Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྷ་དང་ལྷ་ཡུལ་ལས་འཕྲོས་པའི་གཏམ།

Posted on 2009-07-27 By dhatsenpa 16 Comments on ལྷ་དང་ལྷ་ཡུལ་ལས་འཕྲོས་པའི་གཏམ།

མགོན་པོ་ཕྱག་གཉིས་པས།
དེ་རིང་ལྷ་དང་ལྷ་ཡུལ་དང་འབྲེལ་བའི་སྐད་ཆ་ཉུང་ཉུང་ཞིག་བཤད་ན་འདོད་བྱུང་། སྤྱིར་མ་རྙེད་པ་ལ་བརྟེན་ནས་མེད་ཅེས་བཤད་ན་དེ་ནི་ཚན་རིག་དང་མཐུན་པའི་སྐད་ཆ་ཞིག་མ་རེད། སྐད་ཆ་དྲང་མོ་ཞིག་བཤད་ན། ལྷ་དང་ལྷ་ཡུལ་ཡོད་མེད་ངས་མི་ཤེས། ཡིན་ན་ཡང་། ང་ཚོས་ད་བར་ག་རེ་ཤེས་ཡོད་པ་རེད་ཟེར་ན། འཛམ་གླིང་རིལ་རིལ་འདིའི་སྒང་རིག་གཞུང་དང་ཆོས་ལུགས་མི་འདྲ་བ་ལ་བརྟེན་ནས་ལྷ་དང་ལྷ་ཡུལ་ཡང་མི་འདྲ་བ་བྱུང་ཡོད་པ་དེ་ཤེས་ཐུབ་ཡོད་པ་རེད། དེར་མ་ཟད། ལྷ་དང་ལྷ་ཡུལ་དེ་ཚོ་རིག་གཞུང་དེ་དང་དེའི་ཁྱབ་ཁོངས་ཀྱི་མིའི་སྤྱི་ཚོགས་དེའི་སྣོད་བཅུད། འདོད་འདུན གོམས་སྲོལ་ ཆས་གོས ། དགའ་སྡུག་ཆགས་སྡང་ཚུད་ཆད་ནས་རིག་གཞུང་དེ་དང་སྤྱི་ཚོགས་དེས་བཟོས་བཞག་པ་འདྲ་བོ་ཞིག་ཡོད་པ་རེད།
གྷི་རིག་ལ་གྷི་རིག་གི་རིག་གཞུང་ལས་སྐྱེས་པའི་ལྷ་དང་། རྒྱ་གར་ལ་རྒྱ་གར་གྱི་ལྷ་དང་ལྷ་ཡུལ་ཡོད་པ་རེད། ང་ཚོ་བོད་ལ་གཞི་བདག་དེ་ཚོ་མ་གཏོགས་བོད་དྲི་བྲོ་བའི་ལྷ་དང་ལྷ་ཡུལ་ཡོད་པ་མ་རེད། ང་ཚོའི་ལྷ་དང་ལྷ་ཡུལ་དེ་ཚོ་རྒྱ་གར་དང་གཅིག་པ་རེད། ཚ་བའི་ཡུལ་གྱི་ལྷ་དེ་ཚོས་རས་རྐྱང་དང་སོར་གདུབ་རྐང་གདུབ་སོགས་རྒྱན་གོས་གོན་ཏེ་རྒྱ་གར་བ་འདྲ་བོ་ཡོད་པ་ལས་ལྷ་རྩག་གོན་བོད་པ་དང་འདྲ་བ་ཕལ་ཆེར་མེད་པ་འདྲ།
ནང་ཆོས་ཀྱི་ནང་གི་དག་ཞིང་དེ་ཚོའང་ནང་པའི་ཆོས་གཞུང་དང་མཐུན་པའི་དག་ཞིང་རྐྱང་རྐྱང་ཡིན་པ་ལས་ཁ་ཆེའི་ཆོས་དང་ཡེ་ཤེས་ཆོས་སོགས་དང་མཐུན་པའི་དག་ཞིང་ཞིག་མིན་པ་རེད།
ཡང་གཅིག་བཤད་ན། ལོ་རྒྱུས་ཀྱི་བྱུང་རབས་ལ་བརྟེན་ནས་ལྷའི་རྣམ་པ་ལའང་གདོད་མ་ནས་ད་བར་འཕེལ་འགྱུར་གང་འཚམས་བྱུང་ཡོད་པ་དེའང་ང་ཚོས་ཤེས་ཐུབ་པའི་དོན་དག་ཅིག་ཆགས་ཡོད་པ་རེད། དཔེ་བཞག་ན། ཆེས་གདོད་མའི་ལྷ་དེ་ཚོ་སྲོག་ཆགས་འདྲ་མིན་གྱི་རྣམ་པར་བཟུང་ཡོད་པ་དང་། དེ་ནས་རིམ་པས་འགྱུར་ཏེ་ཕྱེད་མི་དང་ཕྱེད་སྲོག་ཆགས་ཀྱི་རྣམ་པ་ཅན། དེ་ནས་མིའི་རྣམ་པ། མི་ལས་འདས་པ་བཅས་རིམ་འགྱུར་བྱུང་བ་རེད། དེར་མ་ཟད་མིའི་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དང་མཉམ་དུ་ལྷ་ཡུལ་ལ་ཡང་འཕེལ་རྒྱས་བྱུང་སྟེ་རང་བྱུང་ལ་གནས་པའི་ལྷ་ནས་ཁང་ཁྱིམ་སོགས་ལ་གནས་པའི་ལྷ། དེ་ནས་རིམ་པས་འགྱུར་ཏེ་སྣོད་བཅུད་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་ལྡན་པའི་མིའི་སྨོན་ཡུལ་གྱི་ལྷ་ཡུལ་ཞིག་བྱུང་བ་རེད།
ལྷ་ཡུལ་གྱི་སྣོད་བཅུད་དེའང་ང་ཚོ་མིས་ནམ་རྒྱུ་ཡིད་སྨོན་བྱེད་པའི་གསེར་དངུལ་མུ་ཏིག་གི་རིགས་དང་། སྐྱེད་མོས་ཚལ་ཡིད་དུ་འོང་བ། རིན་པོ་ཆེས་གྲུབ་པའི་གཞལ་ཡས་ཁང་སོགས་ཀྱིས་གྲུབ་ཡོད་པ་རེད། ཡང་སྟབས་ཉེས་པ་ཞིག་ལ། ང་ཚོ་མིའི་སྤྱི་ཚོགས་བཞིན་འཁྲུག་རྩོད་བྱེད་པ་དང་། བག་མ་གཏོང་ལེན་དང་རྐུ་འཕྲོག་གི་རིགས་དེ་མཚམས་མ་ཆད་པར་ཡོང་གི་ཡོད་པ་རེད། ཕྱོགས་མང་པོ་ཞིག་ནས་ལྷ་དང་ལྷ་ཡུལ་ལ་བལྟས་ཡོང་ན། མིས་བཟོས་བཞག་པ་ལྟ་བུ་ཞིག་མ་གཏོགས་ཡོད་པ་མ་རེད། ད་དཔེ་ཞིག་འཇོག ཁྱེད་རང་ལ་ཕྱི་ལོགས་སུ་བྱིས་པ་ཞིག་རྙེད་པའི་དབང་དུ་བཏང་ན། དེའི་ཤ་མདངས་དང་གཟུགས་དབྱིབས་སོགས་ནས་མི་རིགས་གང་ཞིག་ཡིན་པ་ཤེས་ཀྱི་ཡོད་པ་དང་། དེ་ནས་ཆོས་གོས་རྒྱན་ཆ་སོགས་ལ་བརྟེན་ནས་རྒྱལ་ཁབ་གང་ཞིག་ཡིན་པའང་ཤེས་པ་རེད། དེ་ནས་ཁྲག་སོགས་ལ་བརྟག་དཔྱད་བྱས་ཏེ་ཕ་མའང་ཤེས་པ་རེད། དེ་ལྟ་བུ་རེད། ལྷ་དང་ལྷ་ཡུལ་གྱི་ཕ་ཁུངས་མ་ཁུངས་མིའི་སྤྱི་ཚོགས་ཡིན་པ་དེ་རིགས་པ་དང་རྒྱུ་མཚན་གཅིག་པོ་ལ་བརྟེན་པ་མིན་པར་དཔང་རྟགས་ལའང་བརྟེན་ཡོད་པ་རེད།
ད་ཕྱོགས་གཞན་ཞིག་ནས་བལྟས་ཡོང་ན་ ་་ཚན་རིག་དང་མི་མཐུན་པའི་ཆོས་ལུགས་་ ཚོ་ཨ་ཅང་ཅང་ང་ཚོའི་ ་་ཚན་རིག་དང་དཔུང་བ་མཉམ་གཤིབ་བྱེད་ཐུབ་པ་་ ནང་ཆོས་ཀྱི་གཞུང་དུའང་བདེ་བ་ཅན་གྱི་ཞིང་ཁམས་མང་པོ་ཞིག་ཆགས་སྟངས་དང་། ཁ་ཕྱོགས་སོགས་གསལ་བོ་བཀོད་ཡོད་པས་དེ་ཡོད་པ་མ་རེད་ཟེར་ཅི་ལ་ཐུབ། དམྱལ་བ་མནར་མེད་སོགས་ཀྱང་ས་འོག་རིམ་པ་དཔག་ཚད་ཅིག་ཅིག་ཅིག་ཟེར་ནས་ལོ་ཚད་དང་བཅས་བཤད་ཡོད་པ་རེད། ད་ཚན་རིག་དེ་ཡར་རྒྱས་ཀྱི་རྩེ་མོར་མ་སོན་ན་ཤེས་ཁ་དཀའ་རྒྱུ་རེད་གོ དམྱལ་ཁམས་དེ་གཏིང་རིང་དྲགས། ལྷ་ཡུལ་དེ་མཐོ་དྲགས། རིག་གཞུང་གི་ཁྱབ་ཁོངས་རེར་ལྷ་ཡུལ་རེ་དང་དམྱལ་ཁམས་རེ།
ད་སྙིང་རྗེ། ཚན་རིག་པ་ཚོས་དཀའ་རྒྱུ་རེད་ཡ།

གསར་འགྱུར།

Post navigation

Previous Post: མི་རྒྱུ་གཉིས་ཀ་བཅོམ་སོང་། རོགས་རམ་བྱེད་རོགས།
Next Post: རི་བོང་གི་གདུང་འབོད།

Comments (16) on “ལྷ་དང་ལྷ་ཡུལ་ལས་འཕྲོས་པའི་གཏམ།”

  1. ཚངས་དབྱངས། says:
    2009-07-27 at 7:27 pm

    མགོན་པོ་ཕྱག་གཉིས་པའི་སྐད་ཆ་ལ་བྲོ་བ་འདུག

    དེ་སྔོན་རྒྱ་གར་ལ་རྒྱལ་བ་རིན་པོ་ཆེས་གསུངས་ཆོས་གནང་བའི་སྐབས་ལ་འདི་ལྟར་གསུངས་སོང་། དེ་མགོན་པོ་ཕྱག་གཉིས་ཀྱི་སྐད་ཆ་དང་འབྲེལ་བ་འདུག་གམ།

    “འོ་ད་སྔོན་མ་ང་ཚོས་དམྱལ་བ་ཟེར་དུས། རྡོ་རྗེ་གདན་གྱི་གཏིང་ལ་མར་དཔག་ཚད་གང་ཙམ་ཞིག་འདེད་ན་དམྱལ་བ་ལ་སླེབས་ཀྱི་ཡོད་པའི་སྐད་ཆ་བཤད་ཀྱི་ཡོད། འདི་རྙོག་འདྲ་རེད། ང་ཚོས་རྡོ་རྗེ་གདན་ལ་ཨི་ཁུང་སྦིག་ནས་དཔག་ཚད་སྟོང་གཅིག་ཙམ་ཕྱིན་ན། ཨ་རིར་སླེབས་ཀྱི་ཡོད། ས་གཞི་རིལ་མོ་གོར་མོ་སོང་སྟབས། ག་ནས་ཨི་ཁུང་སྦིག་ནའི་དེའི་ཁ་སྤྲོད་ཀྱི་ས་ལས་འཐོན་པ་ལས། འཇིག་བརྟེན་གཞན་ཞིག་ལ་སླེབས་ཀྱི་མེད། དམྱལ་བ་ཟེར་བ་ག་པར་ཡོད་རེད་ཟེར་ན། ད་མཛུབ་མོ་བཙུགས་ས་མིན་འདུག།”གསུངས།

    ད་དུང་། “སྔོན་མ་ཟླ་བ་ཟེར་ན། གནས་གཙང་མ། འོད་དཀར་པོ་དང་། བསིལ་བུ། འཇམ་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཉེ་འཆར་ཚན་རིག་པ་ཟླ་བའི་ནང་ལ་བསྐྱོད་མྱོང་བ་དེ་ཚོའི་དཔར་དང་གློག་བརྙན་ལ་བལྟས། ཁོང་ཚོ་མཉམ་དུ་བགྲོ་གླེང་བྱེད་དུས། ཟླ་བའི་འོད་དཀར་པོ་འདི། ཉི་མས་ཟླ་བ་ལ་ཕར་བརྒྱབ་པའི་འོད་ལས་ཟླ་བ་ལ་འོད་མིན་འདུག ཉི་མ་མེད་ན་ཟླ་བ་ནག་ཁུངས་ནག་ཀྱང་རེད། ད་དུང་ཟླ་བ་དེ་ཐལ་གོང་། ས་སྐམ་པོ་མི་ཁྱོན་ནས་སྡོད་མ་ཐུབ་པའི་མྱང་ངམ་ཐང་ཞིག་ཡིན་པ་གསལ་པོ་རེད། གཞན་ཕར་འཇོག དེའི་སྟེང་ལ་སླེབས་དུས་དབུགས་འཐེན་ཐུབ་ཀྱི་མེད། ད་ངེད་ཚོས་ཟླ་བ་ཟེར་རྩ་ཆེན་པོ་ཞིག་དང་། གནས་སྐྱིད་པོ་ཞིག་ལ་ངོས་འཛིན་བྱས་པ་འདི་ནོར་འདུག ཁས་ལེན་མ་བྱས་ཐབས་མེད་རེད།”

    ད་ང་ལ་འདྲི་བ་ཞིག་ཡོད་པ་ནི། ལྷ་ཡུལ་དངོས་སུ་མཐོང་ཐུབ་མཁན་གྱི་མི་བྱུང་ཡོད་དམ། ཁོང་ཚོས་ལྷ་ཡུལ་དེ་ཇི་ལྟར་འགྲེལ་བཤད་རྒྱག་གམ། ལྷ་རྣམས་སྐྱག་གཅིན་གཏོང་ཨེ་དགོས། ཆགས་པ་བྱེད་ཨེ་དགོས། འདི་འདྲི་བ་ཆུང་ཆུང་ཞིག་ཡིན།

  2. འབྲོང་རྒོད། says:
    2009-07-27 at 7:56 pm

    ཨོ་ཧ་བོ། ཡང་ཚངས་དབྱངས་ཡིན་ན་འདིས་ཞབས་འདྲེན་རོ་འདྲ་ཞིག་ཞུས་འདུག ལྷ་རྣམས་སྐྱག་གཅིན་གཏོང་ཨེ་དགོས། ཆགས་པ་བྱེད་ཨེ་དགོས། འདི་འདྲི་བ་ཆུང་ཆུང་ཞིག་ཡིན་ཞེས་ཞེ་བོ་ཞིག་བཤད་ཡོད་མདོག་ལ། དྲིན་ཆེན་པོ། མངོན་པ་མཛོད་ལ་ལྟོས་དང་ཁྱོད་ཀྱིས་དྲི་བ་མ་བཏང་གོང་གི་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ནས་འདི་ཞིབ་ཚགས་པོར་བཤད་ཚར་ཡོད་པ་རེད། ཁྱོད་ཀྱིས་ད་དུང་མཐོང་མེད་དམ།

  3. ཚངས་དབྱངས། says:
    2009-07-27 at 8:16 pm

    འབྲོང་རྒོད་པོ། མངོན་པ་མཛོད་སུས་བྲིས་པ་རས། 

  4. གཞོན་ནུ། says:
    2009-07-27 at 8:34 pm

    དེ་ངོ་མ་རེད།   ཚངས་དབྱངས་བས་ད་དུང་སློབ་སྦྱོང་གནང་དགོས་ཀྱི་འདུག
    རང་རེའི་དུས་འཁོར་རྒྱུད་དུ་ཟླ་བ་ལ་འོད་མེད་ཅིང་།   ཡར་ངོས་ཀྱི་ཟླ་འོད་ནི་ཉི་མའི་འོད་ཟླ་བར་ཕོག་པ་ཡིན་ལ།   ཚེས་བཅོ་ལྔར་ཉི་ཟླ་གཉིས་ཁ་ཐད་དུ་འཆར་བས་ཉི་འོད་ཟླ་བ་ཧྲིལ་བོར་ཕོག་པ་རེད།   བལྟས་ཚོད་ལ་མར་ངོས་སྐབས་ཟླ་བ་ཆུང་ངུར་སོང་སྟེ་གནམ་སྟོང་ལ་ཅི་ཡང་མེད་པ་ནི།   ཉི་འོད་ཟླ་བའི་ཐོག་ནས་རིམ་གྱིས་ཡལ་བས་ཟླ་བ་མཐོང་མ་ཐུབ་པ་ཡིན་ཚུལ་སོགས་རྒྱས་པར་གསུངས་ཡོད་པ་མ་ཟད།   ད་དུང་ཟླ་བའི་དབྱིབས་དང་རྣམ་པ་སོགས་དེང་དུས་ཚན་རིག་པས་བཤད་པ་དང་གཅིག་མཚུངས་ཡིན་པ་མ་ཤེས་སམ།   སྐུ་ཉིད་ཀྱིས་དུས་འཁོར་རྒྱུད་ཀྱི་དཔེ་ཆ་མཇལ་མ་མྱོང་བ་འདྲ།   
    དེ་ནི་རིགས་པས་ཀྱང་གྲུབ་སྟེ།   གལ་ཏེ་ཟླ་བར་རང་འོད་ཡོད་ན།   ཅིས་ཕྱིར་ཡར་ངོས་ལ་ཟླ་འོད་ཡོད་ཅིང་།   མར་ངོས་ལ་མེད་པ་རེད།   འདི་ཟླ་བ་རང་ངོས་ནས་འོད་ཅིང་།   ཟླ་འོད་ཉི་འོད་ཡིན་པའི་རྒྱུ་མཚན་ཡང་དག་ཡིན་ནོ།།
       

  5. གཞོན་ནུ། says:
    2009-07-27 at 8:34 pm

    དེ་ངོ་མ་རེད། ཚངས་དབྱངས་བས་ད་དུང་སློབ་སྦྱོང་གནང་དགོས་ཀྱི་འདུག
    རང་རེའི་དུས་འཁོར་རྒྱུད་དུ་ཟླ་བ་ལ་འོད་མེད་ཅིང་། ཡར་ངོས་ཀྱི་ཟླ་འོད་ནི་ཉི་མའི་འོད་ཟླ་བར་ཕོག་པ་ཡིན་ལ། ཚེས་བཅོ་ལྔར་ཉི་ཟླ་གཉིས་ཁ་ཐད་དུ་འཆར་བས་ཉི་འོད་ཟླ་བ་ཧྲིལ་བོར་ཕོག་པ་རེད། བལྟས་ཚོད་ལ་མར་ངོས་སྐབས་ཟླ་བ་ཆུང་ངུར་སོང་སྟེ་གནམ་སྟོང་ལ་ཅི་ཡང་མེད་པ་ནི། ཉི་འོད་ཟླ་བའི་ཐོག་ནས་རིམ་གྱིས་ཡལ་བས་ཟླ་བ་མཐོང་མ་ཐུབ་པ་ཡིན་ཚུལ་སོགས་རྒྱས་པར་གསུངས་ཡོད་པ་མ་ཟད། ད་དུང་ཟླ་བའི་དབྱིབས་དང་རྣམ་པ་སོགས་དེང་དུས་ཚན་རིག་པས་བཤད་པ་དང་གཅིག་མཚུངས་ཡིན་པ་མ་ཤེས་སམ། སྐུ་ཉིད་ཀྱིས་དུས་འཁོར་རྒྱུད་ཀྱི་དཔེ་ཆ་མཇལ་མ་མྱོང་བ་འདྲ།
    དེ་ནི་རིགས་པས་ཀྱང་གྲུབ་སྟེ། གལ་ཏེ་ཟླ་བར་རང་འོད་ཡོད་ན། ཅིས་ཕྱིར་ཡར་ངོས་ལ་ཟླ་འོད་ཡོད་ཅིང་། མར་ངོས་ལ་མེད་པ་རེད། འདི་ཟླ་བ་རང་ངོས་ནས་འོད་ཅིང་། ཟླ་འོད་ཉི་འོད་ཡིན་པའི་རྒྱུ་མཚན་ཡང་དག་ཡིན་ནོ།།

  6. གཞོན་ནུ། says:
    2009-07-27 at 8:37 pm

    ནོར་བཅོས།   འདི་ཟླ་བ་རང་ངོས་ནས་འོད་ཅིང་། འདི་ཟླ་བ་རང་ངོས་ནས་འོད་མེད་ཅིང་། ཞེས་ནོར་བཅོས་བྱས་པ་ཡིན།

  7. འབྲོང་རྒོད། says:
    2009-07-27 at 8:37 pm

    ཚངས་དབྱངས།    གནའ་སྔ་མོ་རྒྱ་གར་ན་སློབ་དཔོན་ཆེན་པོ་དབྱིག་གཉེན་ཟེར་བའི་ནང་པའི་ཆོས་ལ་མཁས་པའི་པཎ་ཊི་ཏ་ཞིག་བྱོན་མྱོང་བ་རེད། མངོན་པ་མཛོད་ཟེར་བ་དེ་དེས་བྲིས་པ་རེད། ཡིན་ན་ཡང་དེའི་སྔོན་ལ་སངས་རྒྱས་ཟེར་བ་ཞིག་བྱོན་ནས་སྡེ་སྣོད་གསུམ་ཟེར་བའི་ཆོས་གསུངས་པ་རེད། མངོན་པ་མཛོད་ཟེར་བ་དེ་སྡེ་སྣོད་གསུམ་གྱི་ནང་གི་མངོན་པའི་སྡེ་སྣོད་ཟེར་བ་དེའི་དགོངས་འགྲེལ་གྱི་བསྟན་བཅོས་རེད། དགོངས་དག    ངའི་ཚིག་འདི་དག་ཁྱོད་ལ་མཁྲེག་རྒྱུ་མང་དྲག་འདུག་ཡོད་ངེས་རེད་མོད། བོང་བུ་ཞིག་གིས་བལྟས་ཀྱང་ཤེས་རྒྱུ་ཞིག་ངས་འབྲི་མི་ཤེས་པས་དགོངས་དག་ཞུ་བ་ཡིན།

  8. ཚངས་དབྱངས། says:
    2009-07-28 at 9:34 am

    རྒན་འབྲོང་རྒོད་ལགས། ཐུགས་རྗེ་ཆེ། ཁྱེད་རང་གི་འགྲེལ་བ་འདི་གསལ་པོ་འདུག ཁྱེད་ཀྱིས་མངོན་པ་མཛོད་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་སྡེ་སྣོད་གསུམ་ནང་གི་ཡ་གྱལ་མངོན་པའི་སྡེ་སྣོད་ཀྱི་འགྲེལ་བ་རེད་གསུངས་འདུག བྱས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མངོན་པ་མཛོད་འདི་དུས་ཚོད་ག་དུས་བརྩམས་སམ། སྐད་ཡིག་ག་རེའི་ནང་དེབ་འདི་བྲིས་པ་རས། 

  9. ཚངས་དབྱངས། says:
    2009-07-28 at 9:35 am

    ནོར་བཅོས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མངོན་པའི་སྡེ་སྣོད་དེ་ག་དུས་བརྩམས་པ་རས།

  10. རྩེ་རྒྱལ་ says:
    2009-07-28 at 1:26 pm

    ཚངས་དབྱངས་ཀྱི་དྲི་བ་ལ་རྒྱུ་མཚན་འདུག ང་ཚོས་བདེན་པ་ཁུངས་ལ་གཏུགས་རྒྱབ་བརྟེན་བྲག་ལ་བཅའ་དགོས་པ་ལས། ནང་པ་ཁ་ལ་ཁྱེར་ནས་ང་རོའི་འབྲུག་སྟོང་ལྡིར་བ་ལ་བྱིས་པ་རྣམས་མགོ་འཁོར་ཏེ་ཧོན་འཐོར་སྲིད་ཀྱང༌། མྱོང་ལྡན་གྱི་རྒན་རབས་གང་ལ་ཡང་ངོ་མཚར་བའི་དོན་ཞིག་འབྱུང་དཀའ།

  11. ཀླུ་སྨྱོན། says:
    2009-07-28 at 9:28 pm

    གོང་ས་མཆོག་གིས་མངོན་པ་མཛོད་ལས་སེམས་ཀྱི་སྐོར་དེ་ཚོ་གསུངས་རྗེས་འཇིག་རྟེན་ཁམས་ཀྱི་རྣམ་གཞག་དེ་ཚོ་མ་གསུངས་ན་སྙམ་པ་ཞིག་འབྱུང་གི་ཞེས་ཡང་ཡང་གསུངས་འདུག འདིའི་སྐོར་དྲ་གྲོགས་ཚོར་དགོངས་གཞི་ག་རེ་ཡོད་དམ། ཧོར་འཇིགས་ཀྱིས་ཀྱང་ཤམྦྷ་ལའི་རྩོད་ཡིག་སྐོར་གྱི་དཔྱད་རྩོམ་ལས་ང་ཚོས་རི་རབ་ཀྱི་གྲིབ་ནག་ལ་ལོངས་སུ་སྤྱོད་བཞིན་རི་རབ་མི་མཐོང་བ་འདི་ནང་འགལ་རེད་ཅེས་དགག་པ་བརྒྱབ་ཡོད་པ་ཞིག་ཀྱང་སྐབས་འདིར་དྲན་སོང་།

  12. མགོན་པོ་ཕྱག་གཉིས་པ། says:
    2009-07-28 at 10:32 pm

    མགོན་པོ་ཕྱག་གཉིས་པ།

    འཛམ་གླིང་ནང་ཆོས་ལུགས་མང་པོ་ཞིག་ཡོད་པ་རེད། དེའི་ནང་ནང་པ་སངས་རྒྱས་པའི་ཆོས་འདི་རྒྱ་ཆེ་ཤོས། གཏིང་ཟབ་ཤོས། འཐུས་ཚང་ཤོས་ཤིག་གི་གྲས་ཡིན་པ་དེ་ནི་བཤད་མ་དགོས་པ་ཞིག་རེད། དེ་ཡང་ནང་ཆོས་ཟེར་ན་སངས་རྒྱས་ཀྱི་གསུང་གཅིག་པོ་མིན་པར། གནའ་ནས་ད་བར་གྱི་སངས་རྒྱས་ཀྱི་རྗེས་འཇུག་པ་མང་པོ་ཞིག་ནས་ལྗགས་རྩོམ་གནང་བ་དེ་དག་ཀྱང་དེར་འདུས་ཡོད་པ་རེད། དེ་བས་ད་ལྟ་མང་བོ་ཞིག་ནས་ ་་ཚན་རིག་དང་དཔུང་བ་མཉམ་གཤིབ་ཀྱིས་འགྲོ་ཐུབ་་ ཟེར་གྱི་ཡོད་པ་རེད། ཡིན་ན་ཡང་། གྲ་མ་ཆག་གྲུ་མ་ཞིག་པར་ཁྱོན་ཡོངས་ནས་ཚན་རིག་དང་མཐུན་གྱི་ཡོད་ཟེར་ན་དེ་ནི་ཡོངས་ཐབས་མེད་པ་ཞིག་རེད། ལྟ་བ་མི་མཐུན་པ་ཞིག་བྱུང་བྱུང་ཚང་མར་ཁ་གཏད་གཅོག་དགོས་ན་རྣམ་པ་ཚོར་སྐུ་མཉེལ་བོ་ཡོང་གི་རེད།
    ངས་བལྟས་ན་ཁྱེད་ཚོ་འགའ་རེས་རང་གི་ཨ་ཕའི་ཁ་ཕར་ངོས་ཟིན་གི་མེད་པ་དང་བདག་གཅེས་བྱེད་སྟངས་ཤེས་གི་མི་འདུག རིའི་རྒྱལ་པོ་རི་རབ་རྡུལ་ཕྲན་མཚོན་གྱིས་གཏོར་ནའང་གཏོར་ཆུག རྫུ་འཕྲུལ་གྱིས་མཁའ་ལ་འཕུར་མཁན་ཚོའི་རྐང་པ་རྣོན་པོ་གྲི་ཡིས་བཅད་ནའང་གཅོད་ཆུག དྲག་རྩལ་མཐུ་སྟོབས་ཅན་གྱི་སྲུང་མ་ཚོ་མི་མངོན་དབྱིངས་སུ་འདེད་ནའང་འདེད་ཆུག འཇིག་རྟེན་ཆགས་རབས་ཀྱི་དེབ་ཐེར་མཐུག་པོ་དག་དམར་པོ་མེ་ལ་བསྲེགས་ནའང་སྲེགས་ཆུག དེ་དག་ནི་ཨ་ཕའི་ཁ་ཕོར་དང་འབྲེལ་བ་ཡོད་དུ་ཆུག་དང་ཨ་ཕའི་ཁ་ཕོར་ངོ་མ་དེ་མིན་པ་འདྲ།
    དེས་ན་ཨ་ཕའི་ཁ་ཕོར་ངོ་མ་དེ་གང་ཞིག་རེད། ཨ་ཕའི་ཁ་ཕོར་ངོ་མ་དེ་འཛམ་གླིང་གི་ཆོས་རིག་ག་འདྲ་ཞིག་གི་མཉམ་དུ་བཞག་ཀྱང་ཀུན་གྱི་ནང་དུ་མུ་ཏིག་གི་རྡོག་པོ་ཞིག་བཞིན་འོད་ཟེར་ལམ་ལམ་འཕྲོ་བཞིན་པ་དེ་རེད། ཚན་རིག་པ་དང་བཅས་པའི་རྒོལ་བ་སྟོང་གིས་གཙེས་ཀྱང་གཞོམ་མེད་རྡོ་རྗེའི་རི་བོ་བཞིན་དུ་ཚུགས་པར་དཀའ་བ་དེ་རེད། དེ་ནི། མི་རྟག་དུ་ཁ་སྟོང་བ་བདག་མེད་པ་ཟེར་བའི་ཚིག་བཞི་བོ་འདི་ཡིན་ལས་ཆེ། དེ་ནི་བདེན་པ་བཞི། བདེན་པ་གཉིས་ཟེར་བ་འདི་ལོས་ཡིན་སྙམ། དེ་ནི་ལྟ་བ་རྟེན་འབྱུང་སྤྱོད་པ་འཚེ་བ་མེད་པ་ཟེར་བ་འདི་ལོས་ཀྱང་ཡིན། དེ་ནི་ཞིབ་ཚགས་པོ་དང་ལྡན་པར་དབྱེ་བ་ཕྱེ་བའི་སེམས་དང་སེམས་བྱུང་ཉོན་མོངས་དང་བཅས་པ་དང་། དེའི་གཉེན་པོར་གྱུར་པའི་གསུང་གི་བདུད་རྩི་འདི་ཚོ་ཡིན་པ་བཤད་ཅི་ལ་དགོས། ཨོ་ད་རུང་སྟོང་ཉིད་སྙིང་རྗེ་ཟེར་བ་འདི་ཡང་རེད་དོ་ཟེར།
    རྩ་ཆེ་བའི་ཡིད་བཞིན་གྱི་གསོལ་ཕོར་འདི་འདྲ་ཞིག་ཡོད་བཞིན་དུ་སུ་གང་ཞིག་ལ་ཁྱེད་ཚོ་དགྲ་བསག་ཏུ་འགྲོ་གི་ཡིན། འདི་འདྲར་ཐུག་ན་མགོན་པོ་ཕྱག་གཉིས་ཀྱི་ཕྱག་ཟུང་ཡང་ཐལ་མོ་མ་སྦྱར་རང་སྦྱར་རེད།

  13. ཨ་ཁུ་འབྲུག་པ། says:
    2009-07-29 at 12:28 am

    རྩེ་རྒྱལ་ནས་ནང་པའི་གཞུང་ལུགས་ལས་མྱོང་ལྡན་གྱི་རྒན་པོ་སུ་ལ་ཡང་ངོ་མཚར་བའི་དོན་མྱོང་རྒྱུ་མེད་ལུགས་གསུངས་འདུག། འོ་ན་དེང་སང་ཚན་རིག་པ་ཚོས། ཁོང་གིས་དེང་སང་འཕྲུལ་ཆས་ལ་བརྟེན་ནས་མཐོང་ཐུབ་པ་དེ་དག། ལོ་སྟོང་ཕྲག་དུ་མའི་སྔ་གོང་ནས་ནང་པ་སངས་རྒྱས་པ་དག་གིས་འཕྲུལ་རིག་ལ་མ་བརྟེན་པར་མཐོང་ཐུབ་པ་གང་འདྲས་ཡིན་ནམ་ཟེར་ངོ་མཚར་སྐྱེ་དོན་གང་ཡིན་ནམ་ལགས།

  14. རྩེ་རྒྱལ་ says:
    2009-07-29 at 3:55 am

    གྲོགས་པོ་ཨ་ཁུ་འབྲོག་པ་ལགས་ཁྱེད་ཀྱིས་ཡག་པོ་ཞིག་གཟིགས་དང༌། ངས་གོང་གི་མཆན་ཆུང་དེར་ནང་པའི་གཞུང་ལུགས་དུ་ངོ་མཚར་བའི་དོན་གང་ཡང་མེད་ཅེས་ཞུས་རྒྱུ་མ་བྱུང༌། ངས་གང་ཞིག་ཞུ་གིན་ཡོད་ཅེ་ན་ང་ཚོས་ལོ་རྒྱུས་དང་གནས་ལྟངས་རྗོད་སྐབས། སོ་སོའི་དད་ཞེན་དང་མཆོག་འཛིན་གྱིས་ལུང་འདྲེན་ཙམ་དང་དཔེ་གཞུང་གི་མིང་འདོན་བྱེད་པ་ཙམ་མ་ཡིན་པར་དངོས་ཡོད་ཞིབ་དཔྱད་ཀྱི་རྣམ་རིག་བཀྲ་བ་ཞིག་དགོས་གལ་ཆེ་ཞུ་གིན་ཡོད།
    ཨ་ཁུ་འབྲུག་པ་ལགས་ལོ་སྟོང་ཕྲག་གཅིག་གཉིས་ཀྱི་སྔོན་དུ་དིང་རབས་ཀྱི་འཕྲུལ་ཆས་མེད་ཀྱང་སྐབས་དེ་དུས་ནས་ནང་པ་ཙམ་མ་ཡིན་པར་འཛམ་གླིང་གང་སར་ཚན་རིག་ཡོད་པར་མཁས་པ་ཚོས་ཁས་ལེན་གྱི་ཡོད།

  15. ཚངས་དབྱངས། says:
    2009-07-29 at 9:50 am

    ནང་པའི་ཆོས་ཀྱི་སྐོར་ཞིབ་འཇུག་བྱེད་མཁན་ཚོས་གསུངས་རྒྱུར། ནང་པའི་ཆོས་དེ་སེམས་ཀྱི་གནས་སྟངས་དང་། རང་བཞིན། དེ་བཞིན་སེམས་ཀྱི་འཕོ་འགྱུར་སོགས་ལ་ཧ་ལས་པའི་གོ་རྟོགས་མཐོན་པོ་ཡིན་སྟབས། ནང་ཆོས་ཀྱིས་སེམས་ལ་འགྱུར་བ་གཏོང་བའི་ཐབས་ཤེས་ནུས་པ་ཆེ་ཤོས་དང་འབྲས་བུ་ཆེ་ཤོས་རེད་ཅེས་གསུངས་པ་གོ་མྱོང་། 

    དེར་བརྟེན་སེམས་ཀྱི་སྐོར་ལ་གསུངས་པའི་རྣམ་གཞག་དེ་ཚོ་ནང་ཆོས་ཀྱི་ཉིང་ཁུ་ལྟ་བུ་རེད་འདུག དེའི་ཐོག་ལ་ང་ལ་བརྩོད་པ་མེད། ཡིན་ནའི་ནང་པའི་རྣམ་གཞག་ནང་ཕྱིའི་འཇིག་བརྟེན་གྲུབ་ཚུལ་དེ་ཚོ་ཧ་ལས་ཡག་མིན་འདུག དཔེར་ན། མཛོད་ཀྱི་ནང་འཇིག་བརྟེན་འདི་ལེབ་མོ་ཡིན་པ་གསུངས་ཡོད། ད་ལྟ་ང་ཚོས་བལྟས་ཡོང་དུས་འཇིག་བརྟེན་འདི་རིལ་མོ་ཞིག་ཡིན་ཚོད།

    དགེ་ཆོས་ལགས་ཀྱིས་ཀྱང་དེའི་སྐོར་དགེ་བཤེས་ཤེར་རྒྱམ་ལ་གསུངས་འདུག

  16. མགོན་པོ་ཕྱག་གཉིས་པ། says:
    2009-07-29 at 10:00 am

    ཨ་ཁུ་འབྲུག་པ།
    ལོ་སྟོང་ཕྲག་དུ་མའི་སྔ་གོང་ནས་ནང་པ་སངས་རྒྱས་པ་དག་གིས་འཕྲུལ་རིག་ལ་མ་བརྟེན་པར་མཐོང་ཐུབ་པ་དེ་ག་རེ་རེད། དང་པོ་དེ་མར་ཅིག་བྲིས་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (22)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (11)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme