གྲོགས་གངས་ཉི་ལས་འཕྲོས་པའི་གཏམ།
ཞོགས་ལྗང་།
དང་བོ། གངས་ཉི་དང་བདག་གི་གསང་བ།
ཉེ་བའི་ལོ་འགའི་སྔོན་ལ་ང་རང་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་ཆེན་སློབ་མ་ཞིག་གི་མིང་བྱང་འཁུར་མཁན་ཞིག་ཏུ་གྱུར་ལ། བོད་ཡིག་ཟིན་བྲིས་ཀྱང་དེ་དང་མཉམ་དུ་བདག་གི་མི་ཚེ་ལ་ལམ་འཇུག་བྱེད་མཁན་ཐོག་མའི་གྲས་མ་རེད་ཅེས་སུས་ཀྱང་ཁ་ཚོན་གཅོད་ག་ལ་ཐུབ། དུས་དེ་ནས་བཟུང་ངས་དྲ་ཐོག་གི་གྲོགས་པོ་མང་བོ་ཞིག་ངོ་ཤེས་ཤིང་འདྲིས་པར་གྱུར། ཐ་ན་ངའི་གྲོགས་པོ་ཐེའུ་རང་དང་ངེད་གཉིས་ཀྱང་འཛིན་གྲྭ་གཅིག་གི་སློབ་གྲོགས་སུ་གྱུར་བ་ནས་སྙིང་གཏམ་གླེང་བ་མ་ཡིན་པར། དྲ་བ་གཅིག་གི་དྲ་གྲོགས་སུ་གྱུར་བ་ནས་ངེད་གཉིས་ལ་འབྲེལ་འདྲིས་བྱུང་བ་ཡིན། དྲ་ཐོག་གི་གྲོགས་པོ་འདི་དག་ལས་གྲོགས་གངས་ཉི་ལགས་ནི་ང་ལ་བག་ཆགས་ཆེས་ཟབ་ཅིང་། བློ་སེམས་ཆེས་ཉེ་བའི་གྲོགས་པོ་ཞིག་ཡིན་ལ། ང་དང་འདྲ་བའི་དྲ་གྲོགས་ཁྱོད་ཚོ་ཡང་ཁོ་ལ་བར་ཐག་ཤིན་ཏུ་ཉེ་བར་ངེས། ནམ་རྒྱུན་དྲ་བ་བརྒྱུད་ནས་ངས་ཁོང་གི་བསམ་བློ་དང་སྙིང་སྟོབས་ཀློག་གིན་ཡོད་ལ། ཁོས་ཀྱང་ངའི་བརྩམས་ཆོས་འགའ་རེ་ཀློག་གིན་ཡོད་ཅེས་ང་ལ་ཡང་དང་བསྐྱར་དུ་བཤད་མྱོང་ཞིང་། སྙིང་སྟོབས་དང་སྒུལ་ཤུགས་མང་དུ་བྱིན་མྱོང་བ་ཁྱོད་ཚོས་ག་ལ་ཤེས།