Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྒོ་ཤེར་ཚང་གིས་ཀླུ་སྨྱོན་རྩོམ་རིག་དཔྱད་འདེམས་པ་ཚོར་སྐད་འདི་བསྐུར་འདུག

Posted on 2013-10-16 By ཁ་བརྡ་ 38 Comments on སྒོ་ཤེར་ཚང་གིས་ཀླུ་སྨྱོན་རྩོམ་རིག་དཔྱད་འདེམས་པ་ཚོར་སྐད་འདི་བསྐུར་འདུག

༧  ཀླུ་སྨྱོན་རྩོམ་རིག་བྱ་དགའི་དཔྱད་འདེམ་ཚོགས་ཆུང་གི་མི་སྣ་ཡོངས་ཀྱི་དྲུང་དུ།

ཞུ་གསོལ།  དེ་རིང་སྔ་དྲོར་གྲོགས་པོ་འགའ་རེས་ཁ་པར་བཏང་ཡོང་སྟེ། “ད་ལོའི་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ནི་ཁྱོད་ཀྱི≪ང་ཚོ་སད་རན≫ལ་ཐོབ་འདུག་པས་རྟེན་འབྲེལ་ཞུ”གསུང་གི་འདུག   དེ་ལ་ངས”ཁྱོད་ཀྱིས་ཅི་ཞིག་ཟེར་གྱི་ཡོད”ཅེས་དྲིས་ཚེ། “དྲ་ཐོག་ཏུ་དེ་འདྲ་ཞིག་འདུག”གསུང་ཞོར།≪ཀླུ་སྨྱོན་རྩོམ་རིག་བྱ་དགའི་གསལ་བསྒྲགས≫ཞེས་པ་ཞིག་ཀྱང་བསྐུར་ཡོང་བས་གནས་ཚུལ་དེ་རགས་ཙམ་ཞིག་ཧ་གོ་སོང་།
སྤྱིར་བཏང་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཞེས་པ་དེ་ཐོག་མར་ཇི་ལྟར་ཚུགས་པ་དང་། བར་དུ་ཇི་ལྟར་འདེམ་གྱི་ཡོད་པ། ཐ་མར་ཇི་ལྟར་གནང་གི་ཡོད་པ་སོགས་ཕྲན་གྱིས་རྩ་བ་ནས་ཤེས་ཀྱི་མེད་ལ། བྱ་དགའ་དེ་རྩོམ་ཡིག་གང་འདྲ་ཞིག་ལ། ཆ་རྐྱེན་ཅི་འདྲ་ཞིག་ཚང་མིན་གྱི་ཐོག་ནས་སྤྲོད་ཀྱི་ཡོད་མེད་སོགས་ཀྱང་མཐོང་ཐོས་ཀྱི་ཡུལ་དུ་མ་གྱུར་མོད།  དེ་ཉིད”རྩོམ་རིག་བྱ་དགའ”ཞིག་ཡིན་ཕྱིན། དེ་ལེན་པའི་འོས་ཐོབ་ཁོ་བོར་རྩ་བ་ནས་མེད་པའི་ཚུལ་གསལ་བཤད་མདོར་བསྡུས་ཤིག་མ་ཞུས་ཐུ་མེད་དུ་མཐོང་།
དེ་ཡང་མ་གཞི་རྣམ་པ་ཚོས་བོད་མི་རིགས་ཀྱི་ཤེས་རིག་དཔལ་ཡོན་གོང་འཕེལ་གྱི་ཐབས་སུ་དམིགས་ཏེ།  ཚུལ་འདི་འདྲ་ཞིག་གི་སྒོ་ནས་སྐུ་ཚེགས་མྱངས་དང་མྱོང་བཞིན་པའི་ཚུལ་ལ་ནི་སེམས་གཏིང་ནས་གུས་འདུད་ཞུ་ཡི་ཡོད་ལ། ཕྲན་གྱིས་བྲིས་པའི་རྩོམ་ཡིག་ཕལ་པ་དེ་འདྲ་ཞིག་ལ་ཡང་དོ་ཁུར་དང་གདེང་འཇོག་གནངས་པ་ལ་ནི་ལྷག་ཏུ་བཀའ་དྲིན་ཆེ་ཞུ་རྒྱུ་ལས་ཅི་ཞིག་ཡོད།
དེ་ལྟར་ཡང་། རྩོམ་རིག(Literature 文学)ཅེས་པ། སྙན་ངག་དང་། བརྩམས་སྒྲུང་། ལྷུག་རྩོམ། ཟློས་གར་འཁྲབ་གཞུང་ལྟ་བུ་ཁོ་ན་ལ་གོ་བ་འཛམ་གླིང་ཡོངས་གྲགས་ཡིན་པས། དེ་འདྲའི་མཚན་ཉིད་དང་མཚན་གཞིའི་ངོས་ནས་བཅལ་ན། ཕྲན་གྱིས་འབྲི་ཁུལ་བྱས་པའི≪ང་ཚོ་སད་རན≫ནི་རྩོམ་རིག་བརྩམས་ཆོས་ཀྱི་གྲས་སུ་བགྲང་ཐབས་གཏན་ནས་མེད་དེ། གང་ཡིན་ཞེ་ན། དེབ་དེའི་ནང་གི་རྩོམ་ཡིག་དག་ནི་རིག་གནས་དཔྱད་བརྗོད་དང་།  འབོལ་རྩོམ། སྐབས་དོན་དཔྱད་གླེང་སོགས་ཀྱི་ཁོངས་སུ་འགྲོ་བས་སོ།།
དེའི་ཕྱིར་རང་རེ་བོད་ལ་མཚོན་ན། རྩོམ་རིག་གི་ཐད་ནས་གྲུབ་འབྲས་མི་དམན་པ་ཞིག་བླངས་ཟིན་པའི་རྩོམ་པ་པོའི་དཔུང་སྡེ་ཞིག་ཡོད་བཞིན་དུ། རྩོམ་རིག་བརྩམས་ཆོས་རྣལ་མ་ཞིག་འབྲི་མྱོང་བ་ཕར་ཞོག   བློས་བསླངས་ཙམ་ཡང་མི་ཤེས་པ་ཞིག་གིས། ཐེ་མི་ཚོམ་པར”རྩོམ་རིག་བྱ་དགའ”བླངས་སོང་ཟེར་ན། གཞན་དག་གད་མོའི་གཏམ་དུ་འགྱུར་རྒྱུ་ལས་ཅང་མེད་ལ།  འཇིག་རྟེན་སྤྱིའི་རྒྱུན་ཤེས་དང་མི་མཐུན་པའི་ལས་ཤིག་ཏུ་ཡང་འགྱུར་འགྲོ་བས། “བྱ་དགའ་དེ་ནི་ངས་དང་ལེན་བྱ་གཏན་ནས་མི་འོས་སོ”ཞེས་གུས་པའི་ཐལ་སྦྱར་དང་བཅས་ཞུ་རྒྱུ་དང་ལྷན། རྣམ་པ་ཚོར་ཐུགས་ཕམ་དང་ཐུགས་སུན་མི་འབྱུང་བའི་རེ་བ་ཡང་ཀུན་ཏུ་རབ་ཏུ་ལྕི།
ཁོ་བོས་རྣམ་པ་ཚོ་ལ་འཕྲིན་འདི་འབྲི་སྐབས། “ངན་པ་ཡར་སར་བཞག་ན། ཨོང་རྡེབ་ཀྱི་མཚམས་མི་ཆད”ཅེས་པའི་དཔེ་རང་དུ་དགོངས་མི་འོང་ངམ་སྙམ་པའི་རྣམ་རྟོག་དང་སེམས་ཁྲལ་ཅུང་ཟད་སྐྱེས་ནའང་། ཡང་ཞིབ་ཏུ་བསམ་དུས།  སྤྱི་པའི་དོན་བྱ་རྒྱ་གང་ཆེ་ཞིག་ལ་དམིགས་ཏེ་ཕྱག་ལས་སྒྲུབ་ཀྱིན་པའི་ཁྱེད་ཅག་ལ་ནི།  ཁོ་བོ་སྒེར་གྱི་མོས་པ་དང་ལྟ་ཚུལ་འདི་ཙམ་ཐུགས་ལ་ཤོང་བའི་བློ་རྒྱ་ཡོད་ངེས་སྙམ་པའི་ཡིད་ཆེས་སྐྱེས་བྱུང་བས།  རང་རེ་གངས་ཅན་པའི་ལས་སྒོ་ཕྲ་རགས་ཐམས་ཅད་ཕྱོགས་ཀུན་ནས་སྤུས་གཙང་ཚད་ལྡན་ཞིག་ཏུ་འགྱུར་བའི་རེ་བ་དང་། རྣམ་པ་ཚོས་ཀྱང་དེ་ལུགས་ཐུགས་ཀྱི་དཀྱིལ་དུ་བསྲེལ་བའི་རེ་བ།  སླད་ཕྱིན་སྐུ་ཚེ་བརྟན་ཅིང་ཐུགས་བཞེད་ལེགས་འགྲུབ་ཡོང་བའི་རེ་བ་དང་བཅས། བློ་གཡེང་སྤངས་ཏེ་གུས་པས་ཕུལ་བ་ལགས་སོ། །
སྒོ་ཤེས་རབ་ཀྱིས༢༠༡༣/༡༠/༡༥/ཉིན་ལ།

རྩོམ་རིག

Post navigation

Previous Post: 《འོད་ལམ་དེ་སྙིང་ལ་བཅང་།》རྒྱལ་སྤྱིའི་ནང་དུ་ཁྱབ་བཞིན་པའི་བོད་གཞས་ཤིག
Next Post: རྒྱལ་ཚོགས་ད་དུང་གཉིད་ལོག་གམ།

Comments (38) on “སྒོ་ཤེར་ཚང་གིས་ཀླུ་སྨྱོན་རྩོམ་རིག་དཔྱད་འདེམས་པ་ཚོར་སྐད་འདི་བསྐུར་འདུག”

  1. སངས་དོན། says:
    2013-10-16 at 5:43 am

    ༼ང་ཚོ་སད་རན༽ཟེར་བའི་དེབ་དེ་དཔྱད་འདེམས་པ་ཚོས་བཀླགས་ཡོད་ཚོད་རེད། དེ་རྩོམ་རིག་གི་བརྩམས་ཆོས་ཤིག་ཡིན་མིན་གྱི་རྒྱུ་མཚན་བགྲངས་ནས་སྒོ་ཤེས་རབ་ཀྱིས་བྱ་དགའ་བཞེས་ཀི་མིན་གསུང་འདུག

    ད་ལོའི་གསལ་བསྒྲགས་ནང་ལ་༼ལོ་སྔོན་མ་དང་འདྲ་བར་བོད་ཕྱི་ནང་གི་སྤྱི་ཚོགས་སྟེང་སློབ་གསོ་དང་འཕྲོད་བསྟེན། ལོ་རྒྱུས་དང་སྒྱུ་རྩལ་གྱི་ཕྱོགས་སུ་གྲགས་འགུལ་ཆེ་བའི་བོད་ཡིག་དཔེ་དེབ་ཀྱི་རྩོམ་པ་པོ་ཞིག་ལ་སྤྲོད་རྒྱུ་ཡིན༽ཅེས་བཀོད་ཡོད་པ་ཡིན་དུས། སློབ་གསོ། འཕྲོད་བསྟེན། ལོ་རྒྱུས། སྒྱུ་རྩལ་བཅས་ཀྱི་ཁྱབ་ཁོངས་ཤིག་ནས་འདམས་ཡོད་ན། བྱ་དགའ་དེ་ངས་མི་ལེན་གསུང་མཁན་ཡོང་གི་མ་རེད།

    ད་ནི་ཚར་ཚར་ཚར་བ་རེད་ཀྱང་། སྒོ་ཤེར་ལ་ད་རེས་བྱ་དགའ་འདི་བཞེས་གནང་རོགས་ཞེས་དཔྱད་འདེམས་པ་ཚོས་ཀྱང་ཕར་ལ་རྒྱུ་མཚན་ཞིག་བགྲངས་རྒྱུ་ཡོད་ན་བགྲངས་རན་རེད། དཔྱད་འདེམས་པ་ཚོས་༼ང་ཚོ་སད་རན༽ཟེར་བའི་དེབ་དེ་ཡང་བསྐྱར་བཀླགས་ནས་སྒོ་ཤེར་ལ་གནས་ལུགས་འདི་འདུག་མི་འདུག་གཟིགས་རོགས།
    རྟེན་འབྲེལ་གྱི་སྐེད་པ་འདི་ནས་ཆད་དུ་འཇུག་མི་ཉན་པར་འདོད།

  2. གཡག says:
    2013-10-16 at 5:55 am

    སྒོ་ཤེར་གྱིས་ངོ་མ་སད་བཅུག་སོང་། ད་ཡིན་ན་ན་ནིང་གི་འཇིགས་བློའི་ཆགས་གཏམ་ལ་ཕུལ་བ་ནང་བཞིན་རེད་དམ། དངོས་གནས་བསམ་བློ་བ་ཟེར་ན་ཁྱེད་འདྲ་བ་རེད། ངོ་སོ་བསྟོད།

    སྐད་ཆ་རེ་རེར་ཀློག་ཡོང་དུས་ཧ་ལས་སོང་། གཉིས་ཀློང་ནས་སད་བཅུག་སོང་། འདང་རྒྱབ་ནས་མ་བཤད་དེ་འདྲ་རེད། དཔྱད་བདམས་པ་སུ་རེད། ད་ཡིན་ད་་་་

    སྒོ་ཤེར་གྱི་“སྤྱིར་བཏང་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཞེས་པ་དེ་ཐོག་མར་ཇི་ལྟར་ཚུགས་པ་དང་། བར་དུ་ཇི་ལྟར་འདེམ་གྱི་ཡོད་པ། ཐ་མར་ཇི་ལྟར་གནང་གི་ཡོད་པ་སོགས་ཕྲན་གྱིས་རྩ་བ་ནས་ཤེས་ཀྱི་མེད་”ཅེས་བཤད་འདུག ད་ཡིན་ན་ཀླུ་སྨྱོན་ཡ་ཀླུ་སྨྱོན་་་་་་་

  3. ཨ་ཕྱི་ཆོས་སྒྲོན says:
    2013-10-16 at 5:59 am

    ཁོ་རང་སད་ཡོད་ས་མ་རེད། གཞན་ལ་སད་རན་བཤད་ཀྱང་གཏམ་ཉོག་ལས་རྩོམ་ཆོས་མ་ཡིན་པ་འདྲ། ངས་མི་ཤེས། བཀླག་མྱོང་ལྟ་ཅི་ད་རིས་མ་གཏོགས་གོ་ཡང་མྱོང་། ཁྲག་འཐུང་གླིང་པ་དང་ཚོམ་ཆུང་གིས་དཔྱད་པ་དང་བཀླགས་པར་འདྲ། ད་ཡིན་ན་རྫ་ཚེ་རིང་བཀྲ་ཤིས་དང་། བོན་རྒྱ། ཆོས་འཁོར་ཉི་མ་འོད་ཟེར་དང་།ཧོར་འཇིགས་སོགས་གང་རུང་ཞིག་ལ་འབུལ་ན་མི་ཆོག་གམ། སྒོ་ཤེར་ལ་ཨུ་ཚུགས་རྒྱག་རྒྱུ་ཡོད་མ་རེད།

  4. གཡག says:
    2013-10-16 at 6:03 am

    འོ་་་རེད་་་ཁོང་ཚོས་ད་ལེན་རྐྱང་གནང་ནི་རེད། སྐྱབས་སུ་མཆི་རྒྱུ་ཏག་ཏག་ཡིན་ནི་རེད།

  5. ལུང་རྟོགས། says:
    2013-10-16 at 6:09 am

    གང་ལྟར་ཀླུ་སྨྱོན་རྩོམ་རིགས་བྱ་དགའི་དྲྭ་ཐོག་གི་འོས་བསྡུ་དེ་ནི་འདྲ་ཆག་ཆག་ཙམ་རེད་འདུག འོས་བསྡུས་ཁྲོད་ལ་མི་མང་ཆེ་བས་འབྲི་གུང་སྐྱབས་མགོན་ལ་འོས་འཕངས་སོང་ཡང་ཐ་མའི་ཐག་བཅོད་ནི་དཔྱད་འདེམ་པ་པ་ཚོས་ག་རེ་བཤད་བཤད་ཡིན་པ་འདྲ།

  6. ཆབ་བྲག་ཕོ་ཉ། says:
    2013-10-16 at 6:28 am

    མགུར་བཅུ་གཅིག་པ།

    རྩོམ་རིག་གི་བྱ་དགའ་གང་ཡིན། ཡར་སྐུལ་ལ་ནུས་པ་ལྡན་པས། ཀླུ་སྨྱོན་གྱི་བྱ་དགའ་འདི་ཡང། ཕན་པ་ལས་གནོད་པ་མེད་སྙམ།
    བཟང་བཟང་དང་ངན་ངན་གང་ཡང། སྐབས་འདིར་ནི་བཤད་ཚོད་དཀའ་ཡང། སྒོ་ཤེར་གྱི་ཁེངས་སྐྱུང་དེ་ལ། སྙིང་དབུས་ནས་ཕྱག་གཅིག་ཤོར་སོང།
    ལེགས་ལེགས་ཀྱི་རྩེར་སོན་དག་ལ། གཟེངས་བསྟོད་དེ་དགོས་པ་མེད་ཀྱང། ཡ་རབས་ཀྱི་མིག་དཔེ་ལྟ་སར། དོན་དམ་གྱི་དཔེ་བཟང་༓ཟིག་དགོས་གལ།

  7. བཀྲ་ཤིས says:
    2013-10-16 at 6:39 am

    བྱ་དགའི་མིང་འདོགས་ཚུལ་ལ་བལྟས་པ་ཙམ་གྱིས་ཀྱང་རང་དོན་ཁོག་བཅུག་ཡིན་པ་ཧ་གོ་ཐུབ། རང་གི་མིང་དེ་ལས་གཞིའི་མིང་དུ་གཙོ་འདོན་བྱེད་ཚུལ་འདི་ནི་རྒྱ་ནག་གཞུང་དང་རྒྱ་ཕྱུག་ཚོས་བོད་ལ་རོགས་རམ་བྱེད་སྟངས་དང་ཆ་འདྲ་བོ་འདུག བོད་ལ་འཛུགས་སྐྲུན་བྱས་པའི་ཐང་ཆེན་དང་ཐོག་ཁང་དེ་ཚོའི་མིང་འདོགས་ཚུལ་ལ་ལྟོས་དང་ཤེས། སྤྱིར་བཏང་དུ་མི་བྱས་རྗེས་ཅན་དང་རླབས་ཆེན་གང་ཞིག་སྐུ་གཤེགས་ན། རྗེས་རབས་པ་ཚོས་དམ་པ་གོང་མའི་མཛད་རྗེས་ལ་རྗེས་དྲན་དང་ཆེ་འདོན་བྱ་བའི་ཆེད་དུ་ངེས་དོན་གྱི་སྐྱེས་བུའི་མཚན་དེ་བྱ་དགའི་མིང་དུ་འདོགས་སྲོལ་འདུག ལྷག་པར་དུ་རྩོམ་རིག་གི་བྱ་དགར་མིའི་མིང་ཞིག་འདོགས་པ་ལ་མིང་དོན་མཚུངས་པའི་རྩོམ་པ་པོ་ཞིག་ཡིན་དགོས། འོ་ན། ཀླུ་སྨྱོན་ཟེར་བ་འདི་ནི་གཟེངས་རྟགས་ཀྱི་མིང་དུ་བཏགས་ནས་གཞན་ལ་གྱི་སྐེ་ལ་བཏགས་ན་ངེས་དོན་གྱི་གཟི་བརྗིད་དང་བྱིན་རླབས་ཅི་ཞིག་མཆིས་སམ། གཞན་སྨྲོས་མ་དགོས་པར་མིང་གི་རྟེན་འབྲེལ་བརྟག་པ་ཙམ་གྱིས་ཀུན་ལ་རྣམ་རྟོག་ལངས་སུ་འཇུག་གོ།

  8. ཨ་ཕྱི་ཆོས་སྒྲོན says:
    2013-10-16 at 6:43 am

    གཡག་གམ་འབྲི་ས་འཛིན་དཀར་པོ་ལགས། ང་ཚོ་ལ་མ་ཐོབ་ན་ཡང་ངན་བརྗོད་བྱེད་རྒྱུ་ཡོད་མ་རེད། སྒོ་ཤེར་ཁོ་རང་གིས་མ་ཤེས་པ་རེད་འདུག་ག དང་པོ་སྙན་ངག་པ་དྲུག་ཅུ་ནང་ནས་གདམས་པའི་སྙན་ངག་པ་ཞིག་ལ་བྱ་དགའ་གནང་བ་རེད། བར་དུ་སྐད་རིག་གི་མཁས་དབང་ལ་གནང་བར་རེད། མཐར་ང་ཚོ་སད་རན་ཞེས་པ་ལ་ཡར་རྒྱས་རྒྱལ་ཁབ་ཀྱི་ཞི་བདེ་གཟེངས་རྟགས་བཞིན་གངས་བསྟན་སྤྱི་ཕན་དུ་སྒྲུབ་པ་ཞིག་ལ་ཕུལ་རེད། ངས་ཀྱང་སྒོ་ཤེར་རྩོམ་པ་པོ་ཞིག་ཡིན་པར་ཤེས་ཡོད། ཡིན་ན་ཡང་ཁོས་ད་ཐེངས་རྟ་རྒྱུགས་པ་དོང་རྐོ་བའི་ལས་ཀ་ལས་འཇིག་རྟེན་དང་ཆོས་ལ་ཉམས་མྱོང་དང་མཐོང་རྒྱ་མེད་པ་ཞིག་བསྟན་སོང་། མདོར་ཀླུ་སྨྱོན་ཁྲག་འཐུང་གླིང་པའི་ཕྲིན་ལས་རྒྱས་པར་སྨོན་བཞིན་ཡོད། བསྟན་སྲུང་ནས

  9. རིགས་སློབ། བློ་སྦྱིན། says:
    2013-10-16 at 7:06 am

    མཁན་རིན་པོ་ཆེ་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་བརྩམས་གནང་བའི་འཛམ་གླིང་ཤར་ནུབ་ཀྱི་རིག་གཞུང་དང་དེང་དུས་བཟའ་བཏུང་གི་འཕྲོད་བསྟེན་བྱ་ཚུལ་སོགས་ཁོང་གི་བརྕམཆོས་ཁག་ནི་དངོས་གནས་དུས་ཐོག་ཆར་བ་རང་བྱོན་དུ་བབ་ཡོད་པས་ཁོང་ལ་ཕུལ་ན་ཏག་ཏག་རེད། །

  10. ཉི་ནུབ says:
    2013-10-16 at 7:29 am

    རྩོམ་རིག་བྱ་དགའ་དེའི་བོད་མི་དམངས་སྤྱི་འཐུ་ཀ་མ་ཆོས་འཕེལ་ལ་འཕུལ་རོགས་གནང་།

  11. ཕུག་རོན། says:
    2013-10-16 at 7:30 am

    རྩོམ་རིག་བྱ་དགའ་དེའི་མིང་ལ་དགེ་ཆོས་སམ་རང་གྲོལ་བྱ་དགའ་ལབ་ན་ཚང་མས་ཆ་འཇོག་གནང་གི་རེད། ཀླུ་སྨྱོན་རྩོམ་འབྲི་མཁན་ཞིག་ཡིན་ནའང་ཁོང་གི་རྩོམ་རྩལ་དེ་ཁྱད་པར་བ་ཞིག་མ་རེད་བསམ།

  12. གནམ says:
    2013-10-16 at 9:35 am

    ཀླུ་རྩོམ་རིག་བྱ་དགའ་འདི། ཁོ་དགས་རྩ་ཆེན་ཞིག་ལ་བརྩིས་ཡོད་མེད་མི་ཤེས་རེད། ཁོ་རང་གིས་རྩོམ་འབྲི་བའི་ཕྱོགས་ལ་དགའ་ཞེན་ཆེན་པོ་ཞིག་བཟུང་ཡོད་པ་གསལ་པོ་རེད། དེ་ནི་སྨྱུག་འཛིན་པ་གཞན་ལ་ཕྲག་དོག་དང་འདྲེན་བསམ་མེད་པའི་སྨྱོན་པ་ཐུགས་ཡག་ཞིག་རེད་ཞུ་རྒྱུ་ཡིན།
    བྱ་དགའ་ལེན་མི་ལེན་དེ་གལ་ཆེན་པོ་མ་རེད། བྱ་དགའ་ཞིག་སྤྲོད་མཁན་ཡོད་མི་ཡོད་དེ་གལ་ཆེན་པོ་རེད། མྱི་ཞིག་གིས་རང་གིས་བལ་ཚོད་ཀྱིས། བསམ་བློ་འཁོར་ཚོད་ཀྱིས། འཇིག་རྟེན་འདི་ལ་ལག་རྗེས་ཞིིག་འཇོག་པར་འདོད་པའི་ཀུན་སློང་བཟུང་བ་ཙམ་ཀྱིས་མ་ཚད་ལག་སྟེར་དུ་བཏང་བས། ཁོང་གཞན་དང་མ་འདྲ་བ་ཞིག་ཡིན་པ་གསལ་བོ་རེད།
    འཇིག་རྟེན་འདི་ན་མྱི་མང་ཆེ་ཟ་མ་ཟ་བཞིན། སྐྱག་པ་གཏོང་བཞིན་ཤི་འགྲོ་བ་རྐྱང་ཡིན། དེ་ལས་བྱས་རྗེས་དང་ལག་རྗེས་ཅན་ནི་ཤུན་དུ་དཀོན་པོ་རེད། བོད་ལ་ཕྱོགས་གང་ནས་ཡིན་ན་ཡང་མ་འདང་བ་མང་པས། རྩོམ་རིག་བྱ་དགའ་མྱིང་དུ་གྲགས་པ་ཞིག་ཡོད་ཚོད་མེད། རྒྱུ་མཚན་འདིས། ངས་ཁོང་ལ་གུས་ཞབས་ཞུ། ཀླུ་སྨྱོན་བྱ་དགའ་འདི་ཆེ་མཐོང་བྱེད་ནིའི་ལག་པ་རྐྱང་རྐྱང་ལ་རག་པར་ཤོག།
    རྩོམ་སྩལ་གྱི་ཆས་མ་འདང་ན། དེ་ནི་ཡོད་ཆགས་པ་ཞིག་རེད། ཡིན་ན་ཡང་ཤེས་ཡོན་ཡོད་མཁན་ཞིག་གིས་ཁེངས་སྐྱུང་བྱེད་དགོས་བར་རློམ་པ་ནི་ཀླུག་ཞད་ཡོད་པའི་རང་རྟགས་ངོ་མ་དེ་ཕྱི་ལ་ངོམ་པས། ང་ནི་གཏན་ནས་མི་དགའ། དེ་རིགས་ལ། གཙོ་བོ་བྱས་ནས་ཡར་ལ་བཞག་ན། གསོ་སྒྱེ་དྲུད་ནས་མར་ལ་འབབ་ཀི་ཟེར་བ་དེ་རེད།
    ཉིན་ཞིག། ཀླུ་སྨྱོན་གཏེར་བདག་ཆེན་པོ་ཞིག་ལ་ཆགས་དུས། བྱ་དགའ་འདི་ཡང་རིན་ཐང་ཆེན་པོ་ཞིག་ཆགས་པར་ཐེ་ཚོམ་ག་ལ་ཡོད།

  13. lobsang199 says:
    2013-10-16 at 9:50 am

    ཡང་གཅིག་མིན་ན་འབུལ་ཡུལ་ཆེ་དྲགས་པ་འདྲ། ཡང་གཅིག་མིན་ན། བྱ་ག་ཆེ་དྲགས་པ་འདྲ། ངས་ནི་གཉིས་ཀ་མི་ཤེས། ཁ་དོན་ཚིགས་ལ་མ་གནས་པ་འདྲ་བོ་ཞིག་བྱུང་སོང།

  14. བཀྲ་ཤིས་དོན་འགྲུབ། says:
    2013-10-16 at 10:31 am

    ཨ་ཕྱི་ཆོས་སྒྲོན་ཟེར་བ་འདི་རྒྱུས་མེད་རྒྱུས་གཏམ་བཤད་རྒྱུར་དགའ་བ་ཞིག་རེད། མོའི་མཐོང་རྒྱ་དང་ཐོས་རྒྱ་ནི་ཁབ་མིག་ཙམ་ལས་མི་འདུག ངས་བལྟས་ན་ཁྱེད་རང་ད་ལྟ་གནད་དོན་འདི་དག་གླེང་བའི་གནས་ཚད་ལ་སོན་མི་འདུག

  15. ཆབ་མདོ་ངག་ཕུན། says:
    2013-10-16 at 10:54 am

    བརྩམས་ཆོས་དེར་གང་འདྲ་ཞིག་གི་ཐོག་ནས་གནང་བ་ཡིན་པས་དཔྱད་འདེམས་པ་ཚོས་གསལ་བཤད་གཅིག་གནང་དགོས་ཀྱི་འདུག་སྙམ།

  16. དྲན་དཀར་དཔལ་ཡོན་ says:
    2013-10-16 at 12:25 pm

    ཤེས་སོང་། ངས་འདི་ནས་གནས་ལུགས་ཅིག་ཤེས་སོང་། ང་གཅིག་པོའི་སེམས་ནང་ཉར་གྱི་མིན་དྲྭ་འབུ་གོ་བ་ཡོད་མེད་ཚང་མར་བགོ་བཤའ་བྱེད་ཆོག སྐྱེས་བུ་ཤེས་ཡོན་གྱི་གནས་ཚད་མཐོ་མིན། སྤྱོད་པ་བཟང་ངན་གཉིས་ཀ སྒེར་ཚུགས་ཆེ་མིན། གྲྭ་བ་དང་ཁྱིམ་པ་ཁྲིམས་འཁུར་མིན་ཇི་ལྟར་ཡང་། ངོ་བསྟོད་དང་བཟང་བསྟོད་ལ་རེ་བ་ནི་བྱིས་དུས་ནས་མིའི་གཤིས་སུ་ཡོད་པ་ཡིན་ཙ། གླ་རྔན་ནམ་བྱ་དགའ་སྤྲོད་དགོས་ཀྱིན་འདུག དཔེར་སྟངས་ཆགས་བཞག་ན་ཅིག་བྲིས་ཚར་དུས་བཟང་རབས་བཤད་མིན་ཡང་ཡང་བལྟ་དགོས་ཀྱིན་འདུག་ག
    སྨྱུགས་ཐོགས་པ་སྒེར་ཚུགས་ཅན་སྒོ་ཤེར་ལ་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་མི་སེམས་འགུལ་བའི་རྩོམ་ཡིག་མུ་མཐུད་ནས་སྤེལ་བའི་རེ་སྐུལ་དང་བཅས། ང་ཚོའི་སྤྱི་ཚོགས་ནང་མི་སྒེར་བྱ་དགའི་སྲོལ་གཏོད་པ་པོ་ལྟ་བུར་གྱུར་པའི་སྐུ་ཞབས་ཁོང་ལ་བཀའ་དྲིན་ཆེ་ཞུ།
    ཚང་མའི་བསམ་པ་ཡར་སེམས་ངང་སེམས་དགའ་བ་བྱས་ན་འགྲིག་ག

  17. ཨ་ཕྱི་ཆོས་སྒྲོན says:
    2013-10-16 at 1:11 pm

    མདོར་ན་་་་་་ཀླུ་སྨྱོན་རྩོམ་རིགས་ཚོགས་ཆུང་དང་བོད་མི་འོས་འདེབས་རྣམས་ལ་བརྙས་བཅོས་དང་ཁྱད་གསོད་ཀྱི་ལས་ཀ་ཞིག་རེད། རྩོམ་རིགས་ཚོགས་ཆུང་གི་ངོས་ནས་ཁོའི་རྩོམ་ཡིག་དེ་ཚད་མཐོའི་རང་བཞིན་གྱི་བོད་རྩོམ་ཚད་ལྡན་ཞིག་ཡིན་མིན་ལ་བྱ་དགའ་སྟེར་བ་མ་ཡིན་པར། རྩོམ་ཡིག་གང་ཞིག་གིས་བོད་མིའི་སྤྱི་ཚོགས་ཁྲོད་ལ་ཤུགས་རྐྱེན་ཅི་ཙམ་ཞིག་ཐེབས་ཡོད་མེད་དང་མང་ཚོགས་ཀྱིས་རང་མོས་ཐོག་འོས་འདེབས་བྱས་པ་བརྒྱུད་ནས་ཡོང་བ་ཞིག་རེད། བཀྲ་ཤིས་པའི་ལྷ་ཁང་བཞེངས་ས་ན་བཀྲ་མི་ཤེས་པའི་ཁྭ་ཏས་ཨོག་སྐད་ཟེར་བ་དེ་འདི་རེད། ཁོའི་བྱེད་སྟངས་འདིས་ད་ཐེངས་སྒོ་ཤེར་རང་གི་མི་གཤིས་དང་བསམ་བློའི་རིན་ཐང་ཆ་ཚང་ཁྱི་རྒྱུ་སྡེར་ཐོག་ལ་བཤམས་བཞག་སོང་།།

  18. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-10-16 at 1:43 pm

    # 17 ཨ་ཕྱི་ཆོས་སྒྲོན་ལགས་ཀྱིས་མཆན་བཏབ་པ།:
    October 16th, 2013 at 1:11 PM
    མདོར་ན་་་་་་ཀླུ་སྨྱོན་རྩོམ་རིགས་ཚོགས་ཆུང་དང་བོད་མི་འོས་འདེབས་རྣམས་ལ་བརྙས་བཅོས་དང་ཁྱད་གསོད་ཀྱི་ལས་ཀ་ཞིག་རེད། རྩོམ་རིགས་ཚོགས་ཆུང་གི་ངོས་ནས་ཁོའི་རྩོམ་ཡིག་དེ་ཚད་མཐོའི་རང་བཞིན་གྱི་བོད་རྩོམ་ཚད་ལྡན་ཞིག་ཡིན་མིན་ལ་བྱ་དགའ་སྟེར་བ་མ་ཡིན་པར། རྩོམ་ཡིག་གང་ཞིག་གིས་བོད་མིའི་སྤྱི་ཚོགས་ཁྲོད་ལ་ཤུགས་རྐྱེན་ཅི་ཙམ་ཞིག་ཐེབས་ཡོད་མེད་དང་མང་ཚོགས་ཀྱིས་རང་མོས་ཐོག་འོས་འདེབས་བྱས་པ་བརྒྱུད་ནས་ཡོང་བ་ཞིག་རེད། བཀྲ་ཤིས་པའི་ལྷ་ཁང་བཞེངས་ས་ན་བཀྲ་མི་ཤེས་པའི་ཁྭ་ཏས་ཨོག་སྐད་ཟེར་བ་དེ་འདི་རེད། ཁོའི་བྱེད་སྟངས་འདིས་ད་ཐེངས་སྒོ་ཤེར་རང་གི་མི་གཤིས་དང་བསམ་བློའི་རིན་ཐང་ཆ་ཚང་ཁྱི་རྒྱུ་སྡེར་ཐོག་ལ་བཤམས་བཞག་སོང་།
    ཟེར།
    མཆན་འདི་སྤྲུལ་སྐུ་དབང་ཆེན་ཟེར་བ་དེའི་ངོ་དེབ་ན་ཡང་འདུག་པས་ཨ་ཕྱི་ཆོས་སྒྲོན་ཟེར་བ་འདི་སྤྲུལ་སྐུ་དབང་ཆེན་ཟེར་བ་དེ་ཨེ་ཡིན།

  19. ས་སྒོ་བསམ་གཏན་སྒྲོལ་མ། says:
    2013-10-16 at 1:45 pm

    ཨ་ཕྱི་དང་དབང་ཆེན་གཉིས་མི་གཅིག་ཡིན་པ་འདྲ་བོ་འདུག་བསམ་སོང་།

  20. རུ་ཤུལ་བུ says:
    2013-10-16 at 2:25 pm

    ཨོ་དེ་རེད། སྒོ་ཤེར་འདི་མྱི་སྐོར་ལོག་རྭ་ཁུག་དཀྱོག་ཅིག་ཡིན། མྱི་སུ་ཡིན་གིས་གང་འདོད་འདོད་དུ་བེད་སྤྱོད་གཏོང་མི་ཐུབ། ཨ་ལ་ཀུ་རེ་ཡིན། སྒོ་ཤེར་གྱི་དགོངས་ཚུལ་ལ་ཡི་རིངས་ཡོད།

  21. འབྲོང་རུ་དམར། says:
    2013-10-16 at 2:30 pm

    སྒོ་ཤེར་ལ་ཚད་གཞི་མེད་པ་དེ་གསལ་བོ་རེད།

  22. རྟ་བདུན་དབང་བོ says:
    2013-10-16 at 2:47 pm

    གཞན་ཞིག་གི་ལྷག་བསམ་གྱིས་ཕུལ་བ་དེ་ཆེ་ན་ཆུང་ན་བཞེས་ན་ལེགས་པར་སྙམ། འོན་ཀྱང་བྱ་དགའ་དེ་དང་མཉམ་དུ་ཨ་སྒོར་ཁྲི་གཅིག་ཡོད་ན་ལེགས་པོ་ཡོད་ས་རེད། ཧ་ཧ་ཧ། ཀུ་རེ་ཡིན། རྗེས་སུ་ཞལ་འདེབས་བསྡུ་དགོས་ས་མ་རེད་པས། །

  23. རང་རིག་རང་གསལ། says:
    2013-10-16 at 4:27 pm

    ཕྱི་གླིང་བོན་མཐུན་འབྲེལ་ལྷན་ཚོགས་ཐེངས་དང་པོ་ཚོགས་ཐུག་པ་དགའ་སུ་གྲངས་མེད་ཞུ། ཡིན་ན་ཡང་། ཕྱི་ཡི་སྣང་ཚུལ་ཙམ་མ་ཡིན་པ་དོན་དངོས་ཀྱི་མཐུན་འབྲེལ་གྱི་ཚོགས་འདུས་ཤིག་ཡིན་ན་འདྲིག་ག གཞན་ཞུ་ཡ་མང་པོ་འདུག་སྟེ་་་དེ་རིང་དེ་ཙམ་ཡིན།

  24. ཀླུ་སྨྱོན། says:
    2013-10-16 at 5:24 pm

    ལོ་རབས་བདུན་ཅུ་པའི་ནང་ནོ་སྦེལ་ཞི་བདེའི་བྱ་དགའ་ཡང་ཕྱིར་སློག་མཁན་ཡོད་འདུག བྱ་དགའ་ཆུང་ཆུང་འདི་ད་ཡིན་ད་ཡིན། དོན་དག་འདིས་བྱ་དགའ་འདི་ཚ་ཚ་འུར་འུར་བཟོས་སོང་། ང་ནི་དགའ་བསྡད་ཡོད། སྤྱི་ཚོགས་ཆུང་་ཆུང་རེ་ཞིག་དཀྲུགས་སོང་།

  25. སྒྲོལ་མ་འཇིགས་སྒྲོལ says:
    2013-10-16 at 5:57 pm

    ཨ་ཕྱི་ཆོས་སྒྲོན་ཞེས་པ་དེ་མཁན་ཆེན་དཔལ་དགྱེས་རྡོ་རྗེ་རེད། སྤྲུལ་སྐུ་དབང་ཆེན་ཁོང་གི་མིང་སྤྲུལ་གཅིག་ཡིན་པ་རེད།ཁོང་གི་མིང་སྤྲུལ་བཅུ་ཕྲག་ཁ་ཤས་སྤྲུལ་ནས་སེམས་ཅན་དོན་མཛད་ཀྱིསཡོད་པ་རེད།སྐྱབས་མཆི།

  26. གནམ says:
    2013-10-16 at 6:25 pm

    སྨྱོན་པ་ཀླུ་ལགས།
    ཁྱེད་ཀྱིས་མཇུག་སྐྱོང་ཐུབ་ན། ངས་ངའི་བུ་རབས་ཚ་རྒྱུད་ཚོ་ལ། ཁྱེད་ཀྱི་རྩོམ་རིག་བྱ་དགའ་དེ། རྩོམ་སྣེ་གང་ཞིག་གི་སྒོ་ནས་ལེན་ཐུབ་པའི་བློ་བཅོལ་རེ་ཞུ་ངེས་ཡིན་ན། ཁྱེད་ཤིན་ཏུ་དགའ་འམ། སྐབས་དེར་ཁྱོད་དང་ང་གཉིས་ཤི་ཡོད་སྲིད། དེ་སྐྱོན་ནམ།

  27. ཨ་ཕྱི་ཆོས་སྒྲོན says:
    2013-10-16 at 8:25 pm

    ཁྲག་འཐུང་གླིང་པའི་གསུངས་པ་ཤིན་ཏུ་རྨད། ནོ་སྦེལ་གྱི་གཟེངས་རྟགས་ངོས་ལེན་མ་བྱས་མཁན་ཁ་ཤས་རེ་བྱུང་མྱོང་ཡོད་འདུག་མོད། དེ་དག་ནི་མང་ཆེ་བ་ཞིག་ཚོགས་སྒེར་གང་རུང་རེས་གནོན་ཤུགས་འོག་ནས་བྱུང་འདུག་ལ། །མི་སྒེར་གྱིས་དང་བླངས་སྒོ་ནས་ངོས་ལེན་མི་བྱེད་མཁན་མི་གཉིས་འདུག །དང་པོ་དེ་༡༩༦༤ལོར་ཧྥ་རན་སིའི་རྩོམ་པ་པོ་འཇན་ཕོལ་སཱར་ཏྲས་ངོས་ལེན་ཞུས་མི་འདུག །རྒྱུ་མཚན་ནི་ཁོང་རང་ཉིད་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་གཞུང་སྒེར་སུས་གཟེངས་རྟགས་དང་ལེགས་སྐྱེས་ཕུལ་ནའང་བཞེས་འདོད་གཏན་ནས་མེད་ལབ་འདུག། གང་ཡིན་ཞེ་ན། རྩོམ་པ་པོ་ཞིག་གིས་རང་ཉིད་ཚོགས་སྡེ་ལྟ་བུ་ཞིག་ཏུ་བསྒྱུར་མི་རུང་ཞེས་དམ་བཅས་ཡོད་པ་དེས་རེད་འདུག །
    གཉིས་པ་དེ་༡༩༧༣ལོར་ཝེ་ཐི་ནཱམ་གྱི་དམར་ཤོག་ཚོགས་མི་ལའུ་རྡོག་ལྡོ་གྱིས་ངོས་ལེན་བྱས་མི་འདུག །རྒྱུ་མཚན་ནི་སྐབས་དེ་དུས་ཝེ་ཐི་ནཱམ་གྱི་ནང་ལ་ཞི་བདེ་དང་ལྷིང་འཇགས་མེད་པས་ཡིན་ལབ་འདུག །ད་སྒོ་ཤེར་ལ་དེ་ལྟ་བུའི་དམ་བཅའ་དང་རྒྱུ་མཚན་ངེས་ཅན་ཞིག་བཤད་རྒྱུ་འདུག་གམ།

  28. ལྡོང་གི་ལྷ་རྩེ། says:
    2013-10-16 at 8:55 pm

    སྒོ་ཤེར་ལ་རྒྱུ་མཚན་ལྡན། རྩོམ་རིག(Literature 文学)གི་བྱ་དགའ་ཞིག་དཔྱད་བརྗོད་ཀྱི་དེབ་ཅིག་ལ་སྤྲད་པ་ནི་ར་མགོ་ལུག་སྦྱར་རང་རེད། “སྤྱི་ཚོགས་སྟེང་སློབ་གསོ་དང་འཕྲོད་བསྟེན། ལོ་རྒྱུས་་་”སོགས་ཀྱི་དེབ་ལ་བྱ་དགའ་དེ་ཕུལ་རྩིས་ཡོད་ན། ཐོག་མ་ཉིད་ནས་”རྩོམ་རིགས་”ཞེས་རིགས་ས་མཐའ་ཡོད་པ་དེ་བྲིས་ཡོད་ན། རྩོམ་མམ་བརྩམ་ཆོས་ཀྱི་རིགས་སུ་གྱུར་བ་ཀུན་ལས་ལེགས་འདེམས་བྱེད་ཆོག་ལ། སྒོ་ཤེར་ནས་ཀྱང་དྭང་ལེན་བྱ་སྲིད་དོ།།

  29. བསམ་ཤེས། says:
    2013-10-16 at 10:54 pm

    ངས་བལྟས་ན། སྒོ་ཤེར་ལ་རྒྱུ་མཚན་དང་དྭོགས་པ་དང་། མཇུག་འབྲས་ལ་བསམ་གཞིགས་སོགས་མང་པོ་ཞིག་ཡོད་སྲིད། ཀླུ་སྨྱོན་ལགས་གྱིས་མཁྱེན་དགོས་པ་ཞིག་ལ། དེང་སང་ཕ་ཡུལ་ལ་སྔར་དང་མི་འདྲ་བའི་རྒྱ་གཞུང་གི་དམ་འཛིན་དང་ཉེས་གཡོག་གི་ཉེན་ཁ་ཆེ། དེར་བརྟེན། གཅིག་བྱས་ན། གཟེངས་རྟགས་འདི་བརྒྱུད་ནས་རྒྱ་ཕྱོགས་ལ་ལག་ཕྱིས་ཤིག་སྤྲད་ནས་ཁོང་ལ་བསུན་བཙེར་བཟོ་སྲིད། ཁོང་དེབ་དེ་བྲིས་པ་ནས་གཏན་གཏན་རྒྱ་ཕྱོགས་ཀྱི་མེ་མདའི་སོར་ཁུང་ལ་ཚུད་ཟིན། དེར་བརྟེན་ཁོང་ལ་ཉིན་ལྟར་ལྟ་རྟོག་བྱེད་མཁན་ཡོད་མུས་ལ། གཟེངས་རྟགས་འདིས་རྙོག་ཁྲ་སྣོན་མ་བཟོ་སྲིད་སྟབས། གཞན་དབང་སྟབས་བསྟུན་གྱིས་བྱ་དགའ་ལེན་མ་ཐུབ་པ་ཡོང་སྲིད།

    འདི་ང་ཀླད་ཆུང་ཞིག་གི་སྐྱུར་ཕོར་བ་དོ་དང་། དུ་བ་རྐང་བཞི། ཆུང་མ་གྲོད་ཆེན་དེའི་ཁ་བརྡུང་ཐེངས་བཞི་ཐོབ་རྗེས་བྲིས་པའོ།

  30. བན་དེ་བ། says:
    2013-10-16 at 11:50 pm

    ཨ་ཕྱི་ཟེར་བའི་འདྲེ་མོ་དེ་གང་སར་སྤྲུལ་ཏེ་ནང་འཁྲུགས་ཁོ་ནར་སློང་གི་རེད། དེ་ཡི་སྟུ་ཁ་ལ་མ་བལྟ་རོགས། ཁ་ནས་ཁྲག་མ་གཏོགས་ལྷུག་མི་སྲིད།

  31. དྲན་དཀར་དཔལ་ཡོན་ says:
    2013-10-17 at 1:34 am

    བསམ་ཤེས་ཀྱི་སྐད་ཆ་ཡག་ག

  32. ཆབ་བྲག་ཕོ་ཉ། says:
    2013-10-17 at 8:09 am

    སྒོ་ཤེར་ནི་གོ་ཤེས་ཅན་ཞིག་སྟེ། བདེན་དོན་གྱི་རང་ཚུགས་འདི་འདྲ་དཀོན།
    ཀླུ་སྨྱོན་ནི་དགྱེས་ན་དེ་གས་འཐུས། གཞན་དག་ཚོས་སེམས་ཁྲལ་དོན་མེད་རེད།
    བསམ་བློ་ནི་སྨིན་དང་མ་སྨིན་པའི། ཚད་གཞི་ཞིག་འདི་ནས་མཐོང་སོང་ངོ།

  33. རྫ་ཚེ་རིང་བཀྲ་ཤིས། says:
    2013-10-17 at 9:10 am

    བྱ་དགའ་ནི་དང་གཟེངས་བསྟོད་ནི་རང་ངོས་ནས་སྐུལ་མ་དང་གཞན་ངོས་ནས་ཆ་འཇོག་ཞིག་སྟེ། འདི་ནི་སྟོབས་ཤུགས་ཤིག་གི་ཁ་སྣོན་དང་རྒྱལ་ཁ་ཞིག་གི་ངོས་འཛིན་རེད།
    འདིས་སྐྱེས་བུ་ཞིག་གི་ཕུགས་བསམ་ལ་བསྐུལ་མ་གཏོང་གིན་ཡོད་ལ་ལས་དོན་ཞིག་གི་ལེགས་འགྲུབ་ལ་དཔུང་སྣོན་བྱེད་པ་ཡིན། འདི་ནི་གཟེངས་རྟགས་འབུལ་ལེན་གྱི་རྒྱུན་ཤེས་རེད་སྙམ།
    རང་ཉིད་ཁེངས་པ་མེད་འདོགས་དང་། བྱ་དགའ་ལེན་པ་ཆོས་བརྒྱད་ཡིན་འདོག་གིས་མི་ལེན་པ་ཡིན་ན་ནི་རིན་ཐང་ལ་མཉེས་བཅོས་བྱས་པ་ཞིག་ཏུ་འགྱུར་སྲིད་ཅིང་།

  34. ལུང་རྟོགས། says:
    2013-10-17 at 10:43 am

    ཀླུ་སྨྱོན་རྩོམ་རིག་བྱ་དགའི་དཔྱད་འདེམས་པ་ཚོའི་ཤེས་ཚད་ལ་སྒོ་ཤེར་གྱིས་ཐེར་འདོན་ཞིག་བྱས་སོང་བ་འདྲ།

  35. གངས་སེང་ says:
    2013-10-17 at 12:04 pm

    ལྡོང་གི་ལྷ་རྩེ་ཞེས་པ་འདི་བོད་རིག་པ་ཞིབ་འཇུག་ཅེས་པའི་དུས་དེབ་ནང་གི་རྒྱུས་ཡོད་ཀྱི་རྒྱུས་གཏམ་སྨྲ་བ་ཞེས་པའི་རྩོམ་ཡིག་འབྲི་བ་པོ་མིན་པའི་རེ་བ་ཡོད།

  36. རྔ་བ་མཁས་གྲུབ says:
    2013-10-17 at 5:17 pm

    ད་ནི་ཀླུ་སྨྱོན་རྩོམ་རིག་བྱ་དགའི་སྐད་གྲགས་བོད་ཕྱི་ནང་གཉིས་ལ་ཁྱབ་སོང་། དེ་ནི་་སྒོ་ཤེས་རབ་རྒྱ་མཚོས་བྱ་དགའ་དེ་མ་བཞེས་པའི་གྲུབ་འབྲས་རེད། དེ་ན་རང་ངོས་ནས་ཨ་ལགས་ཀླུ་སྨྱོན་ཚང་གི་ལྷག་བསམ་དང་སྒོ་ཤེས་རབ་རྒྱ་མཚོའི་རྣམ་དཔྱོད་ལ་རྗེས་སུ་ཡི་རིང་དང་། བཀའ་དྲིན་ཆེ་ཞུ་འདོད་བྱུང་།

  37. ཉི་འོད་གྲོང་། says:
    2013-10-18 at 12:59 am

    ཀླུ་སྨྱོན་གྱི་བྱ་དགའ་དེ། དེ་སྔོན་དྲ་ཐོག་ནས་་འོས་གཞི་བསྡུ་ལེན་བྱས་པ་དེ་གཞིར་བཞག་ལྟར། ཕུལ་ན་བྱ་དགའ་དེ་མི་གཅིག་ལས་འགྲོ་ས་ཡོད་མ་རེད། གཞན་སྦྱིན་བདག་དང་དཔལ་འབྱོར་ཡོན་འབབ་བྱུང་ཡག་གི་ཆེད་དུ་ཡིན་ན་དམིགས་གསལ་རེད་། སོ་སོའི་དགའ་ཕྱོགས་ཞིག་ཕུལ་ན་མ་འགྲིག་གི་ཡོད་མ་རེད། དེ་མིན་ལྷག་བསམ་ཟོལ་མེད་ཅིག་ཡིན་ན་མཚན་སྙན་དང་འབྲེལ་བའི་བོད་བཙན་པོའི་རྒྱལ་རབ་རྩོམ་པོ་འབྲི་གུང་སྐྱབས་མགོན་ལ་ཕུལ་ན་མིང་དོན་གཉིས་ཀ་མཚུངས་པའི་གཟི་བརྗིད་ལྡན་པ་ཞིག་སྨྲོས་མེད་རེད་། དེས་ཕྱི་རབ་བོད་ལ་དམིགས་དཔེ་ལྟ་སའི་མཛེས་བརྒྱན་དུ་འགྱུར་པ་ཐེ་ཚོམ་ཅི།

  38. ལ་དྭགས་བློ་བཟང་འཇམ་དཔལ་་ says:
    2013-10-19 at 3:30 am

    “བློ་གཡེང་སྤངས་ཏེ་གུས་པས་ཕུལ།”
    ་
    འདིའི་སྐབས་ཀྱི་བློ་གཡེང་ཞེས་པ་འབྱུང་སྟངས་ཀྱི་སྐོར་ལ་ངས་ལོ་ངོ་བཅུ་ཕྲག་སྔོན་ནས། བརྟག་དཔྱད་བྱས། དེ་ཡང་གཏོང་ཡིག་དག་ཏུ། ཐུགས་གཡེང་མི་དགོས། ཞེས་པ་མཐོང་། ཡ་ང་། ཡ་ང་བ། ཞེས་པའི་མིང་ཚིག་དག་ལ་འཇིགས་པའི་དོན་ཡོད་པ་མཐོང་། ཐུགས་དང་སྦྱར་ན། ཐུགས་ཡ་ང་། ཞེས་པ་ཐུགས་ཡང་ལ་གྱུར། དེ་ཡང་གྱུར་ནས། ཐུགས་གཡེང་ལ་གྱུར་པ་ཡིན་མི་འདུག་གམ། སྒྲ་འགྱུར་ཚུལ་ལྟར་ན། དེ་འདྲ་ཞིག་ཡིན་པར་མཐོང་། དེ་མིན་པར་འདིའི་སྐབས་ཀྱི། གཡེང་། ཞེས་པ་དེ་བློ་རྣལ་དུ་མི་གནས་པའི་དོན་ཡིན་ན། གོང་དུ་བཤད་པ་རྣམས་བདག་རང་གི་རྣམ་པར་རྟོག་པ་ལགས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme