བུད་མེད་འབུམ་རམས་པ་བློ་བཟང་རབ་རྒྱས་དང་ཁོང་གི་གཅུང་མོ་བཀྲ་ཤིས་རབ་རྒྱས།
རིག་འབྱུང་དོན་གྲུབ་བཀྲ་ཤིས། ཡོ་རོབ། ངེད་ཀྱིས་རྩོམ་ཡིག་འདི་ཟླ་བ་གཉིས་ཀྱི་སྔོན་ནས་བྲིས་ཚར། ཟླ་བ་གཉིས་སྔོན་གྱི་གནས་ཚུལ་ཕལ་མོ་ཆེ་དྲ་རྒྱ་དང་དུས་དེབ། གཞན་གྲོགས་པོ་འགའ་བརྒྱུད་ནས་རེག་སོན་བྱུང་། འོན་ཀྱང་། རྩོམ་ཡིག་སྔ་མ་དེ་བྲིས་ཚར་རྗེས་བློ་བཟང་རབ་རྒྱས་ལགས་དང་འབྲེལ་བ་བྱུང་། ངེད་ལ་ཁ་གསལ་མེད་པའི་གནས་ཚུལ་དེ་ཚོའི་སྐོར་ལ་ཁ་གསལ་ཆགས། དེ་ནས་རྩོམ་ཡིག་འདི་བསྐྱརདུ་སོ་སོའི་སློབ་སྦྱོང་གི་ཞོར་ལ་བྲིས་ཏེ་ཉིན་འགའི་སྔོན་ལ་ཚགས་གྲུབ། ལོ་ངོ་འདི་དག་གི་རིང་ལ་བོད་རིགས་བུད་མེད་ཚོས་བོད་ཕྱི་ནང་གཉིས་སུ་མི་རིགས་འདིའི་མ་འོངས་བའི་སླད་དུ། མི་རིགས་འདིའི་མདུན་ལམ་གྱི་དོན་དུ། བོད་ཀྱི་རྩ་དོན་སླད་དུ་རང་གི་སྐད་གསེང་མཐོ་རུ་འདེགས་བཞིན་། རང་གི་སྡུག་ཡུས་གླུ་རུ་ལེན་བཞིན་བྱ་བཞག་སྒྲུབ་ཀྱི་འདུག འདི་ནི་བོད་མི་སྒེར་བ་ཞིག་ལ་མཚོན་ན། དགའ་འོས་བ་དང་སྤྲོ་འོས་བ། རྒྱབ་སྐྱོར་བྱེད་འོས་བ་ཞིག་རེད། བོད་ནང་ལ་མཚོན་ན་བུད་མེད་རྩོམ་འབྲི་བ་འོད་ཟེར་དང་འཇམ་དབྱངས་སྐྱིད། གཞན་མི་རིགས་ཀྱི་ལར་ཞེན་ཅན་དཔལ་བཟའ་ནོར་འཛིན་དབང་མོ་སོགས་བུད་མེད་སྡེ་ཞིག། སྙིང་སྟོབས་དང་ལྡན་པར་ཡར་ལངས་སོང་། འཆི་གསོན་ལ་འཇིགས་པ་མེད་པར་ཡར་ལངས་སོང་། ད་དུང་དེས་ག་ལ་ཚད། བྱམས་ཞེས་བའི་ལོ་ཆུང་བུད་མེད་ཀྱི་གདོང་ལེན་རུ་ཁག་ཞིག་ཀྱང་ཐོན་འོང་གི་འདུག