སྤོབས་པ་མཐའ་ཡས།
སྤྱིར་བཏང་མཐའ་མཚམས་ཀྱི་ལོ་རྒྱུས་འདི་རྙོགས་འཛིངས་དང་གལ་གནད་ཤིན་ཏུ་ཆེ་བས་རང་གི་བློ་ངོས་ཤར་ཚོད་ཅིག་ཐོལ་བྱུང་གི་འདིར་བཀོད་པ་ཡིན། ཁྱོད་ཚོས་གང་ཤེས་འགོད་རོགས་གནོངས། ལྷག་པར་ཡང་ད་ལྟའི་བོད་རང་སྐྱོངས་ལྗོངས་ཀྱི་ཁོངས་སུ་མ་ཚུད་པའི་བོད་ཀྱི་ཡུལ་གྲུ་འདི་དག་ལ་ལ་མཚོ་སྔོན་དང༌། ལ་ལ་ཀན་སུའུ། ལ་ལ་སི་ཁྲོན། ལ་ལ་ཡུན་ནན་གྱི་ཁོངས་སུ་ཆད་པ་དེ་དག་རེ་རེ་བཞིན་རྒྱུ་མཚན་དང་རྒྱབ་ལྗོངས་རེ་རེ་མེད་པ་གཅིག་ཀྱང་མེད། ༡༩༥༩ལོར་བོད་རང་བཙན་ཤོར་སོང་ཞེས་པ་དེ་ལྷ་སའི་སྡེ་པ་གཞུང་འཐོར་ཞིག་ཏུ་སོང་བ་ཙམ་ལ་ཟེར་བ་ཡིན་པ་ལས་དེ་ལས་གཞན་པའི་བོད་ཀྱི་ཡུལ་གྲུ་མང་པོ་ཞིག་དེའི་སྔོན་ནས་རྒྱའི་ཞིང་ཆེན་ཁག་གི་ཁོངས་སུ་བཅུགས་པའམ་སུའི་ཁོངས་གཏོགས་ཡིན་མིན་ཙམ་ཡང་མ་ཤེས་པར་ལུས་ཡོད་པ་མང་པོ་ཡོད་སྟབས་ལས་སླ་པོར་ཤོད་ཐུབ་པ་ཞིག་མ་རེད། ཉེ་སྔོན་ངའི་གྲོགས་པོ་ཨ་མདོ་མཚོ་སྔོན་ནས་ཡོང་མཁན་ཞིག་གི་ཕྱི་རྒྱལ་བ་ཞིག་ལ་༡༩༥༩ལོའི་སྔོན་དུ་ང་ཚོ་ལ་བོད་རང་གི་གཞུང་ཞིག་ཡོད་ཀྱང་སྐབས་དེ་ནས་རྒྱ་དམར་གྱིས་བཙན་འཛུལ་བྱས་པ་རེད་ཅེས་བཤད་སོང༌། ཕྱི་རྒྱལ་བ་དེ་ཧ་ལས་མདོག་གིས་ང་ལ་དེའི་སྐོར་འགྲེལ་བཤད་གསལ་ཞིབ་ཅིག་གྱིས་དང་ཞེས་ཨུ་ཚུགས་རྒྱག་གི་འདུག ངའི་སེམས་ལ་ཨ་མདོ་མཚོ་སྔོན་པོའི་རྒྱུད་ལ་༡༩༥༩ལོ་བར་དུ་བོད་རང་གི་གཞུང་ཞིག་མེད་པས་ད་འགྲེལ་བཤད་ག་འདྲ་ཞིག་རྒྱག་དགོས་བསམ་ནས་གདོང་ཚ་ལམ་ལམ་བྱུང་སོང༌། ༡༧༥༠ལོར་ཕོ་ལྷའི་བུ་ངག་དབང་རྣམ་རྒྱལ་བསད་པའི་རྗེས་ནས་བོད་སྡོད་ཨམ་བན་གྱིས་བོད་སྲིད་ལ་ལག་པ་རྐྱོང་བའི་དབང་ཆ་དངོས་གནས་ཤིག་རག་འདུག་ཀྱང་༡༩༡༢ ལོ་ནས་ལྷསྡོད་ཨམ་བན་གྱི་མཇུག་བསྒྲིལ་བ་རེད། གོང་མ་ཆན་ལུང་འདི་ལྷ་འདྲེ་གང་ཡིན་མི་ཤེས་ཀྱང་གང་ལྟར་བོད་སོག་གི་ས་ལ་བཙན་འཛུལ་བྱེད་མགོ་བཙུགས་མཁན་དངོས་གནས་དེ་ཁོ་རེད་འདུག་ག ༡༩༩༡ལོར་གོར་བོད་དམག་འཁྲུགས་ལ་ཆན་ལུང་གི་དམག་རོགས་བཏང་བའི་རྗེས་སོར་དེ་ལས་དབང་ཤུགས་ཇེ་ཆེར་གྱུར་ནས་ཀྲུང་ཐང་རྒྱས་དཔྱད་ཅེས་དོན་ཚན་༢༩ཅན་གྱི་ཁྲིམས་ཡིག་ཀྱང་གཏན་འབེབས་བྱས་འདུག ཁྲིམས་ཡིག་དེ་ལས་ཨམ་བན་དང་ཏཱ་ལའི་བླ་མའི་དབང་ཆ་ཡང་ཕལ་ཆེར་འདྲ་མཉམ་ལྟ་བུ་གཏན་འབེབས་བྱས་འདུག སྐབས་དེ་དག་གིསྔོན་ལ་བོད་ཕར་ཞོག་རྒྱལ་རོང་ལ་ཡང་རྒྱ་ནག་གི་དབང་བསྒྱུར་བྱས་པའི་ལོ་རྒྱུས་དངོས་གནས་ཤིག་མི་འདུག
མཐིང་སྨུག་སྦྲ་ཡི་ཆོན་ཐག་གཅིག་ཆད་ལ་ཉེ་སོང་།
འཕན་མྱི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མདོ་སྨད་སྤྱི་འཐུས། ས་ར་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་རྩོམ་རིག་དགེ་རྒན་ཆེན་མོ། བོད་རྒྱལ་ཡོངས་རྩོམ་པ་པོའི་ཚོགས་པའི་ཚོགས་གཙོ། ཧམ་སེམས་དང་འཐེན་འཁྱེར་ཆུང་བར་གྲགས་པ། ཤེས་ཡོན་དང་ལྷག་བསམ་ཆེ་བར་གྲགས་པ། ངང་རྒྱུད་དང་དབུ་སྐྲ་རིང་བར་གྲགས་པ། ཕོ་སྒོ་དང་གསུངས་སྟངས་བརྗིད་པར་གྲགས་པ། རྩོམ་རིགས་དང་སློབ་ཐབས་ལ་མཁས་པར་གྲགས་པ། དོན་དང་བྱ་བ་ཉུང་བར་གྲགས་པ། རང་ཚུགས་དང་གཤིས་རྒྱུད་བརྟན་པར་གྲགས་པ། དད་འདུན་དང་རིགས་ཞེན་ཟབ་པར་གྲགས་པའི་ཆབ་བྲག་ལྷ་མོ་སྐྱབས་རྡ་རམ་ས་ལ་དང་ཁ་གྱེས་རྒྱུ་ཡིན་པའི་གནས་ཚུལ་སྤེལ་འདུག ཁོང་རྡ་རམ་ས་ལའི་གཤོང་སའི་ས་ར་ཞེས་པའི་ནགས་གསེབ་སྟུག་ས་ཞིག་ཏུ་འཛུལ་ནས་ལོ་དེ་སྙེད་ཅིག་ལ་སྐུ་གསུངས་ཐུགས་ཀྱི་ངལ་བ་དང་བླངས་ཀྱིས་སློབ་ཁྲིད་ལས་ཀར་གཞོལ་ཞིང་མཁས་བླུན་བར་མའི་སློབ་ཕྲུག་དེ་སྙེད་ཅིག་ལ་བོད་ཀྱི་རྩོམ་རིག་གི་སློབ་གསོའི་བདུད་རྩི་ཕངས་མེད་དུ་སྦྱིན་པའི་ཉེར་ལེན་ལས་ཁོང་གི་མཚན་གྱི་དྲིལ་ཆུང་ཡང་སྙན་སིལ་ལེར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་ན་ཉམས་མེད་དུ་འཁྲོལ། དབྱངས་ཅན་སྤྲུལ་པའི་གླེགས་བམ་ཞེས་པའི་རྩོམ་དེབ་གསུམ་གྱི་བམ་ཁ་དང་ལྗིད་ཁོག་དེས་ཀྱང་ྐློག་པ་པོའི་ཡིད་ལ་བག་ཆགས་ཟབ་མོ་ཞིག་བཞག དེ་ནི་ཁོང་གི་རྩོམ་ཡིག་གི་ཟབ་ཟབ་སྙན་སྙན་གྱི་བརྗོད་བྱ་རྗོད་བྱེད་ཁོ་ནས་མ་ཡིན་པར་ཁོང་གི་ངལ་བ་དང་བླངས་ཀྱི་དགེ་རྒན་གྱི་ཕྱག་ལས་ལ་གཞོལ་བ་དང་། ཧམ་སེམས་དང་དང་འཐེན་འཁྱེར་མེད་པའི་རང་གཤིས་བརྟན་པོ། ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་སྤྱི་ཚོགས་ཀྱི་ཤེས་ཡོན་གོང་འཕེལ་སྲོག་ཏུ་བྱས་པའི་བདེ་དོན་ལ་གཞོལ་བ་དེ་ནི་རྒྱུ་མཚན་གང་གིས་ཆབ་བྲག་ལྷ་མོ་སྐྱབས་ཞེས་པའི་སྐྱེས་སུ་དེ་བོད་མིའི་སེམས་ཁོངས་སུ་རིན་ཐང་ཅན་གྱི་མི་ཞིག་ཏུ་གྱུར་དོན་དེ་རེད མི་འདི་དང་འདི་ལྟ་བུ་དག་ནི་སྤྱི་ཚོགས་དེ་ཁྱིམ་ཞིག་ཡིན་པར་ཆ་བཞག་ན་མཐིང་སྨུག་སྦྲ་ཡི་ཆོན་ཐག་རེ་རེ་དང་ཕ་ཁང་གྲུ་བཞིའི་ཀ་བ་རེ་རེ་ཡིན་སྟབས་མི་འདི་དང་དེ་ལྟ་བུ་རེ་རེ་རང་གི་སྤྱི་ཚོགས་ཀྱི་ལས་གནས་དང་ཁ་གྱེས་པ་དེས་ཕ་ཁྱིམ་གྱི་གྲུ་ཟུར་རེ་རེར་ཐིགས་ཆུ་ཇེ་མང་དང་བསེར་བུའི་ཇེ་གྲང་དུ་འགྱུར་བཞིན་ཡོད། ཀྱེ་མ། ནམ་ཞིག་མི་བུ་འདི་དང་དེ་ལྟ་བུ་རེ་རེ་བཞིན་ཐམས་ཅད་རང་གི་སྤྱི་ཚོགས་ཀྱི་ལས་གནས་དང་ཁ་གྱེས་པའི་ཉིན་མོར་ཏཱ་ལའི་བླ་མ་ཡང་ཁེར་རྐྱང་དུ་གྱུར་པ་ཡིན་ལ་བོད་མི་མང་ཡང་རྩིད་སྐུད་མགོ་བྲེགས་ཀྱི་རྣམ་པར་གྱུར་པ་ཡིན། སྐྱེས་བུ་དམ་པ་དེ་དག་ནི་སྤྱི་ཚོགས་ཤིག་གི་ཕྱི་ཡི་ལྕགས་རི་ཡིན་ལ་ནང་གི་ནོར་བུ་ཡིན། རང་ལ་ཡོད་ན་ངོམ་རྒྱུ་དང་གཞན་ལ་ཡོད་ན་སྨོན་རྒྱུ་དེ་ཡང་ཡིན། ཉམ་ཆུང་ཞིང་ཉམས་ལ་ཉེ་བའི་ང་ཚོའི་ཁ་སྟབས་གང་ལས་ཀྱང་སྐྱོ་བས་ཕྱི་དངོས་པོའི་ལེགས་སྐྱེས་གྱ་ནོམ་པ་ཞིག་གིས་ཁྱེད་ཅག་དགྱེས་པ་སྐྱེད་པར་རྔོ་མི་ཐོགས་ཀྱང་ང་ཚོ་དང་ང་ཚོའི་མི་རབས་རྗེས་མ་སྟེ་གདོང་དྲུག་བོད་མིའི་ཁྲག་རྒྱུན་གྱི་འཁོར་སྐྱོད་ཇི་སྲིད་ལུས་ལ་རྒྱུ་བ་དེ་སྲིད་དུ་བོད་མི་རེ་རེའི་སེམས་ཀྱི་ངོས་སུ་ཁྱེད་ཚོ་གནས་ངེས་ཡིན། མིའི་ལུས་སེམས་ཀྱི་སྟོབས་ཤུགས་ལ་ཚད་ཡོད་སྟབས་སྐྱབས་བཅོལ་བའི་འཚོ་ཐབས་དང་། རྒྱ་གར་གྱི་ཚ་བ། ཕུགས་བསམ་གྱི་འགོག་རྐྱེན། མཐུན་རྐྱེན་གྱི་དཀའ་ངལ་བཅས་ཀྱི་གནོན་ཤུགས་མ་ཐེག་པར་ཡུལ་ནས་ཡུལ་གྱར་ཏེ་ཡུ་རོབ་ཀྱི་གླིང་། ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་སློབ་གྲྭ་ཆེན་མོ་ཞིག་གི་བོད་ཡིག་འཛིན་གྲྭའི་བསོད་ནམས་ཀྱི་བགོ་སྐལ་དུ་བཞུད་ལ་ཉེ་བའི་དུས་འདིར་དུས་འདིར། ངས་དམ་པ་གང་ཉིད་ཀྱི་ཐུགས་ཀྱི་བཞེད་པ་སྤྱི་དང་ལྷག་པར་ཡང་བོད་མི་རིགས་ཀྱི་སེམས་ཁམས་ལ་སྨན་བཅོས་ཀྱི་ཆེད་དུ་ཆེད་ལས་རྩོམ་པ་པོའི་ཐུགས་འདུན་ལ་བགེགས་ཀྱི་མཚན་མ་ཕྲ་མོ་ཙམ་གྱིས་ཀྱང་ཉེ་བར་མ་གོས་ཤིང་། རྒྱལ་ཁབ་དང་མི་རིགས་ཀྱི་ལས་འགན་རླབས་པོ་ཆེ་དེ་ཉིད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་དང་བཅས་ཕེབས་སྐྱེལ་ཤིག་གི་ཚབ་ཏུ་ཚིག་ཁ་ཤས་ཤིག་ཕུལ་བ་ལགས་སོ། །