ནགས་ཤོད་སད་མི།
ཉེ་ཆར་རེས་གཟའ་ལྷག་པའི་ཨ་རིའི་རླུང་འཕྲིན་ལས་བསྟན་འཛིན་བདེ་སྐྱིད་འབོད་པའི་བུ་མོ་ཞིག་གིས་བོད་ཡིག་གཅོད་མཚམས་བཞིན་བར་སྟོང་འཇོག་དགོས་པའི་རྒྱུ་མཚན་འགའ་ངར་ངར་ཤུགས་ཤུགས་ཀྱིས་བསྐྱར་བརྗོད་ཡང་བརྗོད་བྱས་ཏེ་བཤད་སོང་ལ་རྒན་བསོད་ནམས་རྒྱལ་མཚན་གྱིས་མི་དགོས་པའི་རྒྱུ་མཚན་འགའ་ལྡོག་ཏེ་དྲངས་སོང་། ཕྲན་གྱིས་གླེང་གཞི་འདི་གོ་ཐོས་བྱུང་བ་དང་པོ་མིན་ན་ཡང་། བརྗོད་གཞི་འདི་རིགས་ལ་ཐུན་མིན་གྱི་སྤྲོ་སྣང་ལྡན་ཡོད་པས་དེ་ནས་བཟུང་ཉིན་འདི་སྐོར་ལ་བསམ་གཞིགས་ནར་མར་བྱ་དགོས་བྱུང་། དེའི་ཕྱིར། ད་རེས་ངས་བརྗོད་གཞི་འདི་ཐད་གང་བསམ་དེ་དྲན་གྱི་བསམ་འཆར་འགའ་ཐད་བརྗོད་བྱ་འདོད་ཡོད།
རེད། ཏག་ཏག་རེད། བརྗོད་གཞི་འདི་རིགས་ཁྱེར་ཏེ་གླེང་སློང་བཟོ་མཁན་ཞིག་ཡོད་ན་ཏན་ཏན་ཁོང་ཚོ་ལྟ་བུའི་ཕྱི་གླིང་བའི་སྤྱི་ཚོགས་ན་འཚོ་བཞིན་པའི་ཕྱིར་སྡོད་བོད་པ་ཞིག་དང་བོད་རྒྱའི་ས་མཚམས་ན་སླས་སྡོད་བྱ་མཁན་ཞིག་ཏན་ཏན་ཡིན་དགོས་སྙམ། དེ་གང་ཞེ་ན། དཀའ་ངལ་འདི་རིགས་ཀྱི་ཡོང་གཞི་གཙོ་བོ་ནི་བོད་རང་གི་ཕ་སྐད་ཤོད་པར་ཕུ་ཆུ་ཐུར་དུ་རྒྱུག་པ་ལྟ་བུའི་བྱང་ཆ་མེད་པའི་ཉེར་ལེན་ལས་ད་གཟོད་སྡུག་སྐད་འདི་ཤོར་འོངས་བ་རེད་སྙམ། གལ་ཏེ་བོད་རང་གི་སྐད་ཆ་ཤོད་པར་བྱང་གོམས་ཚད་དང་ལྡན་པ་ཞིག་ཡོད་ཚེ། བསམ་ཚུལ་དང་དྲི་གཞི་འདི་གླེང་སྟེགས་རྭ་བར་དུས་ནམ་ཡང་སླེབས་ཐུབ་ཀྱི་མ་རེད་འདོད། འདི་ནི་ངས་བཤད་བསམ་པའི་སྐད་ཆའི་སྡོམ་ལྟ་བུ་ཞིག་ཡིན་ནའང། འདིར་ཁྱབ་མཐའ་ཡོད་པའི་སྐད་ཆ་མིན་ལ་ཡོད་དགོས་དོན་ཡང་མེད།