ཀ་བཙན་བླ་མ་སྐྱབས། ཀ་དག་སྒྲ་བསྒྱུར་སྐར་ཚོགས་ཁྲོད་ན་ཟླ་བ་བཞིན་དུ་མངོན་པར་འཕགས།།
ཁ་མིན་དོན་གྱིས་རིགས་ཞེན་ཆེ་བས་རིག་གཞུང་ལས་ལ་མི་ཚེ་བསྟིམས།།
ག་དུས་ཡིན་ཡང་དལ་ལྷོད་མེད་པར་ཤེས་བྱའི་དོ་ར་ལེགས་སྐྱོང་མཁན།།
ང་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་སློབ་དཔོན་མཆོག་ལ་མྱ་ངན་ཞུ།།
ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་འདི་ལོ་ ༢༠༢༤/༠༢/༡༧ ནས་ཚེས་༢༠ བར་ཉིན་བཞི་རིང་སྲུང་བརྩི་དང་འབྲེལ་བའི་མི་ལོ་ལྔ་བཅུའི་བཞུད་ལམ་ལ་ཕྱི་མིག་བལྟ་བ།
གཞུང་པ་ཚེ་དབང་བསོད་ནམས། བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་བླ་ན་མེད་པའི་དབུ་ཁྲིད ༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཐུགས་སྐྱེད་སྨོན་ལམ་དང་རླབས་ཆེན་གྱིས་མཛད་འཕྲིན་འོག་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་དང་དབུས་བོད་མིའི་སྒྲིག་འཛུགས་སྤྱི་ཁྱབ་ནང་སྲིད་ལྷན་ཁང་གཉིས་ཀྱིས་ལམ་སྟོན་འོག་སྤྱི་ལོ་ ༡༩༧༥ སྤྱི་ཟླ་གསུམ་པའི་ནང་ཀུ་ལུ་མ་ན་ལི་ལམ་བཟོའི་སྒྲིག་འཛུགས་ནས་མི་གྲངས་གཅིག་སྟོང་ཀོ་ལི་གྷལ་གཞིས་ཆགས་སུ་གཏོང་རྒྱུའི་མཐོ་གཞུང་ནང་སྐབས་དེའི་ང་པ་བརྒྱ་ཤོག་གམ་གཞུང་པ་བརྒྱ་ཤོག་ཚུད་ནས་ཕྲན་ང་པ་བརྒྱ་ཤོག་གི་བརྒྱ་དཔོན་གཞུང་པ་ཚེ་དབང་བསོད་ནམས་ཀྱིས་འགོ་ཁྲིད་འོག་མི་གྲངས་ ༡༦༦ བཅས་གཞིས་ཆགས་འདིར་འབྱོར་བ་ཡིན། ང་ཚོའི་སྔོན་ལ་འབྲས་ལྗོངས་སྒང་ཏོག་ཁུལ་ནས་མི་གྲངས་ལྔ་བརྒྱ་ ༡༩༧༤ ལོར་འབྱོར་འདུག ང་ཚོ་གཞིས་ཆགས་སུ་འབྱོར་སྐབས་མཚན་ལ་འབྱོར་བ་དང་སང་སྔ་དྲོ་ཡར་ལངས་ནས་ས་ཆའི་གནས་བབ་ག་འདྲ་ཡོད་བལྟ་སྐབས་གཞིས་ཆགས་ཀྱི་ཉེ་འཁོར་ནགས་རི་དང་སྤང་རི་སོགས་ཀྱིས་སྐོར་བ། ས་ཆ་བསིལ་གྲང་སྙོམས་པོ་བོད་ས་མཐོ་ས་ནས་ཡོང་བའི་བོད་མི་སྡོད་ས་རང་རེད་འདུག། རི་ཕག་དང། གླང་ཆེན། ཤ་བ། རྨ་བྱ་། རི་གི་མ་ཧེ། བདག་མེད་སྲོག་ཆགས་དང་བྱ་བྱེའུ་སོགས་ཤིང་ནགས་ལ་སྟེན་པའི་སྲོག་ཆགས་མང་པོ་མཐོང་རྒྱུ་འདུག། ང་ཚོ་གཞིས་ཆགས་སུ་འབྱོར་སྐབས་གཞིས་འགོ་གོ་འཇོ་ཨ་ནག་དཔོན་སྐུ་ངོ་རྡོ་རྗེ་རྣམ་རྒྱལ་ལགས་དང་། མཉམ་དྲུང་ཏྲེ་ཧོར་སྐུ་ངོ་ཐུབ་བསྟན་ཕུན་ཚོགས་ལགས་རེད་འདུག འཕྲུལ་རྨོས་དང་བཟོ་བཅོས་སྡེ་ཚན། ༼ workshop ༽ གྱི་འགན་འཛིན་ཆབ་མདོ་བྱམས་པ་རྣམ་རྒྱལ་དང་། འཕྲུལ་རྨོས་སྡེ་ཚན། ༼ Tractor section ༽ གྱི་འགན་འཛིན་སྡེ་དགེ་སྐུ་ཚ་ཚང་བློ་གྲོས་རྣམ་རྒྱལ་རེད་འདུག ང་ཚོ་ཀུ་ལུ་ལམ་བཟོ་ནས་འབྱོར་བའི་བརྒྱ་དཔོན་ཚོ་མ་ར་ཌ་༼ MYRADA ༽ རོགས་ཚོགས་ཀྱི་གཙོ་འཛིན་ ༼ Director. W.William Devonson ༽ མཆོག་ནས་བརྒྱ་དཔོན་རེ་རེ་བཞིན་སྐད་ཆ་དྲིས་སོང་། སྐབས་དེ་དུས་ང་རང་ལོ་ཉེ་ཤུ་རྩ་དྲུག་ཡིན། མ་ར་ཌ་རོགས་ཚོགས་ཀྱི་གཉེར་པའི་ལས་རོགས་ལ་བཞག་བྱུང། ༼ Assistant of Store keeper ༽ ཟླ་ཕོགས་སྒོར་དྲུག་བཅུ་འདུག་ལས་འགན་ནི་མི་མང་མཉམ་ལས་སྐབས་ལག་ཆ་སྤྲོད་རྒྱུ་དང་འཕྲུལ་ཆས་ལ་སྣུམ་སྤྲོད་རྒྱུ་དང་ཆུ་འཐེན་ཡོ་ཆས་སྤ་ཡེབ་སོགས་དོ་ཁང་ནང་གི་བཅའ་དངོས་ཆ་ཚང་བྱུང་སོང་ལྷག་གི་རྩིས་ཁྲ་ཉར་རྒྱུ་སོགས་རེད། གཞིས་ཆགས་འདིར་འཐུང་ཆུའི་དཀའ་ངལ་ཆེ་ཙམ་འདུག ཡུལ་མིའི་གནས་སྟངས་འབྱོར་མེད་གྲལ་རིམ་ནང་ལྷག་ནས་ཉིན་ལྟོ་ཉིན་ཚོལ་བྱས་ནས་ལས་ངལ་རྩོལ་ལ་བསྟེན་ནས་འཚོ་བ་སྐྱེལ་མཁན་མང་ཆེ་བ་རེད་འདུག…