིས་རེད།
རྒྱུ་མཚན་འདི་དག་གི་ཕྱིར། ངས་བསམ་ན་འདི་ནི་ཁོའི་སེམས་ཀྱི་སྐད་ཆ་ངོ་མ་ཞིག་རེད་འདུག
དུས་ཐོག་འདི་ལ་ཚེ་ཏན་ཞབས་དྲུང་ཚང་གིས་འདི་འདྲ་བཤད་མེད་གི
དམུ་དགེ་བསམ་ཚང་གིས་ཡང་ལོ་རྒྱུས་དྲང་མོ་བྲིས་ཡོད་གི།
དེའི་རྗེས་སུ་ཅུང་དམ་དུ་སོང་ཡང་རྒྱལ་མོ་འབྲུག་པས་ལོ་རྒྱུས་ཡག་པོ་བྲིས་འདུག
འདི་ལྟར་བསམ་ན་མཁས་དབང་དུང་དཀར་དང་དཔལ་དོན་གྲུབ་རྒྱལ་གཉིས་ནི་ལོ་རབས་བརྒྱད་ཅུ་བའི་ནང་གི་ཀྲུང་གོའི་རྒྱལ་གཅེས་རིང་ལུགས་པ་ཕུལ་བྱུང་ཅན་གཉིས་རེད། དེ་འདྲ་ཞིག་རེད་དམ་མཁས་པ་རྣམས་པ། དཔྱད་པ་གནང་རོགས།

རྐང་ཚའི་བྱིས་པ་ཞིག་གིས་རང་སྲོག་བཅད་པར་འབྲེལ་ཡོད་ཀྱི་སྐད་ཆ།

___ ནུབ་བྱང་སློབ་ཆེན་གྱི་སློབ་མ་ཆོས་བཟང་ཐར་ལ་སྤྲིངས་པ།

ཟླ་འགའི་སྔོན་ནས་བཟུང་ཁྱོད་ལའང་དྲ་ངོས་ཟིན་བྲིས་ཤིག་ཡོད་པ་ཤེས་སོང་ནའང་། དེང་དུས་ཤིག་ལ་ཅི་ཡོད་ལ་དེ་ཡོད་པའི་ཡི་གེའི་རྙོག་ཆུ་དེ་ཚོ་དང་བཞུར་རྒྱུན་ གཅིག་པ་ལོས་ཡིན་སྙམ་ནས་རྦད་དེ་སྣང་མེད་དུ་བསྐྱུར་ཡོད། འོན་ཀྱང་། དུས་ཡུན་ཧ་ཅང་ཐུང་བའི་དགེ་སློབ་ཀྱི་འབྲེལ་བ་དམིགས་བསལ་བ་དེ་དང་། ཕ་ཡུལ་གྱི་དུག་སྦྲང་མང་བོས་ང་ལ་མཆུ་རུབ་བརྒྱག་དུས་ན། ཁྱོད་ཀྱང་བདག་གི་གམ་གྱི་གནོད་འཚེ་ཐེབས་ཡུལ་སྔ་བ་ཞིག་ཡིན་པའི་ངོས་ཐད་ནས། མིག་ལམ་གྱི་པོད་ཁུག་འདི་རང་འདི་ལྟར་ཁ་རོགས་སུ་འཇོག་ཐབས་ཤིག་ནས་ཡེ་ནས་མེད་ སོང་།

ལར་ཁྱོད་ཀྱི་ཟིན་བྲིས་དག་ནི་རྩོམ་གྱི་སྤྱི་ཁོག་དང་ཚིག་གི་སྒྲིག་རིམ། བརྗོད་བྱ་འདེམས་སྟངས་དང་གནས་ལུགས་སྟོན་ཚུལ་སོགས་ཀྱི་ཆ་ནས་དེ་འདྲའི་བྱང་ཆ་ ཐོན་པ་ཞིག་དང་བློ་ཡུལ་ཚིམ་པ་ཞིག་ཨེ་ཡིན་མི་ཤེས་ལ། བརྡ་ཆད་རྣ་ལ་མི་སྙན་པ་སྐོར་ཞིག་བཀོལ་ཏེ་ཕྱོགས་རེ་གཉིས་ནས་དགོས་ངེས་ཀྱི་སིན་ འབྱིན་འདྲ་བྱེད་རྒྱུའང་ཡོད་ལས་ཆེ་མོད། མིང་དང་གྲགས་པ་ཅི་ཡང་མེད་པའི་ཕ་ཡུལ་གྱི་འདས་པོ་ཆུང་ཆུང་ལྷུན་གྲུབ་ལགས་འདི་ ལྟར་རང་སེམས་ཀྱི་རྒྱ་མར་འཇལ་བྱུང་བ་དེས་ནི་ཁོ་བོ་ཁྱོད་ལ་འདང་རྩིས་རབ་ཅིག་ ཐོན་བྱུང་། འདིའང་ཆེན་པོ་རྣམས་ཀྱི་སྨྱུག་ཁས་ཡེ་ནས་མ་ཟིན་པའི་མངོན་སུམ་གྱི་བར་དོ་འདིའི་ རྣམ་ཤེས་འདྲོང་དུ་མེད་པ་ཞིག་ཡིན་ཏེ། ཀ་ཁ་ག་ང་རུས་པ་དཀར་པོ་ལ་བརྐོས་ཤིང་གུག་གུ་ཞབས་ཀྱུ་ཁྲག་ཆུ་དམར་པོ་ལ་ཕབ་ཅིང་ མཛུབ་མོ་ཆུང་ཆུང་གི་དྲེག་པ་དང་བཅས་པའི་ཡིག་ཆུང་དེས། དོན་དམ་པར་ང་ཚོར་ཅི་ཞིག་འཆད་ཀྱིན་ཡོད་དམ། འུ་ཚོར་གནད་འགག་གི་སྐབས་སུ་བྱིས་པ་ལོ་ཆུང་ཞིག་གི་སྒལ་ཚིགས་ལས་ལྷག་མེད་པ་ འདིས་ཅི་ཞིག་གསལ་བཤད་བརྒྱབ་མི་འདུག་གམ།

ཁྱོད་ཀྱིས་ཅིས་ཀྱང་ཤེས་རྒྱུ་ཞིག་ལ། བདག་དང་བདག་ལྟ་བུ་མི་ཕོ་སྡར་ལི་དག་གིས་ཧོལ་རྒྱུག་དང་བྱིས་བློ་སོགས་ཀྱི་སྒམ་ བཤད་སྣ་ཚོགས་ལབ་སྲིད་ལ། ལ་རྒྱ་ཡོད་སོང་ཁུལ་གྱིས་ཚིག་སྣ་རིང་ཐུང་མང་བོ་ཤོག་ངོར་ཕབ་མཁན་ཀྱང་འབྱུང་ ངེས་མོད། ཡི་གེའི་དག་ཆ་ཙམ་ཡང་འཁྱོངས་དཀའ་བའི་ལོ་གཞོན་ཁོའི་དཔའ་གདེང་དང་སྙིང་སྟོབས་ཡ་ མཚན་པོ་དེ་དོན་དངོས་སུ་གང་ནས་བྱུང་བ་དང་། དེའི་མཐར་ཐུག་གི་རིན་ཐང་ལ་གནས་ལུགས་དང་ལྡན་པའི་ངོས་ནས་འཁྲུན་ཐག་གསལ་བོ་ཆོད་ མཁན་ཧ་ལམ་མེད་ཚོད་རེད། ཡང་གཅིག་བཤད་ན། འདི་ལའང་གསར་རྟགས་ཀྱི་ཆ་ཅུང་ཟད་ཀྱང་མེད་ཅེས་འཆད་དཀའ་ལ། ཟུར་རེ་འགའ་ནས་དགག་བྱ་གཏན་མེད་པ་ཞིག་ཀྱང་མིན་ནའང་། ལོ་རྒྱུས་ཤེས་ཀྱིན་ཤེས་ཀྱིན་དཔའ་ཞུམ་པ་དང་དོན་དངོས་རིག་ཀྱིན་རིག་ཀྱིན་སྙིང་ སྡར་བའི་མཁས་རྫིག་མགོ་བདེ་རྣམས་གོ་བསྡུར་ན། ཁོ་བོས་འདི་ནི་མི་རིགས་ཀྱི་དོན་དུ་རང་སྲོག་བཏང་སོང་ཞེས་པ་ཁོ་ནའི་ཐད་དུ་དགུ་ རོང་དོན་གྲུབ་རྒྱལ་དང་ཡང་ལྕི་མེད་པར་བལྟ་ཞིང་། ཚེ་སྲོག་གི་བརླགས་ཤོར་ཇི་འདྲ་ཕངས་ནའང་། ན་གཞོན་གྱི་མཚར་བསམ་ལ་ཇི་འདྲ་སྨོན་ནའང་། ཚད་ངེས་ཅན་ཞིག་ནས། སྐྱེས་ཕོ་ཆུང་ཆུང་འདིའི་གནད་འགག་གི་སྐབས་ཀྱི་གནད་འགག་གི་བྱ་སྤྱོད་འདི་ལ་ཁོ་ བོ་དངོས་གནས་ཡིད་འགུལ་སྐྱེས་སོང(དེ་ལོ་ཕ་ཡུལ་གྱི་སྤུན་ཟླ་རུ་ཐུར་ལགས་སྐུ་གཤེགས་པ་དང་འདྲ་བར)ངོ་། ། འགོག་མེད་ཀྱི་མཆི་མ་འདྲིལ་སོང་ངོ་། །
Read the rest of this entry »

ཨ་རིའི་སྤྱི་ཚོགས་དང་ཁྱིའི་བར་གྱི་བརྩེ་དུང་གི་འབྲེལ་བ་དམ་པོ།

ཨ་རིར་ཡོད་པའི་བོད་པ་ཚོར་ཆ་རྒྱུས་ཆེན་པོ་ཡོད་པའི་དོན་དག་ཅིག་སྟེ། ཨ་རིའི་མི་དམངས་དང་ཁྱིའི་བར་གྱི་བརྩེ་དུང་གི་འབྲེལ་བ་འདི་ནི་སྐབས་མང་པོ་ཞིག་ཏུ་མི་དང་མིའི་བར་གྱི་འབྲེལ་བ་ལས་ཀྱང་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་། རིག་གཞུང་འདིའི་སྣང་ཚུལ་ལམ་ཤུགས་རྐྱེན་ལ་བརྟེན་ནས་ཕྱིར་སྡོད་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཡང་མི་དང་ཁྱིའི་བར་གྱི་བརྩེ་དུང་གི་འབྲེལ་བ་དེ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཡར་རྒྱུས་ཀྱི་ཕྱོགས་སུ་མྱུར་ཚད་ཧ་ལས་པའི་སྒོ་ནས་གོང་དུ་འཕེལ་བཞིན་ཡོད། ཁོ་བོས་ལོ་ཤས་སྔོན་གནད་དོན་འདི་ལ་དམིགས་ཏེ་སྤེལ་བའི་རྩོམ་ཡིག་ཅིག་བླ་ནག་ཤེས་རིག་ཁྱབ་སྤེལ་ཚོགས་པའི་ལོ་དེབ”་སྤྱན་”གྱི་སྟེང་དུ་སྤེལ་བ་ཡིན་ལ། གཤམ་དུ་རྡེག་གནོན་བྱས་ཚེ་རྩོམ་ཡིག་ཆ་ཚང་ཀློག་ཐུབ།
dogs-in-west2

༅།། རླུང་རྟའི་སྟག་སེང་ཁྱུང་འབྲུག་སྐོར་ལ་ཅུང་ཟད་དཔྱད་པ།

༅།། རླུང་རྟའི་སྟག་སེང་ཁྱུང་འབྲུག་སྐོར་ལ་ཅུང་ཟད་དཔྱད་པ།

བོད་ཀྱི་དར་ལྕོག་ནི་སྤྱིར་བཏང་བོད་ཀྱི་དམག་དར་འཕྱར་སྲོལ་ལས་བྱུང་བ་ཡིན་ལ། དེ་ཡང་སྔོན་བཙན་པོ་རིམ་བྱོན་གྱི་སྐབས་དམག་དཔུང་ངམ་རུ་ཁག་སོ་སོར་ཁ་དོག་དང་མཚོན་རྟགས་མི་འདྲ་བའི་དམག་དར་དུ་མ་ཡོད་ཅིང་། དེ་ལ་རལ་གྲིའི་ཡུ་བ་ཅན་དང་མདའི་ཡུ་བ་ཅན་སོགས་མང་དུ་ཡོད། གང་ལྟར་བར་སྐབས་ཤིག་ནས་ས་གནས་གང་དུ་བོད་ཀྱི་དམག་དཔུང་ཡོད་པ་མཚོན་བྱེ ད་དུ་རི་རྩེ་དང་ལ་ཁ་རྣམས་སུ་དམག་དར་བསྒྲེང་འཛུགས་བྱས་པས་ལ་རྩེ་འམ་ལབ་ཙེ་ཞེས་གྲགས། དེའི་ཕྱིར་དེང་དུས་ལབ་ཙེའི་ནང་དུ་མདའ་མདུང་དར་གྱིས་བརྒྱན་ནས་འཛུགས་ཀྱིན་ཡོད་པའི་རྒྱུ་མཚན་དེ་རེད།
བར་སྐབས་ཤིག་ནས་དམག་དར་དེ་གྲོང་དང་ཁྱེར་དུ་འཛུགས་སྲོལ་དར་བ་མ་ཟད། དར་ལྕོག་གི་ངོས་སུ་གཟུངས་སྔགས་སོགས་གསུང་རབ་དཔར་བྲིས་བྱས་ཏེ་ཁྱིམ་ཚང་རེ་རེའི་ཁང་ཐོག་དང་འབྲོག་པའི་སྦྲའི་ཐོག་ཏུ་འང་འདོགས་སྲོལ་བྱུང་བས། ད་ལྟ་བོད་ཨ་མདོའི་ཁུལ་དུ་ཅོ་དར་དང་དར་མདུང་ཟེར་ཞིང་། དབུས་ཕྱོགས་དང་ས་ཁུལ་གཞན་ནས་དར་ལྕོག་གམ་རླུང་རྟ་ཞེས་གྲགས་ ལ། ད་ལྟའི་ཆར་རྒྱལ་ཁབ་གཞན་པའི་ནང་དུ་མཚོན་ན་དར་ལྕོག་ནི་བོད་མིའི་ངོ་བོ་མཚོན་བྱེད་ཞིག་ཏུ་གྱུར་ཡོད་པ་དཔེར་ན། དར་ལྕོག་ཞིག་གང་ན་ཡོད་ན་དེ་གར་བོད་མི་ཞིག་ཡོད་པའམ། ཡང་ན་བོད་མི་དང་འབྲེལ་ཡོད་ཞིག་ཡོད་པ་གསལ་སྟོན་ཐུབ་ཀྱི་ཡོད།
དེ་ལྟར་རིམ་གྱིས་འགྱུར་བ་སོང་གིན་སོང་གིན་མཐར་འབྱུང་རྩིས་ནས་བསྟན་པའི་གང་ཟག་སྒེར་སོ་སོའི་སྲོག་ལུས་དབང་ཐང་རླུང་རྟ་བཞི་དང་། འབྱུང་བའི་ཁམས་ཉམས་པ་གསོ་ཕྱིར། དར་ལྕོག་གི་ངོས་སུ་རླུང་རྟའི་སྟག་སེང་ཁྱུང་འབྲུག་ཟེར་བའི་གཟུགས་བརྙན་དང་། རླུང་རྟ་བསྐྱེད་པའི་ཤིས་ཚིག་བཅས་དཔར་ཏེ་འཛུགས་པ་དང་། ཤོག་བུའི་ངོས་སུ་དཔར་བཏབ་ནས་རླུང་ལ་བསྐུར་བས་རླུང་རྟ་ཞེས་གྲགས་པ་ཡང་བྱུང་། གང་ལྟར་རླུང་རྟ་ལ་ར་རླུང་དང་ཀ་ཀླུང་སྟེ་འབྲི་ཚུལ་མི་འདྲ་བ་གཉིས་ཡོད་མོད། དང་པོ་ལྟར་བྲིས་ན་རྒྱུ་མཚན་ལྡན་སྙམ།
སྟག་སེང་ཁྱུང་འབྲུག་སྐོར་ལ་འགྲེལ་བཤད་རྒྱག་སྟངས་མི་འདྲ་བ་ཡོད་མོད། རང་གི་བསམ་ཚུལ་ཅུང་ཟད་བཤད་ན་འདི་ལྟར་ཡིན། སྟག་ནི་ནགས་ན་གནས་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ཤིང་མཚོན་ཞིང་། སྐྱེ་གཟུགས་སེམས་ཅན་གཞན་ལས་མཛེས་པས་སྐྱེས་བུའི་ལུས་མཚོན་གྱི་ཡོད། སེང་གེ་ནི་གངས་རི་འམ་རི་ལ་གནས་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ས་མཚོན་ཞིང་། དཔའ་སྙིང་སེམས་ཅན་གཞན་ལས་ཆེ་བས་སྐྱེས་བུའི་དབང་ཐང་མཚོན་གྱི་ཡོད། ཁྱུང་ནི་མཁའ་ལ་སྤྱོད་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ནམ་མཁའ་དང་རླུང་མཚོན་ཞིང་། གཤོག་རྩལ་འདབ་ཆགས་གཞན་ལས་ཆེ་ཞིང་སྟེང་ནས་སྟེང་དུ་བགྲོད་པ་ཡིན་པས་སྐྱེས་བུའི་རླུང་རྟ་མཚོན་གྱི་ཡོད། འབྲུག་ནི་རྒྱ་མཚོར་གནས་པས་སྐྱེས་བུའི་ལུས་ཁམས་ཀྱི་འབྱུང་བ་ཆུ་མཚོན་ཞིང་། ཚེ་ཐག་སྲོག་ཆགས་གཞན་ལས་ཆེས་རིང་བས་སྐྱེས་བུའི་སྲོག་མཚོན་གྱི་ཡོད། དབུས་ཀྱི་རྟ་མཆོག་གིས་སྐྱེས་བུའམ་གང་ཟག་སྒེར་མཚོན་གྱི་ཡོད།
དེར་བརྟེན་སྐྱེས་བུའི་ལུས་ལ་ན་ཚ་མེད་ཅིང་སྐྱེ་གཟུགས་ཀུན་གྱི་ཡིད་དུ་འོང་བའི་རྟེན་འབྲེལ་དུ་རྒྱ་སྟག་སྡེར་བཞི་ངོམ་པ་དང་། ཡང་སྐྱེས་བུའི་དབང་ཐང་རབ་ཏུ་རྒྱས་ཏེ་གཞན་སྣང་ཟིལ་གྱིས་གནོན་པའི་རྟེན་འབྲེལ་དུ་གངས་སེང་གཡུ་རལ་རྒྱས་པ། ཡང་སྐྱེས་བུའི་རླུང་རྟ་ཤིན་ཏུ་དར་ཏེ་གང་བསམ་ཡིད་སྨོན་ལྟར་འགྲུབ་པའི་རྟེན་འབྲེལ་དུ་ཁྱུང་ཆེན་གཤོ ག་རྩལ་རྒྱས་པ། ཡང་སྐྱེས་བུའི་ཚེ་ཐག་ཆུ་བོའི་རྒྱུན་ལྟར་རིང་ཞིང་སྙན་གྲགས་ཕྱོགས་བཅུར་རྒྱས་པའི་རྟེན་འབྲེལ་དུ་གཡུ་འབྲུག་སྤྲིན་གྱིས་བརྒྱན་པ་བཅས་དབུས་ཀྱི་རྟ་མཆོག་གི་ཕྱོགས་བཞིར་འབྲི་གྱིན་ཡོད་པ་རེད།
སྐྱེས་བུའི་མཚོན་དོན་རྟ་མཆོག་རྒྱན་གྱིས་བརྒྱན་ཞིང་ནོར་བུ་བཀལ་བ་ནི། སྐྱེས་བུའི་བསམ་དོན་འགྲུབ་ཅིང་ཕུན་ཚོགས་སྡེ་བཞིའི་མངའ་ཐང་མཐའ་མེད་དུ་རྒྱས་པའི་རྟེན་འབྲེལ་གྱི་མཚོན་དོན་ཡིན་ནོ།།
ཞེས་དཔྱད་སྒོ་ཙམ་དུ་རིག་པའི་རྡོ་རྗེས། གྲོགས་པོ་བློ་བཟང་ཤེས་རབ་ཀྱིས་དྲ་ཐོག་ནས་དྲིས་པའི་ལན་དུ་ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༢༨ ཉིན་ཤར་མར་བྲིས་སོ།།

འགྱུར་ནོར་བ་རེད་དམ་ང་ནོར་བ་རེད།

 

ཟླ་ཤས་སྔོན་ངེད་ཚོའི་ཚོགས་པས་གོ་སྒྲིག་གིས་འདི་གའི་འཇམ་དབྱངས་དགོན་ནང་ད་ལོར་བོད་རྒྱལ་ཁབ་ཀྱི་དོན་དུ་སྐུ་སྲོག་ཤོར་བ་ཚོའི་ཆེད་དུ་ཉིན་གང་གསོལ་བསྟོད་སྨོན་ལམ་རིགས་དུ་མ་ཞིག་སྙན་མོའི་དབྱངས་སུ་གྱེར་ནས་བཏོན་པའི་ནང་ ང་ཡང་དགའ་སྤྲོའི་ངང་ཞུགས་པ་ཡིན། ངེད་ཚོའི་དཔེ་ཆ་ཚང་མ་བོད་དབྱིན་ཧྥ་ཝི་སྐད་བཞི་ཤད་སྦྱར་རེད།

 དང་ཐོག་རང་གིས་ཀྱང་གཞན་པ་ཚོ་དང་སྐད་ཤུགས་འགྲན་བཞིན་ཐེངས་ཁ་ཤས་བཏོན་ཡང་རིམ་པས་རིམ་པས་ང་ཡང་ཡང་རྗེས་སུ་ལུས་ཤིང་འདོན་མཚམས་ཡང་ཡང་བརླག ཡིན་རྒྱུ་ནི་ངའི་བསམ་བློ་ཚིག་དོན་གྱི་གོ་བ་དང་དབྱིན་འགྱུར་ནང་ཤོར་ཏེ་གཞན་པ་ཚོས་གང་ཞིག་དང་གང་ན་འདོན་གི་ཡོད་པར་རྦད་དེ་འབྲེལ་མེད་དུ་གྱུར།  སྒྲོལ་བསྟོད་ཉེར་གཅིག་དབྱིན་ཡིག་ལ་སྒྱུར་མཁན་དེ་ཆོས་ཀྱི་གོ་དོན་ཡག་པོ་ཤེས་མཁན་ཞིག་ཡིན་པ་འདྲ། སྐབས་རེར་བོད་ཡིག་ནང་གོ་བ་གསལ་བོ་མི་ལོན་པའི་ཚིག་དོན་རེ་ཡོད་ན་དབྱིན་འགྱུར་ནང་དེ་ལ་གསལ་ཁ་སྟེར་གྱི་འདུག ཡིན་ན་ཡང་། བརྡ་སྤྲོད་དང་མངོན་བརྗོད་རེའི་གོ་བ་ཡག་པོ་མ་ལོན་པར་འགྱུར་ལ་ནོར་འཁྲུལ་རེ་ཟུང་ཤོར་མེད་དམ་སྙམ།  གཅིག་བྱས་ནས་ང་རང་གིས་གོ་བ་ལེན་སྟངས་ནོར་འདུག དེ་བས། དེ་རིང་ངས་དུས་ཚོད་ཕྲན་བུ་བཏང་ནས་དྲ་ཁང་འདིའི་ནང་གི་མཁས་དབང་ཚོར་བཀའ་སློབ་ཞུ་དགོས་བྱུང་སོང་བས་དགོངས་འཆར་འགྲན་བཞིན་གནང་བའི་རེ་བ་ཡོད།

སྒྲོལ་བསྟོད་ཉེར་གཅིག་པ་ལས།

འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི།། གེ་སར་བྱེ་བ་ལས་ནི་བྱུང་མ།།

Whose water-born face arises from the blooming lotos, of Avalokiteshvara: protector of the three worlds

༡ ཆུ་སྐྱེས་ཞལ་ལ་water-born face ཞེས་བསྒྱུར་ན་འགྲིག་གི་ཡོད་མེད་དང་།  ཚིག་གི་ངོ་གདོང་རང་ནས་གོ་བ་བླངས་ན་ཆུ་སྐྱེས་ཞལ་འདི་འཇིག་རྟེན་གསུམ་མགོན་ལ་སྦྱར་དགོས་པ་འདྲ་ཞིག་མ་ཡིན་ནམ། དོན་གྱི་ཐོག་ནས་སྒྲོལ་མ་དང་འཇིག་རྟེན་གསུམ་མགོན་གཉིས་ཀར་སྦྱར་དགོས་པ་རེད་དམ།

ཕྱག་འཚལ་གསེར་སྔོ་ཆུ་ནས་སྐྱེས་ཀྱི།།པདྨས་ཕྱག་ནི་རྣམ་པར་རྒྱན་མ།།

Homage to you, Tara, born from a golden-blue lotus, whose hands are beautifully adorned with lotos flowers.

༢ གསེར་ནོར་བ་འདྲ། རྒྱན་མ་ནོར་འདུག་གམ འདིར་བལྟས་ན། སེར་སྔོའི་ཆུ་ནས་སྐྱེས་པའི་པདྨས་ཕྱག་རྣམ་པར་བརྒྱན་པ་ཅན་མ་་ཟེར་ནས་གོ་བ་ལེན་དགོས་པ་འདྲ་ཡང་འདིར་སེར་སྔོའི་པད་མ་ལས་སྐྱེས་པའི་སྒློལ་མ་ལྟ་བུར་བསྒྱུར་འདུག་སྙམ།

མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི།། རྒྱལ་བའི་སྲས་ཀྱིས་ཤིན་ཏུ་བསྟེན་མ།།

Who have attained rtanscendent perfections without exception, and upon whom the sons of the victorious ones relay.

༣ མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི་རྒྱལ་བའི་སྲས་་ཞེས་གོ་བ་ལེན་དགོས་པ་འདྲ་ཡང་འདིར་ཕ་རོལ་ཕྱིན་པ་ཐོབ་པ་དེ་སྒྲོལ་མར་སྦྱར་འདུག་པ་འདི་འགྲིག་གམ། རྒྱལ་བའི་སྲས་ལ་sons of the victorious ཟེར་ནས་བསྒྱུར་ན་དབྱིན་ཡིག་ནང་གོ་དོན་ཇི་བཞིན་སྟོན་ཐུབ་ཀྱི་ཡོད་དམ།

ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་མོ།། བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ།།

Homeage to you,Tara, rhe great fearful one, whose letter TURE destroys the mighty demons completely.

༤ འདིའི་འཇིགས་པ་ཆེན་མོ་འདི་སྒྲོལ་ལ་ཡང་སྦྱར་དུ་ཡོད་པ་ལྟ་བུ་ཡང་འཇིགས་པ་ཆེན་མོའི་བདུད་ཅེས་བདུད་ལ་ཡང་སྦྱར་དུ་ཡོད་པ་ལྟ་བུ་ཞིག་འདུག དོན་དམ་པས་གང་ལ་སྦྱར་དགོས་པ་རེད།

ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི། མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ།།

Homeage to you,Tara, with hand on the ground by your side, pressing your heel and stamping your foot on the earth

༥ ཕྱག་གི་མཐིལ་ཞེས་མཐིལ་དེ་ཡར་སྦྱར་དགོས་པ་མ་ཡིན་ནམ།

ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི།།དགྲ་ཡི་ལུས་ནི་རྣམ་པར་འགེམས་མ།།

Homeage to you,Tara, surrounded by the joyous ones, you comepletely subdue the bodies of all ennemis

༦ འདིར་ཡང་བསྐོར་རབ་དགའ་བའི་དགྲ་བོ་་ཟེར་དགོས་པ་ལྟ་བུར་གོ་དགོས་པ་མ་ཡིན་ནམ།

དཔེ་ཆ་དཔར་སྐྲུན་ཞུ་མཁན་སེར་སྨད་མཁན་རིན་པོ་ཆེ་བློ་བཟང་འཇམ་དབྱངས་ཀྱི་Manjushri center འཇམ་དབྱངས་དགོན་རེད།

Comeposition of the translation group from Manjushri center, Longgueuil, Quebec, Canada.

partly of the English translation is from Lama Thubten Zopa Rinpoche published work(in FPMT), partly Kristyna paknys.

ངའི་ཀུན་སྤྱོད་དག་ཉམ་རྒུད་དུ་འགྲོ་བཞིན་འདུག

ཨ་རིག་འགྱུར་མེད།
ངས་རང་མགོ་རང་ཐོན་བྱས་ནས་ལོ་མང་བོ་འགྲོ་བཞིན་འདུག དེ་བས་ཀྱང་ཕ་མ་གཉེན་ཉེ་དང་ལོ་ལོན་ཚོ་དང་ཁ་གྱེས་ནས་མི་ལོ་བརྒྱད་དག་དག་འགྲོ་བཞིན་འདུག ལོ་འདི་དག་གི་རིང་བལྟས་བལྟས་རིག་རིག་ཏུ་ལོ་ལོན་བཀའ་དྲིན་ཅན་ཚོས་ང་ལ་གནང་བའི་ངའི་གཤིས་རྒྱུད་ཀྱི་ཡ་རབས་བཟང་སྤྱོད་ཟེར་བ་དེ་ཉམ་རྒུད་དུ་འགྲོ་བཞིན་འདུག

ཨ་མས་བཤད་ན་ངའི་ལྟེ་ཁྲག་འཇིག་རྟེན་མི་ཡུལ་འདིར་ཐོག་མར་འཐོར་དུས་ནི་བོད་ལུགས་ཀྱི་བརྩི་སྟངས་ལྟར་ན་བོད་ལོ་གསར་བ་ཚེས་ཏེ། ཧོར་ཟླ་དང་པོའི་ཚེས་ ༢༥ ཉིན་ཡིན་ཟེར་ལ། ཁོང་གིས་དུས་རྒྱུན་ཕ་མ་ངན་པས་བུ་ཕྲུག་གི་སྐྱེས་སྐར་མི་ཤེས་ལ། བུ་ཕྲུག་ངན་པས་ཕ་མའི་འཆི་སྐར་མི་ཤེས་ཟེར་བའི་གཏམ་དཔེ་འདི་སྐྱོར་བཞིན་ངའི་སྐྱེས་སྐར་ཁོང་གི་སེམས་ན་གསལ་གསལ་ཐང་ཐང་ཡིན་པའི་དཔང་པོ་བྱེད། ཡིན་ནའང༌། ང་རང་མི་ལོ་ཉི་ཤུར་འབུད་རག་བར་ངས་རང་གི་ཕ་སུ་ཡིན་ཤེས་མྱོང་མེད་ལ། ཨ་མས་ཀྱང་གསུངས་མ་སོང༌།

དེ་ལྟར་ང་སྐྱེས་ཤིང་འཚར་ལོངས་བྱུང་ས་ནི་ངེད་ཚང་གི་ཁྱིམ་གཞིས་རྙིང་པ་སྟེ། ངའི་མ་དྲིན་ཅན་གྱི་ཕ་མ་གཉིས་ཀྱི་ནང་རེད་ལ། ང་འཚར་ལོངས་བྱུང་བའི་བརྒྱུད་རིམ་ཁྲོད་ཁོང་རྣམ་གཉིས་དང༌། ངའི་ཡང་མེས། ༼ ང་ནས་བརྩིས་པའི་མི་ཐོག་བཞི་པ་ཡིན་པའི་ཨ་ཡེ་ལོ་ལོན། ༽ གཞན་ཡང་ང་རང་ལོ་དགུར་སླེབས་སྐབས་འདས་གྲོངས་སུ་སོང་བའི་ངའི་ཞིང་བོ་ཞིག་ཡོད་པ་བཅས་ཡིན། ཁོང་ཚོ་ནི་འབྲོག་ཕྱོགས་ས་ཁུལ་གྱི་མང་ཚོགས་དཀྱུས་མ་ཁྱུ་གཅིག་ཡིན་པ་ལས་ཡི་གེ་འབྲི་ཀློག་མི་ཤེས་ཤིང༌། རྩ་བའི་ཆ་ནས་ཡིག་རྨོངས་པ་རྐྱང་རྐྱང་ཡིན་མོད། ཁོང་ཚོས་ང་ལ་གནང་བའི་མི་ཚེའི་ལམ་རྒྱགས་ནི་རིན་ཐང་ཆེ་ཞིང༌། གཞལ་དུ་མེད་པའི་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་རྣལ་མ་དང༌། ཡ་རབས་བཟང་སྤྱོད་ཟེར་བ་དེ་དག་རེད།

དེ་དག་ནི་ད་ལྟ་ངའི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་དག་རེད་ལ། འཛད་མཐལ་བྲལ་ཞིང་སྤྱོད་སྒོ་ཆེ་བའི་དངོས་པོ་ཤ་འཐིམ་རུས་འཐིམ་ཅན་རྐྱང་རྐྱང་ཡང་རེད།

དཔེར་ན་ཁོང་ཚོས། ནང་དུ་མགྲོན་པོ་ཆེ་ཆུང་སུ་ཞིག་ཡིན་ཡང༌། མི་ཞིག་སླེབས་སྐབས་ཡར་ལངས་ནས་མགྲོན་བསུ་བྱེད་པ་དང༌། མགྲོན་པོར་ཇ་ལྡུག་སྐབས་ཕོར་བ་ལག་གཉིས་ཀྱིས་འདེགས་པ། ཇས་ཕོར་བ་ཁེངས་པར་བྱེད་པ། མགྲོན་པོ་ནང་དུ་བཞུགས་རིང་ཁོང་གི་མདུན་ནས་ཡར་མར་མི་འགྲོ་བར་ངེས་པར་དུ་རྒྱབ་བསྐོར་ནས་འགྲོ་བ། ཁོང་བཞུགས་རིང་ནང་དུ་བབ་ཆགས་བསྟུན་ཤེས་ཀྱིས་འདུག་པ། ཁོང་ཕེབས་སྐབས་ཕེབས་སྐྱེལ་བྱེད་པ་བཅས་རེད། ད་དུང་ནང་དུ་མགྲོན་པོ་ཡོད་མེད་གང་ལྟར་ཀྱང༌། ཟས་ཟ་སྐབས་དཀྱིལ་དྲུང་བཅས་ནས་སྡོད་དགོས་ཤིང༌། རྒྱབ་མི་སྙེས་པ། ཧུབ་སྒྲ་ཆེན་པོ་གྲག་མི་འཇུག་པ། ཟས་ཟོས་མ་ཚར་བར་དུ་སྐད་ཆ་མང་བོ་མི་བཤད་པ། ཟས་ལྷག་གཏན་ནས་འཕྲོ་བརླག་ཏུ་མི་གཏོང་བ་བཅས་བྱེད་པར་རྒྱུན་དུ་དྲན་སྐུལ་གཏོང་ལ། གོམས་གཤིས་འདི་དག་སྐབས་དེར་ངའི་ལུས་དང་གྲུབ་མ་འགྲོགས་པ་བཞིན་འཇགས་བསྡད་ཡོད། གཞན་ཡང་རང་ལས་ལོ་གཅིག་གི་མ་གཏོགས་ཆེ་བ་མིན་ཡང༌། ལོ་ཆེ་བ་དག་ལ་ཕུ་བོ་དང་གཅེན་མོ་ཟེར་དགོས་པ་ལས་ཐད་ཀར་དུ་མིང་ནས་འབོད་དུ་མི་འཇུག

འོན་ཀྱང༌། ཁ་སང་དེ་རིང་ངས་ཕྱིར་འདང་ཞིག་བརྒྱབ་ན་གོང་གི་གོམས་སྲོལ་དེ་དག་ངའི་ལུས་སྟེང་དུ་མིང་གི་ལྷག་མ་ཙམ་དུ་གྱུར་འདུག་ལ། ངའི་ཁོར་ཡུག་ནའང་དེ་ལྟར་རེད། ད་དུང་མུ་མཐུད་འདི་ལྟར་ཕྱིན་ཚེ་ངའི་བུ་ཕྲུག་དག་གི་རྒྱུད་ནས་བརྒྱ་ཆ་ཉི་ཤུ་ནས་སུམ་ཅུ་མ་གཏོགས་ལྷག་རྒྱུ་མ་རེད་ལ། ངའི་ཚ་བོ་ཚ་མོ་དག་གི་དུས་སྐབས་དེར་ཕལ་ཆེར་ཀླད་ཀོར་མ་གཏོགས་མེད་པར་འགྱུར་གཏན་འཁེལ་འདུག

ང་རྒྱ་གར་དུ་དང་པོར་འབྱོར་སྐབས་ངས་ལོ་ ༢༠ ཅན་གྱི་གཞོན་སྐྱེས་ཤིག་གིས་ལོ་ ༣༠ ཅན་གྱི་རང་གི་གྲོགས་པོ་ཞིག་གི་མིང་ནས་ཐད་ཀར་འབོད་པ་ལྟ་བུ་ཐོས་ན་ཡ་མཚར་བྱེད་ཀྱི་ཡོད། ཡིན་ནའང༌། དེ་རིང་སང་ཉིན་ངས་ཀྱང་རང་ལས་ལོ་ན་ཅུང་ཆེ་བའི་གྲོགས་པོ་ཡོད་ཚད་ཀྱི་མིང་ནས་ཐད་ཀར་འབོད་པ་ལས། མིང་གི་མགོར་ཕུ་བོ་དང་གཅེན་མོ་ལྟ་བུའི་གུས་ཞབས་མཚོན་པའི་མང་ཚིག་བེད་སྤྱོད་གཏོང་གི་མེད། དེ་བཞིན་ནང་དུ་མགྲོན་པོ་ཞིག་སླེབས་སྐབས་ཡར་ལངས་ནས་བསུ་བ་བྱེད་ཀྱི་མེད་ལ། ཕར་འགྲོ་སྐབས་སྒོར་བསྐྱལ་ནས་སྐྱེལ་མ་ཡང་བྱེད་ཀྱི་མེད། ད་དུང་ཁྱོད་ཀྱིས་ཟོ་དང་ཁྱོད་ཀྱིས་འཐུང་ཟེར་ནས་ཨུ་ཚུགས་ནི་གཏན་ནས་རྒྱག་མི་ཤེས།

དེ་བས་ཀྱང་ཚབ་ཆེ་ཤོས་ཤིག་ནི་ཁ་སང་དེ་རིང་ངས་ཟས་ཟ་སྐབས་དཀྱིལ་དྲུང་བཅས་ནས་གཏན་ནས་འདུག་ཐུབ་ཀྱི་མི་འདུག་ལ། ཟས་ཟོས་རྗེས་རྒྱབ་སྙེས་ས་ཞིག་མེད་ཚེ། འདུག་བཟོད་ཀྱི་མི་འདུག འདིས་ཅི་ཞིག་མཚོན་གྱི་འདུག་ཟེར་ན་ང་འཚར་ལོངས་བྱུང་སའི་ཁོར་ཡུག་དང་ད་ལྟ་འཚོ་གནས་བྱེད་སའི་ཁོར་ཡུག་གི་རྣམ་པ་གཉིས་མཚོན་གྱི་འདུག་ལ། དེ་བས་ཀྱང་ནང་གི་བསམ་བློ་དང་ཕྱིའི་ཀུན་སྤྱོད་ཀྱི་ཧེ་བག་མཚོན་གྱི་འདུག ད་དུང་ངའི་དྲིན་ཅན་ཨ་མ་དང་ལོ་ལོན་བཀའ་དྲིན་ཅན་ཚོ་དང་ཁ་བྲལ་ནས་མི་ལོ་བརྒྱད་ཕྱིན་རིང་གི་ངན་ལོབས་དགུ་ལོབས་དེ་དག་མཚོན་གྱི་འདུག

ད། ནམ་ཞིག་ང་ཕྱིར་ནང་དུ་ལོག་པའམ་ངའི་ཨ་མ་དང་ལོ་ལོན་ཚོ་རྒྱ་གར་དུ་ཡོང་ནས་ང་ལ་ཐུག་འཕྲད་བྱེད་པའི་ཉིན་མོ་ཞིག་ཤར་དབང་དུ་བཏང་ན། ཁོང་ཚོས་ངའི་ད་ལྟའི་བྱེད་སྟངས་འདི་ཚོ་མཐོང་ནས་ཧང་སང་ངེས་ལ། ངའི་རྒྱུད་ཀྱི་འགྲོ་བ་མིའི་རིགས་ཀྱི་ཀུན་སྤྱོད་དང་ཡ་རབས་སྤྱོད་བཟང་གི་དྲི་མི་བྲོ་བའི་གཤིས་ཀ་འདི་རྟོགས་ནས་ཧོན་འཐོར་ངེས་ཨང༌།

ཡིན་ནའང༌། ཡིན་ནའང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

དེང་སྐབས་ངའི་སེམས་ཁོང་ནས་མིན་པར་ཁ་སྒོ་ནས་བུད་པའི་སྐད་ཆ་ཚིག་འགའ་སྟེ། དབང་ཆེན་མི་ཆེན་ཚོར་ཁ་བརྡ་བྱེད་སྐབས་ལ་དང་ལེགས་སོ་ཟེར་ཤེས་ལ། སྐུ་ངོ་དང་སྐུ་མཁྱེན། ཡིན་དང་ཡིན། ཐུགས་རྗེ་གཟིགས་ལྟ་བུའི་རང་ཉིད་ལ་གང་ན་ཁེ་ཕན་ཡོད་ཅིང༌། ཁ་ཡག་ཚིག་གི་ངོ་བསྟོད་ཀྱིས་བཀུར་དགོས་ས་ཡོད་ཚད་ལ་སྐད་ཆ་སྙིང་རྗེ་ བོ་རེ་དང་ཚིག་རུས་གསོན་པོ་འགའ་བཤད་ཤེས། འདི་ཁམས་དང་ཨ་མདོས་ཐད་ཀ་ཐད་ཀར་དུ་སྐད་ཆ་བཤད་པའི་གོམས་སྲོལ་དང་བསྡུར་ན་ཡག་པོ་འདུག་ཀྱང༌། མིའི་ཀུན་སྤྱོད་རྣལ་མ་དང༌། སེམས་རྒྱུད་དྲང་མོའི་ངོས་ཐད་ནས་བལྟས་ན་གཏན་ནས་ཡག་པོ་མི་འདུག

དེ་བས་ཀྱང་སྐད་ཆ་འདི་དག་གིས་མཐར་གཏུགས་ན་རང་གི་ཁེ་ཕན་ལས་བསྒྲུབ་མི་སྲིད་པས་ཀྱང་ཡིན།

རྒྱ་དཔོན་རྒྱ་རི་རྒྱ་བོད་འབྲེལ་བའི་སྐོར།

༄༅།། ཀྲུའུ་ཝེ་ཆུན་ལ་ཤང་ཀང་གི་ཧྥེང་ཧོང་བརྙན་འཕྲིན་ཁང་གིས་བཅར་འདྲི་གནང་བའི་སྐོར ། (སྟོད་ཆ།)
ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལས་བཤུས།
གླེང་མོལ་ལ་དཀའ་ངལ་བྱུང་བ།

ད་ལོའི་ཟླ་༡༡པའི་ཚེས་༥ཉིན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བའི་སྒེར་གྱི་འཐུས་ཚབ་དང་ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གི་འཐུས་ཚབ་བར་ཡང་བསྐྱར་གླེང་མོལ་ཐེངས་ཤིག་བྱས་པ་དེ་ནི། ༢༠༠༢ལོར་ཏཱ་ལས་བསྐྱར་དུ་ཐུག་འཕྲད་བྱེད་དགོས་པའི་བླང་བྱ་བཏོན་རྗེས་ཀྱི་ཐུག་འཕྲད་བྱེད་ཐེངས་དགུ་བ་དེ་ཡིན་ཞིང་། ཐེངས་འདིའི་ཐུག་འཕྲད་ཀྱང་ཐེངས་སྔོན་མ་དག་དང་འདྲ་བར། དོན་དངོས་ཀྱི་འབྲས་བུ་ཅི་ཡང་ཐོབ་མེད་པ་རེད། ཡིན་ནའང་། ཐེངས་འདིའི་ཐུག་འཕྲད་ནི་ཏག་ཏག་ཡུལ་གྱར་བོད་པའི་འཕྲལ་བསྟུན་ཚོགས་འདུ་འཚོགས་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་དེའི་ཐད་ལ་རྒོལ་ལན་དྲག་པོ་བཏང་བ་སོགས་ཀྱི་རྒྱུ་མཚན་གྱིས་རྒྱལ་ཁབ་ཕྱི་ནང་གིས་དོ་སྣང་ཆེན་པོ་ཐེབས་ཡོད་པ་རེད།
Read the rest of this entry »

བོད། ལེའུ་ཞིག་གི་སྒྲོམ་གཞི།

ཤིས་ཚང་ལྗང་མྱུག
———-

སྤོ་རྨོས་མིག་ཆུ་ཞིག་གི་མྱ་ངན་རུམ།།
ཕུ་བོས་ན་ཟུག་ཅིག་གི་འཕེལ་རིམ་བགྲོས།།
གཏམ་རྒྱུད་ཁྲག་ལ་བསྒྲེས་པའི་བྱུང་རིམ་ན།།
ཉི་མའི་སྤྱན་ཆབ་བསིལ་བའི་ལེའུ་ཞིག།

ལོ་ཟླའི་འཇིག་ཉེན་ཁ་བའི་གླིང་ལ་ཕྱོགས།།
སྲོག་གི་སྐུད་པ་རླུང་རྟའི་འགྲོས་ལ་ཐོགས།།
མུན་པ་འཚོ་བར་བསྐྱལ་བའི་རི་གྲོང་ན།།
ཟླ་བའི་ལང་ཚོ་རྒུད་པའི་ལེའུ་ཞིག།

གསེར་གྱི་གླེགས་བམ་ཐལ་བའི་རྡུལ་ལ་བསྙལ།།
མ་ཎིའི་དར་ཆ་རྨོངས་པའི་དབྱིངས་སུ་ཕྱར།།
ཆོས་ཀྱི་སྲོག་ལ་རྒོལ་བའི་སྡེ་གྲལ་ན།།
བཙུན་པའི་གཟུགས་ལ་སྡང་བའི་ལེའུ་ཞིག།

མེས་པོའི་གཤིས་ཀ་རྗེས་ལུས་ལྟ་བར་རློམ།།
ནུབ་ཀྱི་བསམ་བློ་དག་པའི་ཚད་མར་བཟུང་།།
ཁ་བའི་ངོ་གདོང་འགྱུར་བའི་ས་མཐའ་ན།།
རྒྱ་མཚོའི་རྨི་ལམ་སྙེག་པའི་ལེའུ་ཞིག།

ཨ་ནུའི་ཞབས་རྗེས་སྟེགས་བུའི་ཕྱིར་དུ་འཐམ།།
གཞན་བསྟེན་གོམས་པ་རུས་ཀྱི་རྐང་ལ་ཟུག།
སྐད་བརྡའི་མཛེས་པ་བོར་བའི་ཚོགས་རྭ་ན།།
སྲིད་ཀྱི་གདོང་རས་གཡོ་བའི་ལེའུ་ཞིག།

སྦྲ་ནག་རོག་པོ་ཚེ་ཡི་མཐའ་རུ་བསྡུས།།
རི་སུལ་འཚོ་བ་གྲོང་གི་མཐའ་ལ་ལྟེབས།།
ཨར་འདམ་རྣོ་ལྕགས་སྦྲེལ་བའི་རྡོ་ཁང་ན།།
ཚེ་སྲོག་སྲིད་མཐར་ཟད་པའི་ལེའུ་ཞིག།

ལ་ཁའི་ཉི་མའི་བགྲོད་པ་མཐའ་ལ་ཐུག།
མུན་པའི་ཟླ་བའི་འཚོ་གཞེས་གསང་བར་ཡིབ།།
ནམ་མཁའི་ལས་དབང་སྦྲུམ་པའི་དཀྱིལ་འཁོར་ན།།
བྱ་ཁྱུ་ཕྱོགས་སུ་འཐོར་བའི་ལེའུ་ཞིག།

མགོ་བོའི་སྐྲ་ལོ་ཕྱི་རོལ་གླིང་ནས་འཐོར།།
དབང་རྩའི་ནུས་པ་མུན་པའི་གསེང་ནས་ལྷོད།།
མི་རབས་གསར་རྙིང་བརྗེ་བའི་འདུས་མདོ་ན།།
ཕུག་གི་ཉི་འོད་བསྐལ་བའི་ལེའུ་ཞིག།

བོད་པའི་ལེའུ་གྱེར་བའི་སྐད་ཅིག་མར།།
སྡུག་དང་སྐྱོ་བའི་བསམ་གཞིགས་སྣོན་མར་འཕྱུར།།
གོ་རིམ་འཁྱལ་འཁྱོལ་སྡེབ་པའི་ཉེར་ལེན་ལས།།
ཤུགས་རིང་ཞིག་གི་སྐྱོ་བ་འདི་ལྟར་བཞུར།།

ལྷ་ཀླུ་གཉན་གྱི་མཐུ་ནུས་བག་ལ་ཞ།།
གདོན་བགེགས་འབྱུང་བོའི་འཚེ་བ་གཉིད་ལ་འབྱར།།
ཁ་བའི་སྣུམ་སྨྱུག་ཟད་པའི་དུས་མཐའ་ན།།
ང་ཡི་བོད་འདི་འདི་ལྟར་འཆི་དགོས་སམ།།

༢༠༠༨ལོའི་ཟླ་༡༢ཚེས་༢༤དགོང་མོར་བྲིས།

ལྕག་ཚན་འོག་གི་སློབ་གཉེར་བ།

རྫ་སྲི་བདེ་ཆེན།

་ དགེ་སྐུལ་སྨྱོན་པའི་ཐུགས་ལ་མ་རན་ན།།
ཆབ་རལ་བཙན་པོས་ཁྲིམས་ལ྄་སྦྱོར་ངེས་སོ།།
ལྕག་ཚན་དམར་བོའི་སློབ་གསོ་མི་ཐེག་པའི།།
གྲྭ་སའི་སློབ་གཉེར་བ་ཚོ་སྙིང་རེ་རྗེ།།

་ བསམ་བློ་མ་དག་པས་སྒྲོ་འདོགས་བྱས་པ་ཞིག་མིན་ལ། ཀུན་སློང་ངན་པས་སྙོན་འཛུགས་བྱས་པ་གང་ཡང་མིན། དོན་དངོས་ཀྱི་སྣང་ཚུལ་སྐྱུག་བྲོ་བ་དག་མཐོངན་མ་མཐོང་མདོག་དང༌། གོ་ན་མ་གོ་མདོག་བྱས་ན་རྒྱུ་འབྲས་བློ་མིག་དུ་མི་མཐུས་ཤིང༌། མི་རང་ཉིད་ལ་ལྷན་སྐྱེས་ཀྱི་སྨྲ་ལྕེ་ཞིག་ཡོད་པ་རང་ཉིད་ཀྱིས་ལྐུག་ཏུ་བཅུག་པ་རང་རེད། ཡང་གཅིག་བཤད་ན་རང་གིས་མཐོང་བའི་སྐྱོན་ཆ་བསྔོགས་འདོན་མི་བྱེད་པ་ནི་ངན་པ་ལངས་ཤོར་དུ་གཏོང་བའི་གཞི་རྩཞིག་ཀྱང་ཡིན་པས་ངན་པ་ལངས་ཤོར་དུ་སོང་ཚེ་ངན་པས་ནད་ཡམས་ཁྱེར་ནས་སྤྱི་ཚོགས་སྦག་བཙོག་ཅན་དུ་བསྒྱུར་འགྲོ་བས་ངན་པ་གཤག་བཅོས་གཏོང་རྒྱུ་ནི་ཆེས་གལ་ཆེན་྄གྱི་ལས་རིགས་ཞིག་ཏུ་འཛིན་འོས།
་ དེ་བས་འདིར་གཤག་བཅོས་བྱ་རྒྱུ་དེ། དུས་ཡུན་རིང་བོར་ངན་པ་ལངས་ཤོར་སོང་བའི་གྲྭ་སའི་ལྕག་ཚན་འདི་ཡིན། གྲྭ་སར་མཚོན་ན་ལྕག་ཚན་འདི་ནི་སློབ་གསོ་ཡིན་ལ་གྲྭ་སའི་སློབ་གསོའང་ལྕག་ཚན་འདི་མ་གཏོགས། སློབ་གསོ་ལས་ལོགས་སུ་ལྕག་ཚན་དང༌། ལྕག་ཚན་ལས་ལོགས་སུ་སློབ་གསོ་ཟེར་བ་ཞིག་ཧ་ཅང་ཞན་ཞན་རེད། དེའི་དབང་གིས་ལྕག་ཚན་འདི་འོས་པ་ཞིག་དང༌། ལྕག་ཚན་འདི་ཡག་པ་ཞིག་ཏུ་བཏགས་ནས་ལྕག་ཚན་འདི་ཡུན་རིང་བོར་ངན་པ་ལངས་ཤོར་དུ་སོང་བ་རེད།
་ སྤྱིར་མི་ཞིག་བཟང་ངན་གང་གི་ལམ་དུ་འགྲོ་མིན་ན྄ི། སློབ་གསོ་ལ་རྟེན་ནས་འགྱུར་ལྡོག་དང༌། གོམ་བགྲོད་བྱེད་ཀྱིན་ཡོད་པས་སློབ་གཉེར་བ་ཞིག་ལ་མཚོན་ན་སློབ་གསོ་ནི་ཁ་ལ་ཟ་རྒྱུའི་ཟ་མ་ལས་ཀྱང་གལ་ཆེན་ཞིག་ཏུ་ཆགས་པ་རེད། ཡིན་ཡང་གྲྭ་ས་ན་ཡར་རྒྱས་ཀྱི་རྨང་གཞི་དང༌། གོ་རྟོག་གི་བསམ་བློ་བསྐྱེད་པའི་སློབ་གསོ་གང་ཡང་མེད་པར་མ་ཟད། དེ་ལས་ལྡོག་སྟེ། སློབ་གཉེར་བ་ཚོར་འཇིགས་སྐུལ་དང་ལྕག་ཚན་རྐྱང་རྐྱང་གི་བཙན་འདེད་བྱས་དང་བྱེད་ཀྱིན་པ་ནི། ་ཁོང་ཚོའི་ལུས་སྟེང་གི་རྨ་ཤུལ་རྙིང་པ་དང༌། ལྕག་ཚན་གྱི་གཟུགས་རྗེས་ནར་ནར་སོགས་མཐོང་བ་ཙམ་གྱིས་རྟོགས་ཐུབ་པ་ཞིག་རེད། དེ་ཡང་ནམ་རྒྱུན་གྲྭ་ཇ་མང་ཇ་ཚོགས་ཐེངས་རེར་ཉེས་མེད་སློབ་གཉེར་བ་ཚོར་ལྕག་ཚན་གྱིས་བྲབས་ནས་ངོ་གདོང་དང༌། མིག དཔུང་བ་སོགས་སུ་ཁྲག་དམར་ཙར་ཙར་བརྡོལ་ནས་རང་ཤག་ཏུ་བསྐྱོད་ཀྱིན་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་དང༌། ད་དུང་སློབ་གཉེར་བ་འགར་ལྕག་ཚན་གྱིས་བྲབས་པ་ཐལ་དྲགས་ཏེ་སྲོག་ཉེན་ལ་ཐུག་ནས་སྨན་ཁང་དུ་བསྐྱལ་བའང་ཡོད་ལ། མིག་དང་རྣ་ཅོག་སོགས་ལ་སྐྱོན་ཤོར་བ་དང༌།གཤག་བཅོས་གཏོང་དགོས་བྱུང་བ༌། གཤག་བཅོས་གཏོང་བར་དངུལ་གྱིས་མི་འདང་བའི་གྲྭ་རྐྱང་ཚོ་ངོ་མ་སྙིང་རེ་མི་རྗེ་ཨང༌། རྡུང་རྡེག་གཏོང་དགོས་པའི་རྒྱུ་རྐྱེན་བཙལ་དུས་ཧ་ཅང་ཉེས་པ་ཆེ་ན་གུང་གསེང་སོགས་སུ་དགོན་འདབས་ནས་རྐངརྩེད་སྤོ་ལོ་རེ་རྩེ་བའམ༌། ཡང་ན་ཚོགས་ནས་གྲོགས་པོ་ཕན་ཚུན་ལ་སྐད་ཆ་རེ་བཤད་པ་ཙམ་རེད།
་ དོན་ངོ་མ་སློབ་གཉེར་བ་ཞིག་འདི་ལྟར་རྡུང་རྡེག་ཅིག་ཅིའི་ཕྱིར་གཏོང་དགོས་སམ། བྱ་སྤྱོད་འདི་རབ་བྱུང་བ་ཞིག་གིས་བྱེད་སྟངས་ཕར་ཞོག དེ་རིང་ཁ་སང་འཛམ་གླིང་འདིའི་སྟེང་ན་གནོང་འགྱོད་དང༌།བཤག་སྡོམ་བྱ་ཡུལ་གྱི་སྡིག་སྒྲིབ་ལྕི་མོ་ཞིག་ཡིན་ན་ བྱམས་པ་དང༌། སྙིང་རྗེ་རྐྱང་རྐྱང་གི་ཁ་དབྱངས་འཐེན་པའྀ་འཇིག་རྟེན་ཞིག་ན་མ་བརྟག་རྒྱུན་འབྱམས་སུ་འགྲོ་བཞིན་པ་འདི་ཅི་ཞིག་མ་འགྲིག་པ་ཡིན་ནམ། འུ་ཐུག་ཐབས་ཟད་ཀྱི་བྱེད་སྟངས་འདིས་སློབ་གཉེར་བ་ཚོ་ཡང་འུ་ཐུག་ཐབས་ཟད་ཀྱི་ལས་ལ་སྦྱོར་གྱིན་ཡོད་ཅིང༌། གྲྭ་སའི་རིག་གནས་ཀྱི་མཁའ་དབུགས་དང་སློབ་གསོའི་མ་ལག་ཀྱང་འུ་ཐུག་ཐབས་ཟད་ཀྱི་གཡང་ལ་གཡུག་ཡོད།ཇི་ལྟར་གཡུག་པ་རེད་ཟེར་ན། ལྕག་ཚན་དེའི་ལྟག་རྒྱབ་ན་ཆེས་འཇིགས་སུ་རུང་བའི་སྒེར་གཅོད་ཀྱི་་སྣང་ཚུལ་དམར་ལྷང་ངེར་བཤམས་ཡོད་པས་གྲྭ་སའི་རིག་གནས་ཀྱི་ཕྱིར་དུ། སློབ་གཉེར་བའི་མདུན་ལམ་གྱི་སླད་དུ་བསམ་འཆར་གླེང་མཁན་གྱི་གྲྭ་རྐྱང་ལྷག་བསམ་ཅན་ཚོ་གྲྭ་ས་ནས་རྒྱང་འཕུད་གཏོང་བ་སོགས་བཤད་མི་ཚར་བའི་གནད་དོན་མང་བོ་མང་བོ་ཞིག་གྲྭ་ས་ནས་བཤད་མ་ཕོད། ཕྱི་ལོག་ནས་ཤེས་མ་ཐུབ་པར་མཐར་དུས་ཡུན་རིང་པོ་ཞིག་ཕྱིན་པ་མ་ཡིན་ནམ། དངོས་གནས་གྲྭ་ས་ན་གྲྭ་བའི་ཁ་གྲངས་མང་བ་ཙམ་ལས་ཅི་ཞིག་ལྷག་ཡོད། འདི་ན་༧གོང་ས་མཆོག་གི་ཐུགས་རེ་ཞིག་རྦད་དེ་ཆུ་ཟོས་སུ་འགྲོ་བཞིན་པ་ང་ཚོས་ཤེས་དགོས་པའི་གནད་དོན་གལ་ཆེན་ཞིག་དང༌། འཐུས་ཤོར་ཚབ་ཆེན་ཞིག་ཀྱང་ཅི་ལ་མིན།

ཕག་ལོ་བ ངས་ཁྱོད་ལ་འདྲི

བོད་ནས་ལྷམ་ཀོག་གིས
—————-

ཕག་ལོ་བ ངས་ཁྱོད་ལ་འདྲི
ཁྱོད་ཀྱིས་གསེར་ཁྲི་སེར་བོའི་ཡང་སྟེང་ནས་འཇིག་རྟེན་ལ་ལྟ་དུས
ཞོགས་པ་དང་ས་སྲོད་ལ་པོ་ཏྰ་ལའི་མཛེས་སྡུག་གི་རྒྱ་ཕིབས་མཐོང་དུས
ཁྱོད་ལ་སྐྱོ་བ་དང་སྡུག་བསྔལ་ཡོད་དམ

ཕག་ལོ་བ ངས་ཁྱོད་ལ་འདྲི
ཅི་བྱ་གཏོལ་བྲལ་གྱི་ལོ་ཟླ་རླུང་རླབས་ཀྱིས་དེད་ནས
ཁྱོད་ཀྱིས་འགྲོ་འདུག་སྤྱོད་གསུམ་བྱ་སྤུ་ལྟར་སྐྱོད་དུས
ཁྱོད་ནི་ཉམ་ཆུང་གི་བྱེའུ་ཁེར་འཕུར་ཞིག
དེ་དུས་གར་སོང་གི་གཞི་ནས་མཆི་མ་བཏོན་མྱོང་ངམ

ཕག་ལོ་བ ངས་ཁྱོད་ལ་འདྲི
ཁྱོད་རང་གཞི་ནས་ཕ་ཡུལ་གྱི་གཙང་ཆབ་དང་གྱེས་ནས
ཁྱོད་རང་གཞི་ནས་ཕ་ཡུལ་གྱི་ནམ་མཁའ་དང་བྲལ་ནས
སྐྱོ་ལྷིང་ལྷིང་གི་གཤོག་ཟུང་སྤོབས་པས་བརྐྱངས་ཏེ
རྒྱང་རིང་གི་གནས་མལ་དུ་ཆས་དུས
ཁེར་རྐྱང་གི་སྐྱོ་བ་རི་རབ་བཞིན་ལྕི་ཨང

ཕག་ལོ་བ ངས་ཁྱོད་ལ་འདྲི
ཁྱོད་ཀྱིས་སྡུག་བསྔལ་ཡོད་ཚད་འཛུམ་མདངས་ཀྱིས་བསུས་ཤིང
རྒྱང་རིང་གི་ས་མཐའ་དེ་ནས་ཕ་ཡུལ་དྲན་དུས
ཕ་ཡུལ་གྱི་གཉེན་ཉེ་དག་གི་སྨོན་ལམ་དང་གསོལ་འདེབས་ཀྱི་ཀློང་ན
ཁྱོད་ཉིད་སྒོམ་པའི་ངང་ཚུལ་དེ་ཡིད་ལ་ཤར་ཐེངས་རེར
ཁྱོད་ཀྱི་གོམ་ཁ་བྲེལ་བྲེལ་ཞིག་ཡིན་ནམ

ཕག་ལོ་བ ངས་ཁྱོད་ལ་འདྲི
འུ་ཅག་གི་བར་ཐག་འདི་རི་ཀླུང་དང་གཙང་བོས་བཅད་རུང
འུ་ཅག་གི་བར་ཐག་འདི་གཉའ་གནོན་དང་དྲག་སྤྱོད་ཀྱིས་བསྡམས་རུང
བརྩེ་བ་ནི་མཚོ་ལྟར་ཟབ་ཅིང དྲན་གདུང་ནི་མཁའ་ལྟར་ཡངས་པས
ཤི་ཡང་ཕྱི་མིག་ཅེར་ནས་བལྟ་ས་ཁྱོད་རང་ཡིན་ཞིང
གསོན་ན་མིག་ཟུང་གིས་གཏོད་ས་ཁྱོད་ཉིད་ཡིན་པས
ཁྱོད་རང་གཞི་ནས་ཁེར་རྐྱང་ཡིན་པའི་སྐྱོ་བ་དེ་ཞི་བར་མཛོད

ཕག་ལོ་བ ངས་ཁྱོད་ལ་འདྲི
ཁྱོད་ཀྱིས་སྐྲ་དཀར་གྱི་ཉག་མ་རེ་རེ་བཏུས་ནས
མིག་ཤེལ་ལ་གད་བརྡར་ཡང་ཡང་བྱས་ནས
ཕྱིར་ཕ་ཡུལ་དུ་འོང་བའི་ཉི་མ་དེ་ནམ་ཞིག་ཡིན་ནམ
ནམ་རྒྱུན་ཁྱོད་ལ་རེ་ཞིང་བསྒུགས་པའི་འདོད་དོན་དེ་ག་དུས་འགྲུབ་བམ
ནམ་རྒྱུན་ཁྱོད་རང་དྲན་ནས་ཕ་ཡུལ་གྱི་ནམ་མཁའ་ལ་མཆི་མ་འཁོར་ཡོད
ནམ་རྒྱུན་ཁྱོད་རང་དྲན་ནས་ཕ་ཡུལ་གྱི་ཁྱིམ་གཞིས་ལ་ཁ་བ་བབས་ཡོད

༄༅།། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་བགྲོ་གླེང་ཚོགས་ཆེན་ཐེངས་དང་པོའི་དབུ་འབྱེད་མཛད་སྒོར་བསྩལ་བའི་བཀའ་སློབ།

བོད་རྒྱལ་ལོ ༢༡༢༧ ལྕགས་ལོའི་ཟླ་ ༡༠ བའི་ཚེས་ ༡
ཕྱི་ལོ་༢༠༠༠ ཟླ་ ༡ ཚེས་ ༢༦ ཉིན་ནོར་གླིང་བདེ་ལྡན་གཙུག་ལག་ཁང་དུ།
་་་ ་་་ དངོས་ཡོད་གནས་ཚུལ་ལ་ཁམས་ཕྱོགས་ཀྱི་རྒྱ་སྡེའི་ཁོངས་ཀྱི་ས་ཆ་དེ་དག་ལ་དགའ་ལྡན་ཕོ་བྲང་དང་འབྲེལ་བ་དེ་ཙམ་མེད་བསྡད་དུས་བསམ་བློའི་ནང་ལ། ངས་སྔོན་མ་ནས་བཤད་བསྡད་ཡོད་རྒྱ་སྡེའི་ཁོངས་ཀྱི་ཁམས་པ་ཚོས་དགའ་ལྡན་ཕོ་བྲང་ལ་བལྟ་སྟངས་དེ་དབུས་གཙང་ཁུལ་གྱི་ལྟ་སྟངས་འདྲ་ཞིག་ཡོད་ཀྱི་མ་རེད། དེར་ཁག་ཡོད་པ་མ་རེད། ལོ་རྒྱུས་ཐོག་ནས་གནས་ཚུལ་ཞིག་ཆགས་བསྡད་ཡོད་རེད། སྔ་མ་ནས་ཞུ་གྱིན་ཡོད། འབྲི་ཆུའི་ཤར་རྒྱུད་ཀྱི་ལི་ཐང་ཡིན་ནའང་འདྲ་འདུག བཞད་མོ་བཞད གང་ལྟར་འབྲི་ཆུའི་ཤར་རྒྱུད་ཀྱི་ཁམས་པ་དེ་ཚོའི་གྲས་སྤྱིར་བཏང་དགའ་ལྡན་ཕོ་བྲང་ལ་ཞེ་དྲག་རང་སེམས་ཐག་མི་ཉེ་བ་ཆབ་སྲིད་ཀྱི་ཐོག་ནས་ཁ་བྲལ་བཞག་པ་ཡིན་ཙང༌། དེའི་རྐྱེན་གྱིས་གཅིག་རེད། གཉིས་ནས་ལི་ཐང༌། འབའ། ཏྲེ་ཧོར་དེ་ཚོའི་གྲས་དེ་མང་པོ་ཞིག་རྒྱ་སྡེའི་ཁོངས་ལ་ཡོད་པ་རེད་དེ། དགེ་ལུགས་པའི་དགོན་པ་དེ་ཚོ་དགའ་ལྡན་ཕོ་བྲང་དང་དམིགས་བསལ་འབྲེལ་བ་ཞིག་ཡོད་དེ། གདན་ས་སེ་འབྲས་དགེ་གསུམ་དང༌། རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་ངོས་ནས། གང་ལྟར་ཆབ་སྲིད་ཀྱི་གནས་སྟངས་འོག་ནས་རྒྱ་སྡེ་རེད་དེ། ཆོས་ཕྱོགས་ཀྱི་གནས་སྟངས་འོག་ནས་དགའ་ལྡན་ཕོ་བྲང་དང་ཞེད་པོ་ཞིག་འབྲེལ་བ་ཆགས་ཡོད་སྟབས་མི་འདྲ་བ་ཞིག་ཡོད་པ་རེད། རྒྱ་སྡེའི་ཁོངས་ཀྱི་ས་ཆ་གཅིག་པ་ཡིན་པ་ཞིག་ལ་བཀའ་བརྒྱུད་ཤུགས་ཆེར་ཡོད་ས། ས་སྐྱ་ཤུགས་ཆེར་ཡོད་ས། རྙིང་མ་ཤུགས་ཆེ་ཡོད་ས། ཆོས་ཕྱོགས་ཀྱི་ཐོག་ནས་ཀྱང་འབྲེལ་བ་དེ་ཡང་ཞེ་དྲག་མེད་བྱས། ཆབ་སྲིད་ཀྱི་ཐོག་ནས་རྒྱ་སྡེའི་ཁོངས་བྱས། དེ་འདྲ་ཡིན་ཙང་ཏོག་ཙམ་ཐག་རིང་པོ་ཞིག་བྱུང་བ་རེད། ་་་ ་་་
་་་་་ རྐང་ལམ་དྲ་བ་ལས་བཤུས།

མི་རིགས་འཚོ་གནས་ཀྱི་གཞི་རྩའི་དགོས་མཁོར་གཞིགས་པའི་བསམ་བློའི་དཔྱད་གླེང་།

ཤིས་ཚང་ལྗང་མྱུག
——————
ངའི་ནུ་བོས་འཕྲིན་ཡིག་ཅིག་ཏུ་”ལུས་ ཀྱི་རྩ་ལམ་ན་དྲག་ཏུ་རྒྱུ་བའི་ལ་རྒྱའི་ཞེན་ཁོག་འདིའི་དབང་གིས་རང་ཉིད་ཀྱིས་ ཅི་ཡང་མ་འཁྱོངས་ནའང་མི་རིགས་ཀྱི་བདེ་སྡུག་ལ་སེམས་ཁུར་བྱེད་རྒྱུ་ནི་འགོག་ ཐབས་མེད་པ་ཞིག་རེད་”ཅེས་ བཤད་པ་བཞིན་ཁོ་བོར་ཡང་བསམ་བློའི་འབྱོར་ཕྱུག་དང་ཤེས་ཡོན་ཆུ་ཚད་སོགས་ཀྱིས་ཇི་ ལྟར་གཉོམ་ནའང་ཆག་འཇིག་གི་འགག་རྩ་ན་ཧ་ཅང་ཉམ་ཐག་པའི་བོད་མི་རིགས་ཀྱི་ལས་དབང་ ནི་ང་ལ་མཚོན་ན་ལྗིད་ཏིག་ཏིག་གི་སེམས་ཁུར་ལྷག་མ་ཞིག་ཏུ་བརྟས་པས་ང་ནམ་ཡང་འདི་ ལྟ་བུའི་བསམ་གཞིགས་ཤིག་གི་བྲན་གཡོག་ཏུ་མི་འགྲོ་རང་དབང་བྲལ་ལ། ད་དུང༌། གཡས་དང་གཡོན། རྒྱབ་དང་མདུན་སོགས་ནས་མི་རིགས་འདིའི་འཚོ་གནས་དང་འབྲེལ་བའི་ལན་མི་ཐེབས་པའི་ དྲི་བ་སྣ་ཚོགས་ཚོགས་ཤིག་འུ་ཚོ་ཐུན་མོང་གི་མིག་མདུན་དུ་ཁ་བ་བཞིན་བར་མེད་དུ་ བབས་པ་ན་དུས་དེར་ཁོ་བོས་ཀྱང་བསམ་གཞིགས་ཀྱི་གྲང་ངར་དང་བསྡོངས་ཏེ་སོར་མོའི་ འདུ་བྱེད་ལ་འོ་བརྒྱལ་རེ་མི་བསྐུལ་ཐབས་མེད་རེད། དེ་བས་དེ་རིང་ཡང་འདིར་”མི་རིགས་འཚོ་གནས་ཀྱི་གཞི་རྩའི་དགོས་མཁོ་ངོས་འཛིན་དང༌། དེ་རིགས་སྲུང་སྐྱོབ་ཐབས་ལམ་”ཞེས་ གནད་ཚ་བའི་བརྗོད་གཞི་བྱེ་བྲག་པ་ཞིག་གི་འགོ་བརྗོད་འདི་མཐོང་འཕྲལ་ངས་སླར་ཡང་ ཀློག་མཁན་ཁྲི་སྟོང་གི་སྤྱན་ལམ་དུ་སྨྱུ་གུའི་བྲོ་གར་ཞིག་འཁྲབ་དགོས་བྱུང༌།

དང་བོ། མི་རིགས་འཚོ་གནས་ཀྱི་གཞི་རྩའི་དགོས་མཁོ་ངོས་བཟུང་སྟེ། དེ་ཇི་ལྟར་མི་རིགས་འཚོ་གནས་ཀྱི་
དགོས་མཁོར་སྒྲུབ་པ།
མི་སུ་ཞིག་གིས་ང་ལ་ཐད་ཀར་ མི་རིགས་འཚོ་གནས་ཀྱི་གཞི་རྩའི་དགོས་མཁོ་གང་ཡིན་ཞེས་པའི་དྲི་བ་འདི་བཏོན་ཚེ་ ངས་ཚམ་ཚོམ་མེད་པར་སྐད་ཡིག་སྲུང་སྐྱོབ་རེད་ཅེས་ལན་འདེབས་བྱེད་པར་སྤོབས། དེ་ཡང་སྐད་ཡིག་ཅེས་པའི་སྐད་ནི་སྐད་ཆ་དང་ཡིག་ནི་ཡི་གེ་ལ་གོ་དགོས་ལ། ཡང་”སྐད་ཆ་ནི་མི་རིགས་གཅིག་མཐུད་ཀྱི་སྒྲོག་ཐག་ཡིན་ལ། མི་རིགས་ནི་སྐད་ཆ་གནས་བྱེད་ཀྱི་གཞི་གདན་ཡིན།” ཡི་གེ་ནི་མི་རིགས་དེའི་ཆོས་ལུགས་དང་ཆབ་སྲིད། རིག་གནས་སོགས་ཀྱི་གཞི་རྩའི་མ་ལག་ལྟ་བུ་ཡིན་པས་”མི་ རིགས་ཟེར་བ་འདི་ཟོག་དང་ར་ལུག་ལྟར་རིགས་རྒྱུད་ཁོ་ནས་ཕྱེ་བ་མིན་ལ། སྐད་ཡིག་རིག་གནས་དང༌། དེ་ལ་བརྟེན་པའི་གོམས་གཤིས་ལྟ་སྤྱོད་ཐུན་མོང་མ་ཡིན་པ་ལས་ཕྱེ་བ་ཡིན་”ཕྱིར་ སྐད་ཡིག་སྲུང་སྐྱོབ་ནི་མི་རིགས་གང་དང་གང་ཡིན་རུང་རང་ཉིད་འཚོ་གནས་ཀྱི་གཞི་ རྩའི་དགོས་མཁོ་དང་རང་ཉིད་མི་རིགས་གཞན་དང་ཐུན་མིན་དུ་དགར་བྱེད་ཀྱི་མཚོན་ རྟགས་གསལ་བོ་ཞིག་ཡིན་པ་བསྙོན་མེད་དུ་གདའ། གཞིས་བཞུགས་མཁས་དབང་དོར་ཞི་རིན་པོ་ཆེས། ”བོད་ སྐད་དང་བོད་ཡིག་དེ་བོད་མི་རིགས་ལ་མཚོན་ན་མེད་དུ་མི་རུང་བའི་མི་རིགས་ཀྱི་ རྟགས་མཚན་དང་རིག་གནས་ཀྱི་གཞི་རྩ་ཡིན་ལ། སྐད་ཡིག་རིག་གནས་འདི་ཉམས་སོང་ན་མི་རིགས་ཀྱང་རྩ་བ་ནས་ཉམས་འགྲོ་བ་རྒྱལ་ཁབ་ ཕྱི་ནང་གི་ལོ་རྒྱུས་ཉམས་མྱོང་དང༌། གཞུང་ལུགས་སྟེང་ནས་ངེས་ཐུབ་པ་ཡིན་”ཞེས་ གསུངས་པའང་སྐད་ཡིག་འདི་མི་རིགས་འཚོ་གནས་ཀྱི་གཞི་རྩར་དགོངས་ཏེ་གསུངས་པ་མ་ ཡིན་ནམ། ང་ཚོས་རང་ཉིད་ཀྱི་སྐད་དང་ཡི་གེ་ལ་བརྩི་འཇོག་བྱེད་པའམ་མཐོང་ཆུང་བྱེད་པ་དེ་ ནམ་ཡིན་ཡང་མི་རིགས་རང་ཉིད་ལ་བརྩི་འཇོག་བྱེད་པ་དང༌། ཡང་ན་མཐོང་ཆུང་བྱེད་པར་ལྟ་བ་ཡིན་པས་གལ་ཏེ་སྐད་ཡིག་མེད་ན་དེའི་མི་རིགས་དེའང་ མིང་གི་ལྷག་མ་ཙམ་དུ་གྱུར་འགྲོ་བ་ཧ་ཅང་གསལ་བོ་ཡིན། མི་རིགས་གང་དང་གང་ཡིན་རུང་འབྱུང་འགྱུར་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ སྟེང་ཡུན་རིང་འཚོ་ཞིང་གནས་དགོས་ཚེ་རང་གི་སྐད་ཡིག་རིག་གནས་དེ་སྲུང་སྐྱོབ་ འཕེལ་རྒྱས་གཏོང་དགོས། འདིའི་ཐད་ྋཀུན་གཟིགས་པཎ་ཆེན་རིན་པོ་ཆེས། ”སྐད་ ཡིག་སོགས་མི་རིགས་ཀྱི་ཁྱད་ཆོས་གཙོ་བོ་རྣམས་འཕེལ་རྒྱས་འགྲོ་ཐུབ་ཚེ་མི་རིགས་ འདི་གཞི་ནས་གནས་ཐུབ་པ་དང་འཕེལ་རྒྱས་འགྲོ་ཐུབ་རྒྱུ་རེད། དེ་ལས་ལྡོག་སྟེ་མི་རིགས་ཀྱི་སྐད་ཡིག་སོགས་ཁྱད་ཆོས་རྣམས་མེད་པར་གྱུར་ཚེ། མི་རིགས་དེ་གནས་ཐབས་དང་འཕེལ་རྒྱས་ཡོང་མི་ཐུབ”ཅེས་དང༌། སི་ཏ་ལེན་གྱིས་ཀྱང༌། ”མི་ རིགས་ཤིག་ལོ་རྒྱུས་སྟེང་ཡུན་རིང་གནས་དགོས་ན་དེའི་སྐད་ཡིག་བཀོལ་སྤྱོད་དང་ འཕེལ་རྒྱས་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན་སྔོན་ལ་མི་རིགས་ དེ་གའི་སྐད་ཡིག་དེ་བཀོལ་སྤྱོད་མེད་པ་བཟོས་ན་མི་རིགས་རང་བཞིན་དུ་མེད་པར་ འགྲོ་སྲིད།”ཅེས་ མི་རིགས་དར་རྒུད་ཀྱི་རྩ་བ་སྐད་ཡིག་ལ་ཐུག་ཡོད་པར་གླེང་བ་འདི་དག་གིས་ཀྱང་གོང་ དུ་བརྗོད་པའི་མི་རིགས་འཚོ་གནས་ཀྱི་གཞི་རྩའི་དགོས་མཁོ་སྐད་ཡིག་སྲུང་སྐྱོབ་ ཡིན་པ་རྩོད་མེད་དུ་བསྟན་འདུག་གོ།
Read the rest of this entry »

ཁ་བ་འབབ་ཐེངས་རྗེས་མ་དང་འདྲ་པར་འཇོག་ཐེངས་མཐའ་མ།


ང་ཚོ་ཡར་ཡར་འགྲོ་དུས། །ཁ་བ་མར་མར་བབས་བྱུང་། །

ཁ་བ་བབས་པས་ཡག་བྱུང་། །ཁ་ཤུལ་ཉི་མ་དྲོ་བྱུང་། །
མདང་དགོང་གྲོགས་པོ་ཞིག་ལ་ཁས་ལེན་བྱས་པ་བཞིན་འདི་གའི་མཚོ་ལྗང་ཁུའི་ཁ་བའི་ཁྲོད་ཀྱི་འདྲ་པར་འདི་ད་ལྟ་འདིར་འཇོག་དགོས་བྱུང་སོང་ལ། ས་ཆ་འདི་ལ་ལོ་ངོ་སུམ་ཅུའི་རིང་ལ་འབབ་མ་མྱོང་བའི་ཁ་བ་མཐུག་པོ་ཞིག་བབས་རྐྱེན་མི་རྣམས་ཀྱི་སེམས་ནང་དགའ་འཇིགས་ཀྱི་ཚོར་བ་མི་འདྲ་བ་སྣ་ཚོགས་ཤིག་བསྐྱེད་འདུག་ལ། རྒྱལ་སྤྱིའི་གནམ་ཐང་ཡང་མདང་དགོང་སྒོ་བརྒྱབ་ནས་ལོ་གསར་ཆེད་ཕྱོགས་བསྐྱོད་འགྲུལ་བ་སྟོང་ཕྲག་ཙམ་གནམ་ཐང་ནང་ལོགས་སུ་ལྷགས་པའི་དཀའ་ངལ་ཆེན་པོ་ཞིག་དང་འཕྲད་འདུག ཁ་བའི་འདྲ་པར་སྤེལ་མཚམས་འདི་ནས་འཇོག་གི་ཡིན།