Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་རྒྱལ་ཁབ་ཀྱི་སྲིད་གཞུང་འདི་སྐྱོབ་རོགས།

Posted on 2011-04-25 By ཁ་བརྡ་ 28 Comments on བོད་རྒྱལ་ཁབ་ཀྱི་སྲིད་གཞུང་འདི་སྐྱོབ་རོགས།

འཇམ་དཔལ་ཚུལ་ཁྲིམས།
ང་ནི་འཁྱམ་པོ་ཞིག་གིས་ཁ་ཕོ་དེ་ཙམ་མ་བཤད་མི་རིགས་པར་དགོངས་སྲིད་ཀྱང་། ཁོ་བོ་མི་ལོ་ཉི་ཤུའི་ཡར་སྔོན་རང་ཡུལ་ན་ཡོད་པའི་སྐབས་སུ་གནས་དེ་ན་སྐྱིད་མེད་རུང་ཕ་མའི་གློ་ངོགས་ཡིན་པས་རང་གར་སྡོད་མ་འདོད་པ་ག་ལ་ཡིན། སྡོད་གཟོད་མ་བདེ་བར་རམ་དེ་ན་བསྡད་པ་དེས་བློ་མ་ཚིམས་ཤིང་། འདི་ན་ཅི་ཞིག་ཡོད་པའི་རེ་བ་ཆེན་པོ་ཞིག་ལ་བསྙེགས་ཏེ་ཧི་མ་ལ་ཡ་བརྒལ་ནས་ཡོང་བ་ཡིན་པས་ང་ལ་ཡང་བཙན་བྱོལ་བ་ཞིག་གི་མཚན་ཉིད་ཚང་ཡོད་པར་སྙམ།
༧གོང་ས་མཆོག་གིས་རང་རེའི་ཆབ་སྲིད་ཀྱི་ལས་འགན་རང་ལག་ཏུ་གཏད་གནང་བའི་དུས་འདིར་ཡུལ་མིའི་རྒྱལ་ཁབ་ཀྱི་ངོ་བོར་གྲ་སྒྲིག་བྱེད་པའི་བཀའ་སློབ་དང་དུ་ལེན་ལོ་སྐད་ཀྱི་སྦྱོར་བ་ལ་གནས་པའི་སྐྱེ་བོ་རེ་ཟུང་གི་ངག་ལ་བརྟེན་ནས་ལོ་༢༠་ཡི་ནང་ལ་མ་བྱུང་བའི་ཆེས་གཟོད་པར་དཀའ་བའི་ཡིད་ཆད་ཐོག་མ་དེ་ད་གཟོད་གཞི་ནས་བྱུང་། དེ་ཡང་ཁོ་བོ་ཅག་ན་རེ་། བཙན་བྱོལ་བོད་གཞུང་ཟེར་བ་ནི་ཁྲིམས་དང་མི་མཐུན་པས་དགའ་ལྡན་ཕོ་བྲང་ཕྱིར་བསྡུ་བྱས་རྗེས་ཀྱི་སྲིད་གཞུང་དེ་ལ་“་བཙན་བྱོལ་བོད་མིའ་གཞུང”་ཞེས་འབོད་དགོས་ཚུལ་ཟེར། ད་ནི་ངོ་མ་ང་ཚོ་ལ་རེ་བ་ཞིག་ཨེ་འདུག གཞིས་ལུས་རྒྱ་ཆེའི་མི་མང་གིས་རེ་བའི་མིག་འབུར་འདི་ཕྱོགས་སུ་ཅེར་དོན་ནི་འདི་ན་ཁོང་ཅག་གི་སེམས་གཏིང་གི་འདོད་པའི་སྲིད་གཞུང་དེ་ཡོད་སྙམ་པའི་བློ་ཕུགས་དྲོན་མོ་ཞིག་ཡོད་པས་ཡིན། འོན་ཀྱང་ད་ནི་དེ་དག་གི་རེ་བའི་མིག་ནང་དུ་ཐལ་བ་བཏབ་པ་མ་ཡིན་ནམ། མི་འདི་དག་གི་ལག་ཏུ་དབང་ཆ་བཞག་ན་འདི་འདྲ་ཞིག་མ་གཏོགས་ག་ལ་ཡོད་ཨང་།
རེ་ཟུང་གིས་ང་ཚོ་ནི་བཙན་བྱོལ་དུ་བསྡད་ནས་ལོ་དེ་སྙེད་ཅིག་ཕྱིན་ཟིན་པས་ད་ནི་རང་ཅག་ལ་སྐྱབ་བཅོལ་བའི་མཚན་ཉིད་ཚང་མེད་ཅེས་གནད་དོན་གསར་བ་ཞིག་མཁྱེན་པའི་མཁས་པ་ཡིན་མདོག་རེ་སྟོན་ཅིང་། ཅི་ཡང་མི་སྙམ་པ་མང་པོ་ཞིག་གིས་ཀྱང་ཡིན་པ་ལྟར་སྣང་ནས་བདེན་ཁ་སྦྱིན། འོན་ཀྱང་ཞིབ་ཏུ་བསམ་བློ་ཐོངས་དང་། ང་ཚོ་འདིར་ལོ་གྲངས་ཇི་ཙམ་སོང་རུང་ཕྱིར་རང་ཡུལ་ལ་སོང་ན་འགྲོ་མི་བདེ་བ་དང་། བསྡད་ན་གནས་བདེ་བ་ཞིག་ཡིན་པའི་དབང་གིས་འགྲོ་མི་ཐུབ་པ་ལས་ཕ་གི་ན་འགྲོ་ཆོག་དང་འདུག་ཆོག་ཡོད་བཞིན་དུ་ང་ཚོ་མི་འགྲོ་བ་ཞིག་རེད་དམ། གནས་སྟངས་འདི་འདྲ་བ་ཞིག་གི་ནང་དུ་ཡོད་མཁན་ལ་སྐྱབ་བཅོལ་བ་ཞེས་འབོད་པ་ཆོག་པ་ལས་སྐྱབ་བཅོལ་བའི་མཚན་ཉིད་ལ་ལོ་ཡི་གྲངས་ཀྱིས་འཇོག་པ་ནི་རིག་པ་དང་མཐུན་པའི་མཚན་ཉིད་ཅིག་རེད་དམ།
ད་བར་དུ་གྲ་ཅུང་ཟད་ཉམས་ཡོད་སྲིད་ཀྱང་། གྲུ་མ་ཞིག་པར་གནས་པའི་བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་སྲིད་གཞུང་དེ་འཇིག་རྟེན་ལ་གྲགས་མ་གྲགས་གང་ལྟར་རུང་སྐྱབ་བཅོལ་གྱི་གདུགས་འོག་ཏུ་གནས་མུས་ཡིན། བོད་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་སྲིད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དེ་ནི་སྐྱབ་བཅོལ་དུ་ཡོང་བའི་སྐྱེ་བོ་ཞིག་ཇི་བཞིན་དུ་ཕྱིའི་རྒྱལ་ཁབ་ཏུ་བཙན་བྱོལ་ལ་འབྱོར་བ་ཁོ་ན་ཡིན། རྒྱལ་ཁབ་སུ་ཞིག་གི་ཁྲིམས་ལུགས་ལ་ཡང་རྒྱལ་ཁབ་གཅིག་གི་ནང་དུ་རྒྱལ་ཁབ་གཞན་པ་ཞིག་གིས་སྲིད་གཞུང་འཛུགས་སྲོལ་མེད་ཅིང་། དེའི་ཁྲིམས་ཐོག་ལ་འཁོད་མེད་ཅེས་བདེན་པ་སྐྱོང་བའི་རྒྱལ་བོ་ཡིན་མདོག་གིས་མང་མང་སྨྲ་བཞིན་འདུག དོན་དུ་རང་གི་སྲིད་གཞུང་རང་གིས་གཏོར་བ་ཁོ་ན་ཡིན་པ་མཁྱེན་གྱི་མེད་པ་འམ་མཁྱེན་ཀྱང་འགྱོད་པ་མེད་པ་ཇི་འདྲའི་སྙིང་ལ་ན་ཟུགས་ཆེ་བ་ལ་ཨང་།
རྒྱལ་ཁབ་གཅིག་གི་ནང་དུ་རྒྱལ་ཁབ་གཞན་ཞིག་གིས་སྲིད་གཞུང་འཛུགས་པའི་ལམ་ལུགས་མེད་པ་དང་ཁྲིམས་ལ་གསལ་མེད་ལུགས་བདེན་དུ་ཆུགས་ཀྱང་དེ་ནི་རྒྱལ་ཁབ་དེ་དང་དེ་དག་གི་ཁྲིམས་ཀྱི་ཞན་ཆ་ཞིག་གམ་སྟོང་ཆ་ཞིག་ལ་འཆད་ཆོག་པ་ལས་རྒྱལ་ཁབ་འཛུགས་པ་པོས་ནོར་འཁྲུལ་བྱས་པ་ཞིག་ཏུ་བསམ་ཡེ་ནས་མི་དགོས། གང་ལགས་ཤེ་ན་སྲིད་གཞུང་དེ་ཡང་རང་ས་དྲོན་མོའི་ཐོག་ཏུ་ཕ་རོལ་བོ་ཞིག་གིས་ཆགས་སུ་མ་བཅུག་པས་འུ་ཐུག་པའི་གནས་ལ་གྱར་ཡོད་པ་ལས་ཕྱིའི་རྒྱལ་ཁབ་ག་གེ་མོའི་ས་ཐོག་ཏུ་སྲིད་གཞུང་བཙུགས་ནས་རྒྱལ་བསྐྱེད་རིང་ལུགས་པའི་བྱ་སྤྱོད་སྤེལ་བ་ཞིག་མིན་པས་སོ། སྔར་བྱུང་མ་མྱོང་བ་དེ་ད་ལྟ་དང་མ་འོངས་བར་འབྱུང་མི་འོས་པའི་སྒྲུབ་བྱེད་ལ་འགོད་པ་ནི་མཁས་པར་གྲགས་པ་དག་གི་མཚན་ལ་ཇི་འདྲའི་མ་འཚམས་པ་ལ་ཨང་། གནས་སྟངས་དམིགས་བསལ་བ་ལ་ཁྲིམས་ཡིག་ཏུ་གསལ་ཁ་མེད་ན་དེ་ནི་ཁྲིམས་ཡིག་གི་ཞན་ཆ་ལ་བརྩི་རུང་བ་ལས་གནས་སྟངས་ཀྱི་ནོར་འཁྲུལ་ལ་ཡེ་ནས་བརྩི་མི་འོས། གང་ལགས་ཤེ་ན་ཁྲིམས་ལུགས་ནི་ཐོག་མ་འགྲོ་བ་མི་ལ་ཞབས་འདེགས་སྒྲུབ་ཆེད་དུ་ཡིན་པས་མ་ཁྱབ་པའི་གནས་སྟངས་གསར་བ་བྱུང་ན་དེ་ལ་ཁྱབ་པར་བཟོ་དགོས་སོ།
༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་དགའ་ལྡན་ཕོ་བྲང་སྲིད་གཞུང་དེ་བཙུག་ནས་ད་ལྟ་མི་ལོ་ཧྲིལ་བོ་༥༡་ཕྱིན་ཟིན་པ་དེའི་རིང་ལ་རང་རེའི་བཙན་བྱོལ་སྲིད་གཞུང་བཙུག་པ་འདི་ཡུལ་ཁྲིམས་དང་འགལ་བར་དགོངས་ནས་ཕྱིར་བསྡུ་གནང་མི་འདུག་ན་ཡང་། ཁྱེད་ཅག་༧གོང་ས་མཆོག་ལས་བདེན་པ་སྲུང་མཁན་དང་ཡུལ་ཁྲིམས་ལ་ལེགས་པར་སྲུང་མཁན་དུ་སྒྲུབ་འདོད་པ་ཨེ་ཡིན། ལོ་དེ་སྙེད་ཀྱི་རིང་ལ་རྒྱ་གར་རྒྱལ་ཁབ་ཀྱིས་ཀྱང་མ་མཁྱེན་པ་དང་མ་རིག་པར་འཆད་ཀྱི་ཡིན་ནམ། དགོས་པ་དང་རྒྱུ་མཚན་ཆེན་པོ་ཞིག་ལ་བརྟེན་ནས་ད་བར་དུ་འདི་མུར་བཞག་པ་དེ་མ་མཁྱེན་པའི་མཁས་ཁྱེད་ཅག་ཇི་འདྲའི་ཡ་མཚན་པ་ལ། ཡུལ་བདག་རང་གིས་ཅི་ཡང་མ་གསུང་ས་ན་ཁྱེད་ཅག་གིས་ཡུལ་ཁྲིམས་དང་འགལ་གྱིན་འདུག་ཅེས་རང་སྐེ་རང་གིས་དང་བླངས་ཀྱིས་གཅོད་པ་ནི་རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་ལས་གཞན་ཅི། རང་མཆུ་རང་གིས་བསྡམས་ན་དོམས་ཤག་ཤག་ཅེས་པ་འདི་ཅིའི་མ་བདེན། ཁྱེད་ཅག་གིས་གནད་དོན་ཆེན་པོ་ཞིག་ཤེས་ཡོད་མདོག་དང་བདེན་པ་ཟེར་བའི་རང་སྐེ་རང་གིས་གཅོད་བྱེད་དེ་ལ་སྲུང་གི་ཡོད་མདོག་གིས་དེ་ལྐུགས་པ་མིག་བཙུམ་གྱིས་འཐམས་འཐམས་ནས་ད་ནི་བོད་གངས་ཅན་གྱི་ལྗོངས་ན་ལུས་པའི་བོད་འབངས་རྣམས་བྱེའུ་ཕྲུག་བྱེ་ཐང་དུ་བརྟོལ་བ་བཞིན་གཡུགས་ནས་“བཙན་བྱོལ་བོད་མིའི་སྲིད་གཞུང”་ཞེས་པ་ཞིག་འཛུགས་རྒྱུའི་སྟ་གོན་ལ་གཞོལ་བ་དེ་ཐོས་དུ་སྙིང་ཁམས་ཅི་འདྲའི་ན་བ་ལ་ཨང་། ནང་པ་སངས་རྒྱས་པའི་ཆོས་བྱེད་པ་སྙིང་རྗེིའི་ཉམས་ལེན་པར་རློམ་པ་དག་གི་ཉམས་ལེན་དེ་འདི་འདྲ་ཞིག་ཡིན་ན་ཇི་འདྲའི་ངོ་བོ་གནག་པ་ལ་ཨང་།
༧གོང་ས་མཆོག་གིས་འཇིག་རྟེན་ན་དཔེ་རུ་མེད་པའི་ཡང་དག་པ་དང་དོན་དམ་པའི་དབུ་ཁྲིད་ཀྱི་ཐུགས་རླབས་པོ་ཆེ་བསྐྱེད་ནས་རང་རེའི་རྒྱལ་ཁབ་འདི་ཡང་དག་པ་དང་དོན་དམ་པའི་དམངས་གཙོ་ཅན་ཞིག་ལ་སྒྱུར་ཆེད་དུ་རང་ཉིད་ཀྱི་དབང་ཆ་བཀོལ་ནས་རང་ཉིད་ཀྱི་དབང་ཆ་ལ་ཚོད་འཛིན་གནང་སྟེ། བོད་རྒྱལ་ཁབ་འདི་ཡུལ་མིའི་རྒྱལ་ཁབ་ངོ་མ་ཞིག་ཏུ་སྒྱུར་དགོས་པའི་བཀའ་གསུང་ཕེབས་ཡོད་ན་ཡང་། ཁྱེད་ཅག་གིས་གོ་སྐབས་འདི་དམ་དུ་བཟུང་ནས་བོད་ཕྱི་ནང་གཉིས་ཀྱི་དོན་དམ་པའི་སེམས་ཀྱི་རེ་འདུན་དང་། བློ་གཏད་ཡོངས་སུ་བཅོལ་ཡུལ་གནམ་འོག་ན་གནས་པའི་བོད་གངས་ཅན་གྱི་ཁྲིམས་མཐུན་གྱི་སྲིད་གཞུང་གཅིག་བུ་དེ་རྩ་མེད་དུ་གཏོང་བའི་སྦྱོར་བ་ཚབ་པོ་ཆེ་བཤམས་ནས་དེའི་ཚབ་ཏུ་“བཙན་བྱོལ་བོད་མིའི་སྲིད་གཞུང”་ཞིག་འཛུགས་རྒྱུའི་སྐུལ་སློང་བྱེད་པ་ནི་དོན་དམ་པའི་བོད་རྒྱལ་ཁབ་ཕུངས་བའི་ལས་ཉིད་དུ་འཁུམས། དེས་ན་ཁྱེད་ཅག་ནི་ལོ་རྒྱུས་ཀྱི་ཉེས་ཅན་པ་རུ་མི་འདྲེན་ན་གང་དུ་འདྲེན། ༧གོང་ས་མཆོག་གིས་དགའ་ལྡན་པོ་བྲང་གི་སྲིད་གཞུང་དེ་ཕྱིར་བསྡུ་གནང་དགོས་པར་གསུང་ཡོད་པ་ལས་བཙན་བྱོལ་བོད་གཞུང་ཕྱིར་གནང་དགོས་པ་ཡེ་ནས་གསུང་མེད། གལ་སྲིད་ཁྱེད་ཅག་གིས་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་ན་གཞིས་ལུས་རྒྱ་ཆེའི་མི་མང་ལ་གདོང་ཇི་ལྟར་སྟོན་རྒྱུ་ཡིན་ནམ། ལར་ནས་ཁྱེད་ཅག་ལ་འདི་ལ་ཐུགས་ཁྲལ་ཞིག་ཨེ་ཡོད།
ད་ནི་ཁྱེད་ཅག་དཔོན་པོར་བབས་ཤིང་། ཁྱེད་ཅག་གི་ཅག་གི་ལག་ཏུ་གངས་ཅན་པའི་ལས་དབང་གི་ཐག་སྣེ་ཐོགས་སྐབས་ཁྱེད་ཅག་གི་བལྟ་བ་དང་ལངས་ཕྱོགས་(མང་ཆེ་བ་རྒྱ་གར་ལས་དཔེ་བཤུས་པ)་ཁོ་ནའི་དབང་དུ་བཏང་ནས་ཁྱེད་ཅག་གི་བྱེད་སྟངས་འདི་འདྲ་ཞིག་ཡིན་ན། ཅི་སྟེ་“བཙན་བྱོལ་བོད་གཞུང་”་དེ་ཕྱིར་བསྡུ་བྱས་ནས་དེའི་ཤུལ་དུ་“བཙན་བྱོལ་བོད་མིའི་གཞུང་”་འཛུགས་རྒྱུ་ཡིན་ན། ཅི་སྟེ་གཞིས་བོད་མི་དག་གིས་ཉིན་མཚན་མེད་པར་རེ་བའི་མིག་འབུར་འདི་ཕྱོགས་སུ་གཏད་པ་ལ་ཐལ་བ་བཏབ་ན། མི་ལོ་དེ་དག་གི་རིང་ལ་འདིར་བསྡད་པའི་དོན་གོ་ཆོད་མ་སོང་བས་ངེད་བོད་འབངས་རྣམས་ནི་ཡང་ན་ཕྱིར་རང་ཡུལ་གྲང་མོ་རྒྱ་ནག་པོའི་བྲན་འོག་ཏུ་གཏན་དུ་འཛུལ་རྒྱུ་འམ་ཡང་ན་ཕྱིའི་རྒྱལ་ཁབ་ཏུ་ཐེངས་གཉིས་པའི་སྐྱབ་བཅོལ་དུ་འགྲོ་བ་ལས་ཐབས་གཞན་མི་འདུག
སྐབས་འདིར་སྔོན་མ་ཕྱི་ལོ་༡༩༩༡་ལོར་ཨ་རིའི་གྲོས་ཚོགས་སོགས་ཀྱིས་ཡིག་ཆ་ཨང་༢༥༧་པའི་ནང་དུ་“་་་རྒྱལ་སྤྱིའི་ཁྲིམས་ཡིག་ཁག་གི་ནང་དོན་ལྟར་ན་བོད་(མདོ་དབུས་ཁམས་གསུམ་ཚུད་པ)་ནི་བཙན་དབང་གིས་བཟུང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། དེའི་སྐུ་ཚབ་ངོ་མ་ནི་བོད་མི་མང་གིས་ཁས་ལེན་ཡོད་པའི་བཙན་བྱོལ་བོད་གཞུང་དང་༧གོང་ས་ཏཱ་ལའེ་བླ་མ་ཡིན།”་པར་གྲོས་ཆོད་དང་ཡོངས་བསྒྲགས་བྱས་ཡོད་པ་དེ་དང་། དེ་རྗེས་ཡོ་རུབ་གྲོས་ཚོགས་ཀྱིས་བཙན་བྱོལ་བོད་གཞུང་དེ་ཁྲིམས་མཐུན་ངོས་ལེན་བྱེད་འདོད་བྱུང་བ། ཉེ་ཆར་སི་པེན་རྒྱལ་ཁབ་ཀྱི་ཁྲིམས་ཁང་གིས་“བོད་དེ་གཞན་གྱིས་བཙན་དབང་གིས་བཟུང་བའི་རྒྱལ་ཁབ་ཅིག་ཡིན།”་པའི་ཁྲིམས་ཐག་བཅད་པ། གཞན་ཡང་འཛམ་གླིང་མི་མང་གིས་བོད་བཙན་བྱོལ་སྲིད་གཞུང་ལ་དོན་དམ་པའི་རྒྱབ་སྐྱོར་གང་དག་མཛད་ཡོད་པ་ཚང་མ་ཐུགས་ཀྱིས་དྲན་གསོ་རེ་མཛད་པར་ཞུ།

རྩོམ་རིག

Post navigation

Previous Post: ཁྲུང་ཁྲུང་།
Next Post: ན་ཆུང་བྱིས་པའི་རྩོམ་རིག།(ཚན་བཤུས།)

Comments (28) on “བོད་རྒྱལ་ཁབ་ཀྱི་སྲིད་གཞུང་འདི་སྐྱོབ་རོགས།”

  1. བོད་ཁམས་ཉི་མ་། says:
    2011-04-26 at 2:12 am

    ཁོང་གིས་བཤད་པར་རྒྱུ་མཚན་འདུག་ འོན་ད་ལྟ་ཕྱིར་བསྡུ་གནང་བཞིན་པའི་གཞུང་དེ་བཙན་བྱོལ་གཞུང་ཡིན་བ་མཁྱེན་མི་འདུག་ ད་ལྟ་ང་ཚོས་ཕྱིར་བསྡུ་གནང་བཞིན་པ་དེ་ནི་བོད་གཞུང་མིན་པར་བཙན་བྷབྱོལ་གཞུང་རེད་། རྒྱ་གཞུང་གིས་ཀྱང་ལོས་ཝང་ཀྲིང་ཧྥུ་ཏེ་བཅན་བྱོལ་གཟུང་ཞེས་འབོད་གི་འདུག་ཀྱང་ང་ཚོས་དེ་ཙམ་ཡང་སྨྲ་མི་ཕོད་པ་དང་མི་རུང་བར་འདོད་པ་ནི་། གཏམ་དཔེར་སྐྱ་ཀས་གྲུང་གྲུང་བྱས་ནས་སྐྱག་པ་བརྩགས་པ་། ཞེས་པ      

  2. འཇམ་དཔལ་ཚུལ་ཁྲིམས། says:
    2011-04-26 at 3:06 am

    དྲ་གྲོགས་བོད་ཁམས་ཉི་མ་ལགས།
    ཐོག་མར་ཕེབས་པར་དགའ་བསུ་ཞུ།
    ཁྱེད་ཀྱིས་”ཕྱིར་བསྡུ་གནང་བཞིན་པ་དེ་བཙན་བྱོལ་གཞུང་ལས་བོད་གཞུང་མིན་པར་”གསུང་པ་ལ་ཞིབ་ཕྲ་འདི་ཞུ་རྒྱུ་ཡིན།
    རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་གནང་ནས་དེའི་ཚབ་ཏུ་”བཙན་བྱོལ་བོད་མིའི་གཞུང་།”ཞེས་པ་འཛུགས་རྒྱུ་ཡིན་གསུངས་སོང་། ཁོ་བོ་དེ་ལ་བློ་མ་བདེ་བ་ཡིན། མིང་འདི་ལྟར་བཏག་པས་བོད་མིའི་གཞུང་མིང་མིན་པར་མི་འགྱུར་ཚུལ་གསུང་སོང་ན་ཡང་རྒྱུ་མཚན་ལྡན་པར་ཡེ་ནས་མི་མཐོང་། http://www.voanews.com/tibetan-english/programs/tv/89521702.html

  3. འཇམ་དཔལ་ཚུལ་ཁྲིམས། says:
    2011-04-26 at 3:10 am

    དྲ་གྲོགས་ཉི་མ་ལགས།
    ཐོག་མ་ཕེབས་མཁན་ཡིན་པར་དགའ་བསུ་ཞུ།
    ཁྱེད་ཀྱིས་ཕྱིར་བསྡུ་གནང་བ་དེ་བཙན་བྱོལ་བོད་གཞུང་ཡིན་པ་ལས་བོད་གཞུང་མིན་པར་གསུང་པ་ལ་ཞིབ་ཕྲ་འདི་ཞུ་རྒྱུ་ཡོད། རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་གནང་བའི་རྗེས་”བཙན་བྱོལ་བོད་མིའི་སྲིད་གཞུང་།”་ཞེས་པ་ཞིག་འཛུགས་དགོས་ཚུལ་གསུངས་པ་ལ་ཁོ་བོའི་བློ་ལ་མ་འཐད་པ་ཡིན། ཁྱེད་ཀྱིས་འདི་ལ་གནད་འགག་ཅིག་གཟིགས་ཀྱི་ཨེ་ཡོད།
    http://www.voanews.com/tibetan-english/programs/tv/89521702.html

  4. བོད་ཁམས་ཉི་མ་། says:
    2011-04-26 at 4:26 am

    མཁྱེན་དཔྱོད་ཡངས་པའི་གྲོགས་པོ་ལགས་། བཙབ་བྱོལ་གཞུང་ཕྱིར་བསྡུ་བྷབྱེད་དུས་བོད་གཞུང་བསྡུས་ཟིན་པ་སྨོས་མེད་རེད་། བཙན་བྱོལ་གཞུང་དང་བཙན་བྱོལ་བོད་མའི་གཟུང་གཉིས་ལ་རྟོག་པའི་སྤུ་རིས་ཁྱབ་ཆེ་ཆུང་གི་ཁྱད་ཙམ་རུང་ཏེ་ སྔ་མ་བོད་མི་སྤྱིའི་གཞུང་དང་ཕྱི་མ་བཙན་བྱོལ་བའི་གཞུང་ཙམ་ལ་གོ་རྒྱུ་བྱས་འདུག་པས་སོ་། འོན་ཀྱང་རང་རེའི་དབུ་འཛིན་་ཚོའི་གནང་ཕྱོགས་ཕྱི་དེ་ཡང་མིན་པར་ བཙན་བྱོལ་བོད་མའི་སྒྲིགས་འཛུགས་ཞེས་པ་དེ་རེད་། མཁྱེན་པར་མཛོད་།

  5. དོན་འགྭམ says:
    2011-04-26 at 4:36 am

    བདབད

  6. བོད་ཁམས་ཉི་མ་། says:
    2011-04-26 at 4:39 am

    ྆྆྆྆྆྆྆྆རྒྱ་བཤད་སྟོང་བཤད་ཛྷཅི་ཙམ་བྱས་བྱས་རུང་ གཞུང་ཞེས་པའི་མིང་དེ་མ་འགྷགྲིག་པ་དང་ མ་འོས་པ་ ཁྲིམས་མཐུན་མིན་པ་ཞིག་ཏུ་གཟིགས་པ་རེད་

  7. ལྷ་སྡེ་གནམ་ལོ་ཡག says:
    2011-04-26 at 4:55 am

    བཙན་བྱོལ་བོད་གཞུང་གིས་ལོ་ངོ ༤༠རིང་གཞུང་འབྲེལ་སྟེང་བཀོལ་བཞིན་པའི༼ The Central Tibetan Administration of His Holiness the Dalai Lama༽ཐད་ཀར༼ The Central Tibetan Administration of the elected leader༽ལ་འགྱུར་བ་མི་གཏོང་བར་༼བཙན་བྱོལ་བོད་མིའི་གཞུང་༽ལྟ་བུར་འགྱུར་བ་བཏང་བ་ཡིན་ན། རྒྱ་ནག་གཞུང་གིས་དེང་གི་བར་བཙན་བྱོལ་བོད་གཞུང་དེ་བཞིན་༼ཏཱ་ལའི་རུ་ཚོགས༽ཟེར་བར་བསྒྱུར་ཨེ་ཐུབ་ལ་ཤུགས་བརྒྱབ་པར་ལམ་འགྲོ་བྱུང་བ་ཞིག་ཡིན་པས། བོད་མི་ཚོར་གདམ་ག་མེད་པ་མིན་ཡང་གདམ་ག་བྱེད་ཤེས་མིན་དེར་ལོ་རྒྱུས་ཀྱིས་གོ་སྐབས་གཅིག་གནང་ཡོད་པ་ནི་
    བྱེད་སྟངས་འདི་རིགས་ལ་ཁྱོན་ཡོངས་ནས་ངོ་རྒོལ་བྱེད་འདུན་ཡོད་མེད་ལ་ཐུག་ཡོད།

  8. ཚེ་བསམ་ says:
    2011-04-26 at 5:36 am

    ཚིག་ལ་མ་ལྟ་དོན་ལ་ལྟ་ཞེས་པ་ལྟར་བཙན་བྱོལ་བོད་གཞུང་དང་བཙན་བྱོལ་བོད་མིའི་སྲིད་གཞུང་གཉིས་ལ་ཁྱད་
    ཨེ་འདུག་ངས་ཚིག་དེ་གཉིད་དོན་ལ་ཁྱད་པར་ཐོང་གི་མེ་འདུག
    བོ་རྒྱལ་ལོ་་་་་་་་་་་་་་་་་་་་

  9. ཀརྡོ་རབ་འབྱམས་པ་ says:
    2011-04-26 at 7:53 am

    བཙན་བྱོལ་བོད་མིའི་གཞུང་། །
    བདེན་པ་རྒྱལ་གྱུར་ཅིག
    ང་རང་རྒྱལ་གྱུར་ཅིག
    ཁོང་ཡང་རྒྱལ་གྱུར་ཅིག
    བོད་རྒྱལ་གྱུར་ཅིག
    རྒྱལ་གྱུར་ཅིག

  10. ལུང་རྟོགས། says:
    2011-04-26 at 10:08 am

    བཙན་བྱོལ་དུ་ཡོད་པའི་གཞུང་འདི་ནི་བོད་མི་ས་ཡ་དྲུག་གི་གཞུང་ཡིན་པ་ལས་བཙན་བྱོལ་བོད་མི་གཅིག་པུའི་གཞུང་མ་རེད། དེས་ན་༼བཙན་བྱོལ་བོད་གཞུང་༽ཞེས་བརྗོད་ན་བཙན་བྱོལ་དུ་འབྱོར་བའི་བོད་ཀྱི་གཞུང་ཞེས་དང་། ༼བཙན་བྱོལ་བོད་མིའི་གཞུང་༽ཞེས་བརྗོད་ན་བཙན་བྱོལ་དུ་ཡོད་པའི་བོད་མི་འབུམ་གཅིག་ཙམ་འདིའི་གཞུང་ཞེས་པའི་གོ་དོན་ཡིན་པས་འདི་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པར་སེམས།

  11. ལུང་རྟོགས། says:
    2011-04-26 at 10:11 am

    བཙན་བྱོལ་དུ་ཡོད་པའི་གཞུང་འདི་ནི་བོད་མི་ས་ཡ་དྲུག་གི་གཞུང་ཡིན་པ་ལས་བཙན་བྱོལ་བོད་མི་གཅིག་པུའི་གཞུང་མ་རེད། དེས་ན་༼བཙན་བྱོལ་བོད་གཞུང་༽ཞེས་བརྗོད་ན་བཙན་བྱོལ་དུ་འབྱོར་བའི་བོད་ཀྱི་གཞུང་ཞེས་དང་། ༼བཙན་བྱོལ་བོད་མིའི་གཞུང་༽ཞེས་བརྗོད་ན་བཙན་བྱོལ་དུ་ཡོད་པའི་བོད་མི་འབུམ་གཅིག་ཙམ་འདིའི་གཞུང་ཞེས་པའི་གོ་དོན་ཡིན་པས་འདི་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པར་སེམས

  12. འཇམ་དཔལ་ཚུལ་ཁྲིམས། says:
    2011-04-26 at 11:48 am

    དྲ་གྲོགས་ཀ་རྡོ་ལགས།
    དུས་ཚོད་གཉན་ཕྲང་ཅན་འདི་ལ་སྐུ་རྩེད་གནང་གི་ཡོད་དམ།

  13. ཀརྡོ་རབ་འབྱམས་པ་ says:
    2011-04-26 at 12:34 pm

    འཇམ་ཚུལ་ལགས།
    རྩེད་མོ་མ་རེད། བཀྲ་ཤིས་པའི་ཆོ་ག་ང་རང་གིས་གང་ཤེས་བྱ་ཁུལ་ཡིན། བོད་རྒྱལ་ཁབ་མེད་པ་ལ་དེ་ཡི་སྲིད་གཞུང་རི་བོང་གི་རྭ་རིང་པོ་དེ། སྐྱོབ་ཁར་ང་ནི། ཡོང་མི་ཐུབ་ལགས། ག་ཚོད་ཐུབ་ཐུབ་དེ་རང་གི་དུས་ཚོད་རྩ་ཆེན་བཏོན་ནས་མཆན་བུ་གང་ཤེས་འབྲི་བཞིན་ཡོད་ལགས། ང་ཡང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཅིག་མིན་པར་འདི་རིང་ནས་ཁྱོད་ཀྱིས། ང་ངོ་ཤེས་པར་ཤིག་གུ

  14. གངས་ཅན་པ། says:
    2011-04-26 at 12:47 pm

    ཕྱི་ལོ་༢༠༡༡/༣ པའི་ཤེས་བྱ་འདོན་ཐེངས་སུ། ༸གོང་ས་མཆོག་གིས། ཁ་སང་སྤྱི་འཐུས་ལ་སྤྲད་པའི་ཡི་གེའི་ནང་དགའ་ལྡན་ཕོ་བྲང་གི་གཞུང་ཟེར་བའི་ཚིག་དེ་བསྒྱུར་བཅོས་གཏོང་རྒྱུ་ཆགས་ཀྱི་རེད་ཟེར་བ་དེ་དགའ་ལྡན་ཕོ་བྲང་ཕྱིར་བསྡུ་བྱེད་དགོས་པའི་སྐད་ཆ་མིན། དགའ་ལྡན་ཕོ་བྲང་མུ་མཐུད་གནས་ཀྱི་རེད། འོན་ཀྱང་ཆབ་སྲིད་ཀྱི་འགན་དབང་འཁྱེར་ཏེ་དགའ་ལྡན་ཕོ་བྲང་གི་གཞུང་ངམ། སྒྲིག་འཛུགས་ཞེས་བརྗོད་ན་འགྲིགས་ཀྱི་མེད། དེ་ཕྱིར་བསྡུ་བྱས། ད་ཆ་ང་ཚོ་མང་གཙོ་གཞུང་ཆགས་ཡོད། གཞུང་ཟེར་བ་བོད་སྐད་ནང་གཞུང་ཞེས་བརྗོད་དུས། དཔེར་ན། དེ་དགོན་པ་དང་གྲྭ་ཚང་གི་གཞུང་རེད་ཅེས་བརྗོད་རྒྱུ་ཡོད། བོད་པའི་ཚིག་ནང་གི་གཞུང་ཞེས་པ་དེ་དབྱིན་ཚིག་(Government)ཞེས་པ་དེར་གོ་དགོས་པའི་ཁྱབ་པ་མི་འདུག ང་ཚོས་དབྱིན་ཇིའི་ཚིག་ནང་(Government)ཞེས་པ་དེ་དུས་རྒྱུན་བརྗོད་ཀྱི་མེད། ལོ་གཅིག་ལྡི་ལི་ཚགས་པར་རྒྱག་མཁན་ཁ་ཤས་ཤིག་ཐུག་སྟེ། སྐབས་དེ་དུས་རིན་པོ་ཆེ་ཡང་ཡོད། ཚགས་པར་རྒྱག་མཁན་ཞིག་གིས་རིན་པོ་ཆེར་(Prime miniser of Exile Government)བཙན་བྱོལ་བོད་གཞུང་གི་སྲིད་བློན་ཞེས་བརྗོད་སོང། ངོས་ཀྱིས་སྐབས་དེར་གསལ་བཤད་བྱས་པ་ཡིན། ང་ཚོས་(Prime minister དང་ Exile Government)བརྗོད་ཀྱི་མེད། ང་ཚོས་(Central Tibetan Administration)བོད་མི་བཙན་བྱོལ་བ་ཡོད་པ་དེ་དག་ལ་ལྟ་རྟོག་བྱེད་མཁན་གྱི་སྒྲིག་འཛུགས་ཤིག་དགོས་ཀྱི་ཡོད། ཐད་ཀར་འགན་དེ་འཁྱེར་གྱི་ཡོད། བརྒྱུད་ནས་ང་ཚོ་བཙན་བྱོལ་དུ་ཡོད་མཁན་རྣམས་བོད་མིའི་ཆ་ཤས་ཤིག་ཡིན། དེར་བརྟེན་གཞིས་ལུས་རྒྱ་ཆེའི་མི་མང་དོན་གྱི་བདག་པོའི་བསམ་ཚུལ་ཡོད་པ་དེ་དག་དང་ཕར་ཕྱོགས་དེར་བདེ་བ་སྡུག་བསྔལ་ཡོད་པ་དེ་དག་བརྗོད་རྒྱུ་དེ་ང་ཚོའི་ལས་འགན་ཡིན། དེ་ལྟ་བུ་ཞིག་རེད་མ་གཏོགས་ང་ཚོ་འདི་གར་བཙན་བྱོལ་གཞུང་(Exile Government)ཞེས་ནམ་ཡང་བརྗོད་ཀྱི་མེད། དེ་ཤེས་དགོས་པ་ཡིན། ཞེས་གསུངས་འདུག ང་ཚོས་སྐུ་མདུན་གྱི་ཡེ་ཤེས་དབྱིངས་དཔྱད་ཀྱིས་གཟིགས་ཏེ་ཐག་གིས་བཅད་པ་ལ་ཡིད་ཆེས་བྱས་ཏེ་ཤར་བསྐྱོད་བྱེད་རྒྱུ་དམ་བཅའ་རིམ་པ་འཇོག་གི་ཡོད་ལ། སྐབས་རེར། ང་ཚོས་ལྷ་མིའི་རྣམ་འདྲེན་དང་ཐམས་ཅད་མཁྱེན་པ་ཞེས་ཆེ་བསྟོད་མང་པོ་བྱེད་ཞོར་སོ་སྐྱེ་རང་ག་བ་ཞིག་སྐད་ཆ་ལྟར་ཅི་དགར་སྨྲ་བ་དགོད་བྲོ་བའི་གནས་མ་ཡིན་ནམ། ད་དུང་ང་ཚོས་བཙན་བྱོལ་དུ་ཕེབས་མ་ཐག་ནས་སྐུ་མདུན་གྱིས་གནང་བའི་བཀའ་སློབ་དག་ལ་སློབ་སྦྱོང་བྱེད་དགོས་ཀྱི་འདུག དེར་སློབ་སྦྱོང་བྱས་ན་སྐུ་མདུན་གྱི་དགོངས་གཞི་དང་དེ་དག་ལས་ག་ཚད་ཅིག་འགོག་རྐྱེན་ཐེབས་ཏེ་འགྲུབ་མ་ཐུབ་པ་ཤེས་ངེས་ཡིན།

  15. འཇམ་དཔལ་ཚུལ་ཁྲིམས། says:
    2011-04-26 at 2:25 pm

    དྲ་གྲོགས་གངས་ཅན་པ་ལགས།
    ཁྱེད་ཀྱིས་གསུང་པ་དེ་ལྟར་exile government ཞེས་ཟེར་གྱི་མེད་ཀྱང་། ད་བར་དུ་ government in exile ཞེས་ཡོངས་གྲགས་སུ་བཀོལ་བཞིན་ཡོད། འདི་ནི་བཙན་བྱོལ་བོད་གཞུང་ཞེས་པར་འགྱུར་བ་ལས་གཞན་གང་དུ་ཡང་མི་འགྱུར་བས་མི་འགྲིག་པ་གང་ཡང་མེད་ལགས།
    བཙན་བྱོལ་བོད་གཞུང་དང་བོད་གཞུང་གཅིག་པ་ཡིན་པའི་ནན་བརྗོད་གནང་བ་འདྲ་ཞིག་དྲན་བྱུང་། དེ་ནི་དེ་ག་རང་རེད། ངས་སེམས་ཀྱིས་མ་གཟོད་པར་སྐད་འཆོར་ས་ནི་བཙན་བྱོལ་བོད་མིའི་གཞུང་ཞེས་པ་འདི་སེམས་སུ་མ་བབ་པ་རེད་ལགས།

  16. བློ་བཟང་ཚེ་རིང་། says:
    2011-04-27 at 2:33 am

    སྐྱོན་འདི་མགོ་ཚུགས་ས་དེ་གོང་ས་བླ་མའི་དགོངས་ཞུ་ཟེར་བ་དེ་ནས་མ་འགྲིགས་པ་རེད། ཁྱེད་ཚོས་སྐྱོན་བརྗོད་བྱེདབསམ་ན་འྡེ་ཤར་ལ་བཞག་ནས་གླུད་ནུབ་ལ་མ་གཏོང་རོགས། ངས་ནམ་ཡིན་ཡང་གོང་ས་ཏཱ་ལའི་བླ་མ་འདི་བོད་ཀྱི་ཆབ་སྲིད་དབུ་ཁྲིད་ཅིག་ཡིན་པའི་ཆ་ནས་གུས་བཀུར་དང་བརྩི་འཇོག་ཆེན་པོ་ཞུ་མྱོང་། ངས་གང་གི་ཆེད་དུ་གོང་ས་ཏཱ་ལའི་བླ་མ་བཀུར་བཞིན་ཡོད། ངས་ང་རང་ཉིད་ཐེ་བའི་བོད་མི་མང་གི་ཁེ་ཕན་ཞིག་ལ་བསམ་ནས་ཏཱ་ལའི་བླ་མར་བཀུར་བཞིན་ཡོད། གལ་སྲིད་ཏཱ་ལའི་བླ་མས་བོད་ཀྱི་སྲིད་དོན་གྱི་འགན་དབང་མ་བླངས་པ་ཡིན་ན་ངས་ཏཱ་ལའི་བླ་མར་དམིགས་བསལ་གྱིས་གུས་བརྩི་གང་ཡང་མི་ཞུ་ཐག་ཆོད་ཡིན། ཏཱ་ལའི་བླ་མ་ད་དུང་ཡང་བོད་མི་ས་ཡ་དྲུག་གི་ནང་གི་མི་མི་གཅིག་ཡིན་སྟབས་སྤུན་ཟླ་བོད་མི་ཞིག་གི་འདུ་ཤེས་ལོས་ཡོད། གལ་སྲིད་ཆོས་དད་ཅན་ཞིག་ཡིན་ན་དགེ་སློང་དཀྱུས་མ་ཞིག་གི་འདུ་ཤེས་ཀྱི་དད་མོས་ཤིག་ལོས་ཡོད། དེ་མིན་ཏཱ་ལའི་བླ་མ་ཟེར་ནས་བརྩི་བཀུར་ལྷག་པོ་ཞིག་གང་གི་ཆེད་དུ་བྱེད། ངས་བྱེད་འདོད་མེད་ལ་ངའི་གྲོགས་པོ་ཚོས་ཀྱང་བྱ་རྒྱུ་མ་རེད།
    ཏཱ་ལའི་བླ་མས་བོད་ཀྱི་སྲིད་དབང་བཞེས་པའི་ཉིན་མོར་ཏཱ་ལའི་བླ་མ་བོད་ཀྱི་དབུ་ཁྲིད་རེད། ཏཱ་ལའི་བླ་མ་བོད་ཀྱི་མཚོན་རྟགས་རེད། ཏཱ་ལའི་བླ་མ་བོད་ཀྱི་སྐུ་ཚབ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཏཱ་ལའི་བླ་མར་དགྲ་བྱུང་ན་ངའི་དགྲ་བོ་ཡིན་ལ་ཏཱ་ལའི་བླ་མར་གྲོགས་བྱུང་ན་ངའི་གྲོགས་པོ་ཡིན། གལ་སྲིད་ཏཱ་ལའི་བླ་མས་བོད་ཀྱིས་སྲིད་དབང་མ་བཞེས་པ་ཡིན་ན་ཏཱ་ལའི་བླ་མ་གང་ཡང་མ་རེད། ཏཱ་ལའི་བླ་མ་བོད་ཀྱི་སྤྲུལ་སྐུ་སྟོང་ཕྲག་ཁྲི་ཕྲག་གི་ནང་གི་སྤྲུལ་སྐུ་ཞིག་རེད། ཏཱ་ལའི་བླ་མ་བོད་མི་ས་ཡ་དྲུག་གི་ནང་གི་སྤྱི་འབངས་དཀྱུས་མ་ཞིག་རེད། ཏཱ་ལའི་བླ་མས་ང་ཚོ་བློས་གཏོང་ཐུབ་ན་ང་ཚོས་ཏཱ་ལའི་བླ་མ་བློས་གཏོང་མི་ཐུབ་དོན་མེད།
    བོད་མི་མང་འདི་དེ་ཙམ་གླེན་པ་མ་རེད། བོད་མི་མང་གིས་རང་ལ་དབུ་ཁྲིད་བརྟན་པོ་ཞིག་དགོས་པ་ཤེས་ནས་ཏཱ་ལའི་བླ་མ་བཟོ་བསྐྲུན་བྱས་པ་རེད། ནོ་སྦེལ་ཞི་བདེ་གཟེངས་རྟགས་རག་ས་བར་ཏུ་བཀྱག་པ་རེད། ཡིན་ན་ཡང་སྟབས་མ་ལེགས་པ་ཞིག་ལ་ཏཱ་ལའི་བླ་མས་བོད་མི་མང་ལ་དྲིན་ལན་འཇལ་བའི་བསམ་བློ་མེད་པ་རེད། བོད་མི་མང་གིས་ཏཱ་ལའི་བླ་མ་བཟོ་བསྐྲུན་ལ་བཏོན་པའི་ནུས་ཤུགས་ཚང་མ་འཕྲོ་བརླགས་སུ་བཏང་བ་རེད།
    དགོད་བྲོ་བ་ཞིག་ལ། མི་མང་པོ་ཞིག་གིས་ད་དུང་ཡང་ཏཱ་ལའི་བླ་མས་ད་དུང་ཡང་བོད་ཀྱི་སྲིད་དབང་ལ་ཇུས་གཏོགས་བྱེད་པའི་རེ་བ་བྱེད། དེ་ནི་འགྲུབ་ཏུ་མེད་པའི་འཁྲུལ་སྣང་དང་སྟོང་བསམ་ཞིག་རེད། རྩ་ཁྲིམས་ནང་གི་སྐུ་དབང་ཕྱིར་འབུད་བྱས་ཟིན་པའི་རྗེས་སུ་སྤྱི་དབངས་དཀྱུས་མ་ཞིག་གི་འགན་དབང་ཙམ་ལས་ཏཱ་ལའི་བླ་མ་ཡིན་ཟེར་ནས་སྲིད་དབང་ལ་ཇུས་གཏོགས་དམིགས་བསལ་ཞིག་བྱེད་འདོད་ཀྱང་བྱེད་ས་རག་གི་མ་རེད། དེ་ནི་དམངས་གཙོའི་ཁྲིམས་ལུགས་གཞི་རྩའི་དགག་བྱ་གཙོ་བོ་ཞིག་རེད། ཏཱ་ལའི་བླ་མར་རྩ་ཁྲིམས་ནང་ལ་སྐུ་དབང་མེད་བཞིན་དུ་ད་ད་དུང་ཡང་འགན་དབང་ཆེན་པོ་ཞིག་འཁྱེར་རྒྱུ་ཡིན་གསུངས་ན་རྒྱ་ནག་གིས་བཤད་པའི་ཆབ་སྲིད་འཁྲབ་སྟོན་གྱི་རྒན་ཡོལ་ཟེར་བ་དེ་ངོ་མར་གྱུར་བ་རེད།

  17. གངས་ཅན་པ། says:
    2011-04-27 at 2:57 am

    government in exile ཞེས་ཡོངས་གྲགས་སུ་བཀོལ་བཞིན་ཡོད། ཅེས་པ་དེ་གང་ན་བཀོལ་གྱི་འདུག ལས་ཁུངས་ཁག་གི་སྒོ་བྱང་སྟེང་ན་འདུག་གམ། ལས་ཤོག་སྟེང་ན་འདུག ཡང་ན་དོན་གཅོད་ཁག་ན་འདུག ཁུངས་ཤིག་སྐྱོལ་དང་། ཡིད་ཆེས་བྱས་ཆོག དཔང་རྟགས་གཅིག་ཀྱང་མེད་པར་ཡོངས་གྲགས་སུ་བཀོལ་བཞིན་འདུག་ཟེར་ན་ཧམ་བཤད་མ་རེད་དམ།

  18. ཀརྡོ་རབ་འབྱམས་པ་ says:
    2011-04-27 at 7:29 am

    བློ་བཟང་ཚེ་རིང་གི་མཆན་བུ་༡༦པའི་ནང་ལ། མ་རབ། དྲིན་ལན་ལོག་འཇལ་དང་། དྲིན་ཆེན་ལག་བརྡུངས་ཀྱིས་ཚིག་ངན་འགའ་ཞིག་འདུག་པ་ལ་བློ་ཕམ་ཡོད་ལགས། བློ་ཚེ་ལགས་ཁྱོད་ཀྱི་ཁ་དེ་གཟབ་དགོས་འདུག་གམ། ཐུགས་རྗེ་གཟིགས།

  19. ཀརྡོ་རབ་འབྱམས་པ་ says:
    2011-04-27 at 7:42 am

    ༢༠༡༡་༣་ཚེས་ནས་༸གོང་ས་མཆོག་ལ་ཆོས་ཕྱོགས་ཕར་བཞག སྲིད་ཕྱོགས་ནས་ཀྱང་། ཁ་གཏོང་བའི་ཐོབ་ཐང་སུ་ལ་ཡང་ཡོད་མ་རེད་དོ། །བློ་ཚེ་སོགས་ལ་ཡིན། །

  20. འཇམ་དཔལ་ཚུལ་ཁྲིམས། says:
    2011-04-27 at 12:05 pm

    དྲ་གྲོགས་གངས་ཅན་པ་ལགས།
    དབྱིན་སྐད་ཀྱིས་བྲིས་ཡིག་ཆ་དང་ངག་རྒྱུན་ལ་ཡོད་པ་གཞན་པ་ཕར་ཞོགས་བོད་གཞུང་གི་གཞུང་འབྲེལ་དུས་ཡིག་ཆ་དང་དུས་དེབ་Tibetan Review, Tibetan Bulletin སོགས་ཀྱི་ནང་དུ་ཡོངས་གྲགས་སུ་བཀོལ་བཞིན་པ་ཁྱེད་ལ་སྟོན་དགོས་སམ།
    དྲ་གྲོགས་བློ་ཚེ་ལགས་ཀྱིས་གསུང་སྟངས་འདི་ལ་བལྟས་ན་ཡང་ན་རིག་འཚོ་མ་ཟིན་པ་ཞིག་རེད། ཡང་ན་དགོས་པ་དམིགས་བསལ་ཅན་ཞིག་རེད། ཡང་ན་དགའ་ལྡན་ཕོ་བྲང་ལ་ཞེ་མཁོན་ཡོད་མཁན་ཞིག་རེད།
    “ཏཱ་ལའི་བླ་མས་བོད་ཀྱི་སྲིད་དབང་བཞེས་པའི་ཉིན་མོར་ཏཱ་ལའི་བླ་མ་བོད་ཀྱི་དབུ་ཁྲིད་རེད། ཏཱ་ལའི་བླ་མ་བོད་ཀྱི་མཚོན་རྟགས་རེད། ཏཱ་ལའི་བླ་མ་བོད་ཀྱི་སྐུ་ཚབ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཏཱ་ལའི་བླ་མར་དགྲ་བྱུང་ན་ངའི་དགྲ་བོ་ཡིན་ལ་ཏཱ་ལའི་བླ་མར་གྲོགས་བྱུང་ན་ངའི་གྲོགས་པོ་ཡིན།”ཟེར་སྟངས་འདི་ལ་བལྟས་ན་བོད་གཞུང་ལ་སེམས་གཏིང་ནས་བརྩི་བཀུར་ཞུ་མཁན་ཞིག་ཡིན་མདོག་སྟོན་གྱི་འདུག་པ་མུ་མཐུད་ནས་ཤེས་རྒྱུ་རེད། ལར་ནས་ཁོ་བོ་སུ་ཡང་མ་ཤེས་པས་ད་དུང་བཤད་ཚོད་ཐིག་དཀའ་།
    དེ་རྗེས་སུ་”གལ་སྲིད་ཏཱ་ལའི་བླ་མས་བོད་ཀྱིས་སྲིད་དབང་མ་བཞེས་པ་ཡིན་ན་ཏཱ་ལའི་བླ་མ་གང་ཡང་མ་རེད། ཏཱ་ལའི་བླ་མ་བོད་ཀྱི་སྤྲུལ་སྐུ་སྟོང་ཕྲག་ཁྲི་ཕྲག་གི་ནང་གི་སྤྲུལ་སྐུ་ཞིག་རེད། ཏཱ་ལའི་བླ་མ་བོད་མི་ས་ཡ་དྲུག་གི་ནང་གི་སྤྱི་འབངས་དཀྱུས་མ་ཞིག་རེད།”ཞེས་བྲིས་པ་ནི་ཧ་ཅང་ནོར་བ་རེད། འདིའི་ནང་ནས་ཚིག་དཀྱུས་མ་ཟེར་བ་དེའི་ཚབ་ཏུ་ཁྱད་དུ་འཕགས་པ་ཞེས་པ་ངེས་པར་དུ་འབྲི་དགོས། ༧ཁོང་ལ་དེ་ལྟར་འོས་ཀྱང་འོས་ལ་ཐོབ་ཀྱང་ཐོབ།
    “ཏཱ་ལའི་བླ་མས་ང་ཚོ་བློས་གཏོང་ཐུབ་ན་ང་ཚོས་ཏཱ་ལའི་བླ་མ་བློས་གཏོང་མི་ཐུབ་དོན་མེད།”བཤད་སྟངས་འདི་ལ་བལྟས་ན་ཁོ་ཀླད་མེད་ཅིག་གི་ཚུགས་ཀ་འདུག

  21. འཇམ་དཔལ་ཚུལ་ཁྲིམས། says:
    2011-04-27 at 4:51 pm

    ད་དུང་དྲ་གྲོགས་བློ་ཚུལ་ལགས།
    ཁྱོད་ཀྱིས་”ཏཱ་ལའི་བླ་མས་ང་ཚོ་བློས་གཏོང་ཐུབ་ན་ང་ཚོས་ཏཱ་ལའི་བླ་མ་བློས་གཏོང་མི་ཐུབ་དོན་མེད།”་བཤད་སྟངས་འདི་ལ་བལྟས་༧གོང་ས་མཆོག་གིས་རང་ཉིད་ཀྱི་དབང་ཆ་བེད་སྤྱད་ནས་རང་ཉིད་ཀྱི་དབང་ཆ་རྩ་འགོག་བྱེད་ཀྱི་ཡོད་པ་ནི་འཇིག་རྟེན་ལ་མ་གྲགས་པའི་མིག་དཔེ་ཞིག་བཟང་པོ་ཞིག་རེད། འདི་ཁྱོད་ཀྱིས་མ་ཤེས་པ་ལ་བལྟས་ན་ཁྱོད་རང་མི་ཐབས་ཆགས་ཤིག་ཅིག་ཡིན་པར་མཐོང་།

  22. བཀྲ་ཤིས་ནག་ལྡང་། says:
    2011-04-27 at 5:28 pm

    ཨ་མཆོད་ཚང་གི་སྐད་འདི་ངོ་མ་གོ་ཁག་པོ་འདུག
    བོད་སྤྱི་བོའི་གོ་ཐུབ་པའི་བརྡ་སྤྲོད་པའི་ལུགས་དང་མ་འགལ་བ། དེ་སྔའི་བོད་ཀྱི་སྔ་རབས་མཁས་པ་རྣམས་ཀྱི་གསུས་སྒྲོས་བཞིན་གྱི་རྩོམ་དུ་གནང་ཡོད་ན་བསམ་དུ་རི་བ་ལོས་ཡོད་སྙམ་ཡང་། སྐད་འདི་བཀླགས་ཀྱིན་བཀླགས་ཀྱིན་ཐང་ཆད་པས་ཅི་ཡིན་འདི་ཡིན་མེད་པ་ཞིག་ཏུ་གྱུར་སོང་།

  23. བྱ་ཁྲ་བསོད་ནམས། says:
    2011-04-27 at 5:46 pm

    བློ་ཚེ་ཟེར་བ་མི་དེ། གང་ཡིན་མི་ཤེས་ཀྱང་། བོད་མི་ཞིག་ཡིན་པ་ནི་ཁོ་ཐག་རེད། བོད་མི་ཞིག་གི་ཁ་ནས་དེ་ལྟར་དོན་བ་ལ་ཁོ་རང་སྒེར་ལ་དགོས་པ་རྒྱུ་མཚན་ཞིག་ཡོད་རྒྱུ་རེད། དེ་མིན་རྣམ་དཔྱོད་ལྡན་པའི་བོད་མི་ཡང་དག་ཅིག་ཡིན་ཚེ། མགོན་པོ་ཁོང་ཉིད་ཀྱིས་བོད་མི་རིགས་འཆི་གསོན་གྱི་འཇིགས་པ་ལས་བསྐྱབས་ཤིང། ད་གཟོད་བོད་མི་རིགས་དང་བཅས་པ་འཛམ་གླིང་མི་མང་གི་མཉམ་དུ་དབུགས་གཏོང་བཞིན་འཚོ་བ་འདི་སུའི་བཀའ་དྲིན་ཡིན་མ་ཤེས་ག་ལ་ཡིན། སྤྱིར་དེང་སང་མི་ཁ་ཤས་ཀྱིས་འཇོན་མདོག་རྒོད་མདོག་བཤད་ཀྱི་ཡོད་མོད། གཅིག་འོག་གཅིག་གི་མ་འདུ་བའི་བོད་མི་རྣམས་ཆིག་ཏུ་བསྒྲིལ་ཞིང་བཙན་བྱོལ་བོད་གཞུང་གི་དབུ་འཁྲིད་རྒྱུ་དེ་ཡང་༧ཁོང་ཉིད་ལྟ་བུ་ཞིག་མེད་ན་གང་ལ་ཐུབ། ཁོང་ནི་ཇི་ལྟར་ཡང་ངེད་ཅག་བོད་མི་རིགས་ཀྱི་མགོན་སྐྱབས་ཡིན་ལ། བཀའ་དྲིན་ཅན་གྱི་ཕ་མ་ཡང་ཡིན། ང་ཚོས་དུས་ནམ་ཡང་མི་བརྗེད།

  24. བྱ་ཁྲ་བསོད་ནམས། says:
    2011-04-27 at 6:09 pm

    ཨ་མཆོད་ལགས་ཀྱིས་གསུངས་པ་དེ་ལ་ཡང་རྒྱུ་མཚན་ལྡན། ང་རང་ལ་མཚོན་ན། བོད་གཞུང་ཞེས་རྣ་བར་ཐོས་པ་ལས་བྲོ་བ་ཞིག་ཉམས་མྱོང་མེད་ཀྱང། བོད་གཞུང་ཞེས་པ་དེར་ཧ་ཅང་དགའ་ལ་དེའི་འོག་ཏུ་བསྡད་རྒྱུ་ལ་ཡང་སྤྲོ། འོན་ཀྱང་མི་ཐོག་གོང་མའི་བྱེད་བབས་ལ་བརྟེན་ནས་༼བཙན་བྱོལ་བོད་གཞུང་༽ གི་འོག་ཏུ་འཚོ་དགོས་བྱུང། དེ་ཡང་བོད་མི་རིགས་ཀྱི་ངོ་བོ་མཚོན་ཞིང་སྐྱིད་སྡུག་མཉམ་མྱོང་གི་གཞུང་ཞིག་ཡིན་སྟབས། དེའི་འོག་ཏུ་རང་ཉིད་ཀྱི་འདོད་པ་ལྟར་མ་བྱུང་ཡང་ད་བར་མི་སྤྲོ་རྒྱུ་ཡང་མི་འདུག ད་ནི་གང་གིས་བསགས་པའི་ལས་དབང་ཡིན། དེའི་འོག་ཏུ་ཡང་འདུག་སྐལ་མེད་པ་འདྲ། དཀོན་མཆོག་མཁྱེན།

  25. འཇམ་དཔལ་ཚུལ་ཁྲིམས། says:
    2011-04-28 at 1:04 am

    དྲ་གྲོགས་བློ་ཚུལ་ལགས།
    ངས་ཁྱེད་ཀྱི་གསུང་ལན་ལ་སྒུག་ནས་བསྡད་ཡོད། ངས་ཁྱེད་རང་ནི་བོད་འབངས་རྣལ་མ་སྨྲ་བརྗོད་རང་དབང་གི་ཆེད་དུ་མགོ་བོ་ཤེད་ཀྱིས་འདེགས་པའི་སྐྱེ་བོ་ཨུ་ཚུགས་ཅན་ཞིག་ཏུ་རེ་ནས་ཁྱེད་ལ་དགག་པ་འགའ་ཞིག་བྲིས་ཡོད་ཀྱང་ཁྱེད་ཀྱིས་རང་གིས་གང་བྲིས་པ་ལ་ཡང་བདག་པོ་མེད་པར་གར་སོང་ཆ་མེད་དུ་གྱུར་སོང་། འདི་ལ་བལྟས་ན་ཁྱེད་སྤྱི་ཚོགས་དཀྲུགས་མཁན་སྐྱེ་བོ་ཐ་ཤལ་བ་ཞིག་མིན་ནམ་སྙམ་གྱི་འདུག གལ་སྲིད་ཁྱེད་རང་རིན་ཐང་ཅན་ཞིག་ཡིན་ན་མུ་མཐུད་ནས་གདོང་དུ་འབུད་རོགས། དྲ་ཐོག་ན་ཁྱེད་ཀྱི་སྐུ་དཔར་མ་མཐོང་ལ་ཁྱེད་ཀྱི་སྐོར་གཞན་ཡང་མ་མཐོང་། མཐའ་ན་ཁྱེད་ཀྱིས་བཀོལ་བའི་མིང་དེ་དངོས་མིང་ཡིན་མིན་ཡང་མི་ཤེས་པས་ཁྱེད་ལ་ཐེ་ཚོམ་བྱེད་དགོས་དོན་གང་ཡོད།
    མདོར་བསྡུས་ན་ཁྱེད་ཀྱིས་ཚིག་བཀོལ་སྟངས་ལ་བལྟས་ན་ཁྱེད་ཀྱི་ཀུན་སློང་ཅི་ཡིན་ང་ཚོ་མགོ་འཁྲུག་གིན་འདུག་པས་ཁྱེད་དཔའ་བོ་ཡིན་ན་མུ་མཐུད་ནས་རང་ཉིད་དཀར་འདོན་ཆེད་དུ་ཕེབས་རོགས། སྨྲ་བརྗོད་རང་དབང་གི་ཆེད་དུ་མུ་མཐུད་ཕེབས་རོགས།

  26. འཇམ་དཔལ་ཚུལ་ཁྲིམས། says:
    2011-04-28 at 1:09 am

    དེང་སང་མཆན་འཇོག་རྒྱུར་དཀའ་ངལ་ཧ་ཅང་འདུག མུ་མཐུད་ནས་འཇོག་གི་ཡིན།

    དྲ་གྲོགས་བློ་ཚུལ་ལགས།
    ངས་ཁྱེད་ཀྱི་གསུང་ལན་ལ་སྒུག་ནས་བསྡད་ཡོད། ངས་ཁྱེད་རང་ནི་བོད་འབངས་རྣལ་མ་སྨྲ་བརྗོད་རང་དབང་གི་ཆེད་དུ་མགོ་བོ་ཤེད་ཀྱིས་འདེགས་པའི་སྐྱེ་བོ་ཨུ་ཚུགས་ཅན་ཞིག་ཏུ་རེ་ནས་ཁྱེད་ལ་དགག་པ་འགའ་ཞིག་བྲིས་ཡོད་ཀྱང་ཁྱེད་ཀྱིས་རང་གིས་གང་བྲིས་པ་ལ་ཡང་བདག་པོ་མེད་པར་གར་སོང་ཆ་མེད་དུ་གྱུར་སོང་། འདི་ལ་བལྟས་ན་ཁྱེད་སྤྱི་ཚོགས་དཀྲུགས་མཁན་སྐྱེ་བོ་ཐ་ཤལ་བ་ཞིག་མིན་ནམ་སྙམ་གྱི་འདུག གལ་སྲིད་ཁྱེད་རང་རིན་ཐང་ཅན་ཞིག་ཡིན་ན་མུ་མཐུད་ནས་གདོང་དུ་འབུད་རོགས། དྲ་ཐོག་ན་ཁྱེད་ཀྱི་སྐུ་དཔར་མ་མཐོང་ལ་ཁྱེད་ཀྱི་སྐོར་གཞན་ཡང་མ་མཐོང་། མཐའ་ན་ཁྱེད་ཀྱིས་བཀོལ་བའི་མིང་དེ་དངོས་མིང་ཡིན་མིན་ཡང་མི་ཤེས་པས་ཁྱེད་ལ་ཐེ་ཚོམ་བྱེད་དགོས་དོན་གང་ཡོད།
    མདོར་བསྡུས་ན་ཁྱེད་ཀྱིས་ཚིག་བཀོལ་སྟངས་ལ་བལྟས་ན་ཁྱེད་ཀྱི་ཀུན་སློང་ཅི་ཡིན་ང་ཚོ་མགོ་འཁྲུག་གིན་འདུག་པས་ཁྱེད་དཔའ་བོ་ཡིན་ན་མུ་མཐུད་ནས་རང་ཉིད་དཀར་འདོན་ཆེད་དུ་ཕེབས་རོགས། སྨྲ་བརྗོད་རང་དབང་གི་ཆེད་དུ་མུ་མཐུད་ཕེབས་རོགས།

  27. འཇམ་དཔལ་ཚུལ་ཁྲིམས། says:
    2011-04-28 at 2:57 pm

    དྲ་གྲོགས་རེབ་གོང་བཀྲ་ཤིས་ལགས།
    ཁྱེད་ཀྱིས་”བོད་མི། བཙན་བྱོལ་བོད་མི། བཙན་བྱོལ་བོད་གཞུང་། བཙན་བྱོལ་བོད་མིའི་གཞུང་།”་ཞེས་པའི་མཇུག་ཏུ་མཆན་༢་པའི་བཏབ་པའི་མཆན་དེ་འདིར་ལན་གཅིག་དང་། དེ་ནས་དུབ་བབ་ཀྱི་བསམ་ཚུལ་གྱི་ནང་དུ་ཁོ་བོའི་རྩོམ་དེ་བྲིས་པས་དེའི་མཇུག་ཏུ་ཡང་ལན་གཅིག་འདེབས་རོགས་ཞུ།

  28. འཇམ་དཔལ་ཚུལ་ཁྲིམས། says:
    2011-05-25 at 4:57 pm

    དྲ་གྲོགས་ཚོ།
    དེ་རིང་ངས་ཀུ་རེ་ཞིག་རྩེ་འདོད། དེ་རིང་ང་ཟམ་གདོང་འགྲན་པའི་རྒྱལ་ཁ་ང་ལ་རག་བྱུང་། ངས་བཙན་བྱོལ་བོད་གཞུང་ཞེས་པ་ཕྱིར་སྡུ་བྱེད་འཆར་གཏམ་གོ་བའི་ཉིན་མོ་དེ་ནས་ཀུན་གླེང་ནང་དུ་དྲི་བ་བཏོན་ནས་མི་རྣམས་འདིའི་ཐོག་དོ་སྣང་བསྣན་པ་དང་། དེ་ནས་ཅང་མ་འགོར་བར་ཁ་བརྡ་དང་དུས་བབ་གཉིས་སུ་དེའི་སྐོར་བསམ་ཚུལ་བཀོད། http://www.tibettimes.net/news.php?cat=5&&id=4359 http://www.khabdha.org/?p=18595 དེའི་རྗེས་ནས་འདིའི་སྐོར་ལ་བགྲོ་གླེང་གི་འུར་སྒྲ་གང་བ་ལྟ་བུ་ཞིག་བྱུང་སོང་བས་ད་ལན་”བཙན་བྱོལ་བོད་གཞུང”་གི་མིང་གི་རྒྱལ་ཁ་འདིའི་ནང་དུ་ངས་བྱས་རྗེས་བཞག་ཡོད་དའ་། ཨ་ལ་མི་ཟེར་ཀུ་རེ་ཡིན། གསར་འགྱུར་གོ་བ་དང་དགའ་སྤྲོ་སྐྱེས་ནས་སྤྲོ་སྐྱིད་ཀྱི་ཆེད་དུ་འདི་ལྟར་བྲིས་པ་ཡིན། གང་ལྟར་འུར་སྒྲ་འདི་སྒྲོག་མཁན་གྱི་སྔོན་མ་ང་རང་ཆགས་སོང་བ་སྤོབས་པ་ཞིག་སྐྱེས་སོང་། བོད་མི་རིགས་ལ་རེ་བ་ཞིག་མཐོང་བྱུང་། དྲ་གྲོགས་མི་རིགས་གསར་བས་གསུང་བ་བཞིན་འདི་ནི་བོད་མི་རིགས་ད་དུང་གསོན་པོ་ཡིན་པའི་རྟགས་རེད། དེ་རིང་ང་དགའ་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme