Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནི་སུ་སུ་རེད།

Posted on 2011-04-15 By ཁ་བརྡ་ 18 Comments on བོད་ནི་སུ་སུ་རེད།

དཔའ་ཆེན་དོན་གྲུབ།
རིགས་བརྒྱུད་ཀྱི་མཆེད་ཁུངས་དང་བཙན་པོའི་མངའ་རིས་ཀྱི་རྒྱ་ཁྱོན་ཞིབ་ཚགས་ཀྱིས་དེད་ན་བོད་ནི་སུ་སུ་ཡིན་པ་རེད། བོད་ཀྱི་ལོ་རྒྱུས་སྨྲ་བ་མགར་རྩེ་རྟ་མགྲིན་རྒྱལ་ལགས་ཀྱིས་བོད་ཅེས་པ་ནི་ཡུལ་ཡར་ཀླུང་གི་ཚོ་ཁག་ཁ་ཤས་ལ་གོ་བ་བླངས་ན་ཤིན་ཏུ་ནོར་བའི་ལྟ་ཚུལ་བཏོན་པ་དེས་བོད་ནི་རིགས་བརྒྱུད་ཀྱི་མཆེད་ཁུངས་ནས་རྒྱ་བསྐྱེད་དེ་ཆེན་པོ་ཞིག་ཏུ་ངོས་འཛིན་གནང་བ་ལོ་རྒྱུས་སྨྲ་བའི་འབེལ་གཏམ་དུ་ངེས། རྒྱ་ནག་གི་ལོ་རྒྱུས་སྨྲ་བ་ཞིག་གིས་བོད་བཙན་པོའི་རྒྱལ་རབས་ཉམས་རྒུད་ཀྱི་མགོ་ཚུགས་པ་ནས་བོད་རྒྱ་རུ་འགྱུར་བ་དེང་གི་བོད་མིའི་གྲངས་འབོར་ལས་ཀྱས་མང་པར་བཤད་ཅིང་། མདོར་ན་བོད་རྒྱའི་ས་མཚམས་ཀྱི་མི་དག་ནི་བོད་མིའི་རྒྱུད་དང་དེ་མིན་ན་རྒྱ་བོད་འདྲེས་མ་ཡིན་པར་བཤད་ཡོད། བོད་ཀྱི་རིགས་བརྒྱུད་ནི་ཡུལ་ཡར་ཀླུང་ནས་རྒྱ་བསྐྱེད་དེ་ཅི་ཙམ་ཆེན་པོ་ཆགས་ཡོད་ནའང་། བོད་བཙན་པོས་རྒྱ་བསྐྱེད་པའི་བོད་ནི་འཕེལ་བ་ནས་འགྲིབ་པའི་བྱུང་བ་མང་ཙམ་འགྱུར་རྗེས་སུ་ས་སྐྱ་བས་ཆོལ་ཁ་གསུམ་དུ་བསྡུས་ཡོད། ཆོལ་ཁ་གསུམ་ཞེས་པའི་བོད་ཀྱི་ས་རིས་བཅད་ཐིགས་འདི་ནི་གསལ་ལ་མ་གསལ་གྱི་ངང་ནས་བཙན་བྱོལ་ཁྲོད་དུ་བོད་ཡོངས་སུ་གོ་བ་ལེན་པའི་ལྟ་གྲུབ་ཀྱི་གཞི་རྩ་ཡོད་ནའང་། འདི་ཉིད་ཞིབ་ཚགས་མོ་བྱུང་མེད།
ཆོལ་ཁ་གསུམ་གྱིས་མཚོན་པར་བྱས་པའི་བོད་ཡུལ་ལ་ས་རིས་བཅད་ཐིགས་ཀྱི་གསལ་ཁ་མེད་པ་ལ་བརྟེན་ནས་ད་སྔ་ཕྱི་ཕྱོགས་སམ་རྒྱ་ཁབ་གཞན་དང་རྩོད་རྙོག་བྱུང་མྱོང་མེད་ཀྱང་། བཙན་བྱོལ་ནང་ཕྱི་ལོ་༡༩༧༨ལོའི་ཀོང་པོ་ཞིབ་འཇུག་དང་། མངའ་རིས་ཀྱི་ཁ་བྲལ། གསེར་རྟ་བ་གཉིས་ཀྱི་ཤགས་འགྱེད་བཅས་ཀྱི་བྱུང་བ་སླེབས་ཏེ་ས་རིས་བཅད་ཐིགས་ཀྱི་ཉེན་ཁ་སྟོན་གྱི་ཡོད་ནའང་། བཙན་བྱོལ་བོད་གཞུང་གིས་མ་འོངས་བོད་ཀྱི་འཛིན་སྐྱོང་དེ་མངའ་སྡེའི་ལམ་ལུགས་སུ་རིས་བགོ་བྱེད་པའི་འཆར་སྣང་ཉར་ཡོད་པས་རྙོག་གླེང་འདི་རིགས་བཙན་བྱོལ་ནང་གི་སྤྱི་འཐུས་འོས་འདེམས་ཐད་ཀྱི་གནས་སྐབས་ཀྱི་རྙོག་དྲ་ལ་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་། ད་བར་དུ་ཕྱི་ཕྱོགས་ནས་གླེང་ཙམ་ཡང་བྱས་མེད་པ་ནི་རྒྱ་ནག་གཞུང་གིས་གྲང་ཉུང་མི་རིགས་སུ་བཟོས་པའི་མདོ་སྨད་རྒྱལ་རོང་ཕྱོགས་སུ་བོད་རིགས་ཁག་ཅིག་ལ་ཆང་རིགས་ཅེས་བཏགས་ཡོད་པ་ལྟ་བུ་རེད། ཆང་རིགས་ལྟ་བུ་ཀྲུང་གོའི་གྲང་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ནང་དུ་ཁག་ཅིག་ཡོད་པ་དང་། བོད་རྒྱའི་འབྲེལ་མོལ་སླར་མཐུད་རྗེས་ཀྱི་ཡིག་ཆ་ཁག་དང་། 《བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་》ནང་དུ་ཆང་རིགས་ལྟ་བུ་བོད་ཀྱི་ཁོངས་སུ་བསྡུ་བའི་སྤོབས་པ་སླེབས་མེད། གོང་གསལ་ཡིག་ཆའི་མཚོན་པའི་བཙན་བྱོལ་བོད་གཞུང་གི་ཡིག་ཆ་ཁག་གི་ནང་དུ་“རྒྱ་ནག་མི་དམངས་སྤྱི་མཐུད་རྒྱལ་ཁབ་ཀྱིས་བོད་རིགས་རྣམས་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ནང་ནས་མི་རིགས་གཅིག་རང་ལ་ངོས་འཛིན་བྱེད་ཀྱི་ཡོད། ” ཅེས་རྒྱ་གཞུང་གིས་བོད་རིགས་ཀྱི་ཚོ་བ་བཅད་བགོས་བྱས་པ་དེ་རང་ལ་རྩ་འཛིན་བྱེད་ཀྱི་ཡོད། གནས་དོན་འདི་ཉིད་ཀྱིས་བོད་རིགས་ཡོངས་ཞེས་པ་དེ་ཀྲུང་གོའི་གྲངས་ཉུང་མི་རིགས་ཁྲོད་བཞག་པའི་བོད་རིགས་ཡོངས་ལས་བཙན་པོའི་མངའ་རིས་སུ་རྒྱུན་རིང་བསྡད་དེ་མཐའ་མཚམས་སྲུང་བའི་བྱས་རྗེས་ཅན་གྱི་མི་རྒྱུད་དོར་འདུག་པས་བོད་རྒྱའི་འབྲེལ་མོལ་གྱི་གཞི་རྩའི་ལམ་ཕྱོགས་འཐུས་ཚང་བྱུང་མེད། ཆང་རིགས་ནི་བོད་རིགས་ཡིན་པ་དམུ་དགེ་བསམ་གཏན་སོགས་སྔ་མའི་མཁས་དབང་ཁག་ཅིག་གིས་རྒྱ་ནག་དང་གནས་ལུགས་ར་སྤྲོད་བྱས་མྱོང་ཡོད་པ་དང་། ཆང་རིགས་སུ་ངོས་བཟུང་བའི་ཡུལ་མི་རང་ཉིད་ཀྱིས་ཀྱང་བོད་ཡིན་པའི་སེམས་ཁམས་འཁྱེར་གྱི་ཡོད།
དེང་སྐབས་བོད་རྒྱའི་འབྲེལ་མོལ་ཐད་དུ་བྱས་རྗེས་ངོ་མཚར་ཅན་བཞག་ཡོད་པར་སྒྲུབ་བྱེད་ཀྱི་ཡིག་ཆ་《བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་》དང་དེའི་གསལ་བཤད་བཅས་ཀྱི་ནང་དུ་སྔ་མའི་ལོ་རྒྱུས་ཀྱི་གནས་བབ་ལ་འགྲེལ་བཤད་གསར་བརྗེ་བྱེད་པའི་མགོ་ཚུགས་ཀྱི་ཡོད་པ་དང་། དེ་སྔ་《བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་》ཐད་འཚོགས་པའི་ཉན་ཞིབ་ཚོགས་འདུའི་སྟེང་དུ་བློ་གྲོས་རྒྱ་རི་ལགས་ཀྱིས་འབྲི་ཆུའི་ཕར་ཕྱོགས་དེ་སྔ་དགའ་ལྡན་ཕོ་བྲང་གི་ཁོངས་སུ་ཡོངས་སུ་མེད་པ་རྒྱུ་མཚན་དུ་བྱས་ནས་རྒྱ་ཁོངས་སུ་བཅུག་ཡོད། གནས་དོན་འདི་ནི་གོ་ཐོས་ལྟར་ན་བོད་གཞུང་གིས་འགྲོ་གྲོན་མང་པོ་བཏང་སྟེ་བརྩམས་བསྒྲིགས་གནང་བའི་《བོད་གྱི་གནས་བབས་》ཅེས་པའི་རྩོམ་པ་པོའི་ལྟ་ཚུལ་དང་ཡོངས་སུ་མི་མཐུན་པར་ཡོད་པ་ནི་དེབ་དེ་ཉིད་དུ་འབྲི་ཆུའི་ཕར་ཕྱོགས་ཀྱི་བོད་རིགས་དག་ཡུལ་ལུང་རང་བདག་གི་གནས་བབ་སྟེང་ཡོད་པར་གསལ་བཤད་བྱས་ཡོད་པས་གསལ་བོར་བྱེད་ངེས། བོད་རྒྱའི་འབྲེལ་མོལ་ཐད་དུ་མི་མཐུན་པ་གཙོ་བོར་བསྒྲགས་པའི་བོད་རྒྱ་ཁུངས་ཡིན་མིན་དེ་ཉིད་ནི་ལོ་རྒྱུས་སྨྲ་བའི་བཤད་སྒྲོས་ལས་ཁྲིམས་ཀྱི་ངོར་གལ་ཆེན་དུ་ཡོད་གཤིས། གསལ་བཤད་ཀྱི་ཡིག་ཆའི་ནང་དུ་དགོས་གལ་བྱུང་ན་༧གོང་ས་མཆོག་གིས་ལོ་རྒྱུས་ཀྱི་གནས་བབ་ཐད་ནས་རྒྱ་ཕྱོགས་དང་མི་མཐུན་པ་བཟོ་འདོད་མེད་པར་རྒྱལ་སྤྱིའི་སྟེང་ཁྲིམས་མཐུན་ཡོངས་བར་རོགས་འདེགས་ཞུ་རྒྱུའི་གསལ་བཤད་བྱས་ཡོད།
གནད་དོན་འདི་དག་གཅིག་ཏུ་སྤུངས་ཚེ་ང་ཚོར་བོད་ནི་སུ་སུ་ཡིན་པ་རེད་ཅེས་དྲི་བ་ཞིག་འཁོར་ཡོང་བ་དང་། དེ་སྔའི་ལོ་རྒྱུས་ཀྱིས་གསལ་ཁ་བཏོད་པའི་གནས་ལུགས་ནི་འདི་ལྟར་དབུ་མའི་ལམ་གྱི་འགྲེལ་བཤད་ཁྲོད་ཡལ་འགྲོ་རྒྱུ་ཡིན་ནམ། ཡང་ན། བཀའ་ཤག་གསར་བ་སླེབས་ཚེ་དབུ་མའི་ལམ་ལ་བསྐྱར་ཞིབ་བྱེད་ཀྱི་རེད།
༢༠༡༡།༤། ༡༢ཉིན།

སྣ་ཚོགས།

Post navigation

Previous Post: བདེ་ཆེན་སྒྲོལ་མར་སྤྲིངས་པའི་འཕྲིན།
Next Post: གསལ་ལེ་རྒྱལ་ཞིག་གི་མགུར།

Comments (18) on “བོད་ནི་སུ་སུ་རེད།”

  1. བོད་པ་ཚང says:
    2011-04-15 at 9:54 pm

    གྲོགས་པོ་སེམས་ཁྲལ་མ་བྱེད་ད་དུང་འཇམ་དབྱངས་ནོར་བུས་རྒྱ་རོང་ཕལ་ཞོག་ཨ་མདོ་དང་ཁམས་ཕལ་ཆེར་
    རྒྱ་འོག་ཡིན་པའི་དཔང་རྟགས་སོགས་རྒྱའི་ཡིག་ཆ་བསྟན་གྱིན་ཡོད་པར་མ་ཟད་ཁ་ནས་ཀྱང་བཤད་ཀྱིན་ཡོད་
    ཀྱང་འཇམ་ནོར་བོད་ཀྱི་ལ་རྒྱ་ཅན་རེད་ཟེར་བ་ཡོངས་གྲགས་རེད།
    ཁོང་ཆོས་ལྟ་བུས་ལོ་རྒྱུས་ནག་འཐེན་བསམ་ཡང་ནག་པོ་ཆགས་མི་ཐུབ་པ་མངོན་སུམ་རེད།

  2. ཀླུ་ཚང་། says:
    2011-04-16 at 2:09 am

    བོད་ནི་འདི་འདྲ་ཞིག་རེད། ལྟོས་ཤིག

    བློ་བཟང་སེང་གེ་བཀའ་བློན་ཐོབ་འདུག ལྷ་རྒྱལ་ལོ། རྒྱ་ནག་ལ་བརྡ་ལན་གསལ་ཐག་ཆོད་ཅིག་སྤྲད་ཚར་བ་རེད།

    ད་དུང་བརྡ་ལན་འཕྲོད་མེད་པ་གཅིག་ནི་དབུས་གཙང་ཆོལ་ཆ་འདི་བཙན་བྱོལ་ནང་མང་ཤོས་ཡིན་ནང་དེའི་མི་གཉིས་ལ་བརྒྱ་ཆ་མ་ལོང་བ་དེ་ནི་ངོ་ཚ་དགོས་པ་ཞིག་རེད། ཁ་སང་རང་བཙན་ལྟ་བ་འཛིན་མི་ཆོག་པ་དང་།
    དབུས་གཙང་ཆོལ་ཁ་ལ་ཤ་ཚ་ཞེན་ཁོག་དགོས་ཟེར་བའི་གྲུབ་འབྲས་དེ་རེད།

    ཤ་ཚ་ཞེན་ཁོག་ཅན་ཟླ་བ་ཚེ་རིང་གིས་བོད་གཞུང་ཡང་རྒྱ་གར་ཁྲིམས་ཁང་ནང་སྐྱེལ་སྐྱེལ་གིན་ད་དུང་གྲོས་ཚོགས་ནང་མགོ་འཕངས་མཐོ་བྱས་ནས་གཏོང་འདུག ད་དབུས་གཙང་གི་མི་མང་ལ་གཏན་ནས་མི་འདུག
    ན་ནིང་ཡུ་ཤུལ་ལ་ས་ཡོམ་རྒྱག་དུས་ཀྱང་དབུས་གཙང་ཕྱོགས་ནས་རོགས་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་མི་འདུག

    གྲོགས་པོ་ཚོ། དངོས་གནས་ཡིན། ང་ཚོའི་ནང་ལ་བཀྲ་ཤིས་མ་ཤིས་ན། །ཕྱིའི་དོན་གང་འདྲས་སེ་འགྲུབ་ཀྱི་རེད་དམ། ཟླ་བ་ཚེ་རིང་གིས་ཡང་གླིང་སློབ་གྲྭ་རྡ་སའི་མི་མང་གི་ཡིན་པ་བོད་གཞུང་གི་ཁྲིམས་ཁང་ནས་ཐག་བཅད་ཀྱང་། ཁོས་བོད་གཞུང་གི་བཅད་ཁྲིམས་ངོས་ལེན་མ་བྱས་པ་མ་ཟད། དེ་ཁྲིམས་ཆོད་ཡང་དག་བྱས་མ་བྱུང་ཟེར་ནས། བོད་གཞུང་གི་ཁྲིམས་ཞིབ་ཁང་རྒྱ་གར་སིམ་ལའི་ཁྲིམས་ཁང་དུ་བསྐྱལ་ཟིན་པ་རེད།
    དེ་ལ་བོད་གཞུང་གིས་ལོ་ལྟར་སྒོར་འབུམ་མང་པོའི་འགྲོ་སོང་བཏང་ནས་འུ་ཐུག་ཐབས་ཟད་ཀྱི་ཁྲིམས་ཁང་ནས་བཀའ་ཕེབས་རིམ་ལྟར་འགྲོ་དགོས་ཀྱི་ཡོད་པ་རེད།

  3. བཀྲ་ཤིས། says:
    2011-04-16 at 8:48 am

    དཔལ་ཆེན་དོན་གྲུབ་ཟེར་བས་དབྱེ་ཞིབ་བྱས་པའི་རྩོམ་ཡིག་འདི་ཅུང་ལེགས་པོ་ཞིག་བྲིས་འདུག མུ་མཐུད་རྩོམ་ཡིག་འབྲི་བར་རེའོ།་
    ལོ་ངོ་གཉིས་སྔོན་ཙམ་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཡང་དྲ་རྒྱ་སྣ་ཚོགས་སྤེལ་བའི་འུར་ཟིང་སློག་སློག་ཏུ་འཕྱུར་བྱུང།
    འོན་ཀྱང་དེ་དག་ཏུ་རྩམ་ཡིག་སྤེལ་བ་དག་ནི་ཚིག་སྦྱོར་དང་དག་ཆ། རྩོམ་རྩལ་སོགས་གང་གི་ཆ་ནས་ཀྱང་ཧ་ཅང་ཞན་པོ་རེད་ལ།་
    དྲ་བ་དང་གསེར་ཤོག་གི་རྩོམ་སྒྲིག་པ་ཚོས་ཀྱང་ལེ་ལོའམ་ཤེས་ནུས་གང་ཡིན་ཆ་མ་འཚལ་མོད། རྩོམ་སྒྲིག་གི་འགན་ཁུར་ཡོངས་སུ་ཁྱོག་མཁན་
    ཧ་ཅང་ཉུང་བར་མངོན་ནོ། དེ་བས་དེ་རིང་བདག་གི་ཁྱེད་ཀྱི་རྩོམ་ཡིག་དེ་ནི་བལྟས་འཇོག་གིས་ཅུང་ལེགས་པར་མཐོང་བས་ཡིད་རིང་ཞུ་བ་ལགས།
    རིམ་གྱིས་བོད་ཡིག་དྲ་བ་རྣམས་ཚད་ལྡན་དུ་ཡོང་བ་ལ་ཕན་ཆེ་བར་ངེས་སོ།

  4. བཀྲ་ཤིས། says:
    2011-04-16 at 8:50 am

    རྩོམ་ཡིག་བྲིས་པ་ཅུང་བཟང་གི

  5. པ་མགོ་ says:
    2011-04-16 at 11:30 am

    ཀླུ་ཚང་བ་ལགས། ཁྱོད་ཀྱིས་བློ་བཟང་སེང་གེ་ལ་རྒྱལ་ཁ་ཐོབ་ཡོད་པའི་གནས་ཚུལ་གང་ཐོས། བདེན་ནམ་མི་ཤེས་ཡ

  6. བློབ་བཟང་རྒྱལ་མཚན says:
    2011-04-16 at 12:36 pm

    བློ་བཟང་སེང་གེ་བཆོག་ལ་རྒྱལ་ཁ་ཐོབ་ན་དབུས་གཙང་ཆོལ་ཁ་མྱ་ངན་ནོན་དགོས་ཅི་ལ་ཡོད་ དབུས་གཙང་མི་གྲངས་མང་ཀྱ་དྲང་བདེན་ཀྱིས་འོས་ཤོག་བླུག་པར་ཧང་སང་དགོས་དོན་ཅི་ཡོད་།

  7. ལུང་རྟོགས། says:
    2011-04-16 at 1:57 pm

    གལ་ཏེ་བློ་བཟང་སེང་གེ་ལགས་ལ་རྒྱལ་ཁ་ཐོབ་ཡོད་ན་དེ་ནི་དབུས་གཙང་མི་མང་ནས་འོས་གྲང་པོ་བླུག་ཡོད་པའི་རྟགས་རེད། དེ་ནི་བོད་མི་རིགས་འདིའི་རྒྱལ་ཁ་དང་། དབུས་གཙང་མི་མང་གི་གཟི་བརྗིད་ཅིག་ཡིན་པ་ལས་ངོ་ཚ་དགོས་པ་ཞིག་མ་རེད། དེས་ན་གང་བྱུང་བཤད་ཏེ་ནང་ཁུལ་མ་སྐྲུགས་རོགས།

  8. ནམ་མཁའ། says:
    2011-04-16 at 1:58 pm

    དྲྭ་གྲོགས་དཔའ་ཆེན་དོན་འགྲུབ་ལགས་ཀྱིས་བོད་ནི་སུ་སུ་ཡིན་པར་དབྱེ་ཞིབ་བྱས་ཏེ།
    རྩོམ་ཡིག་འདིར་བཀོད་པར་རྗེས་སུ་ཡི་རངས་ཡོད།
    དབྱེ་ཞིབ་པ་ཁྱེད་ཀྱིས་མུ་མཐུད་དུ་དབྱེ་ཞིབ་ལེགས་པར་མཛད་དེ།
    ང་ཚོར་ཕྱོགས་གང་ཐད་ནས་གོ་རྟོགས་སྤེལ་བར་དཔྱོད་པར་སྨོན།།
    ཐུགས་རྗེ་ཆེ།

  9. མིག says:
    2011-04-16 at 4:24 pm

    ལ་རྒྱ་ཅན་གྱི་མི་བུ་ཞིག་གིས་རྩོམ་ཡིག་ངོ་མ་རེད།
    བོད་རིགས་ཞེས་པའི་ཚིག་འདིས་བོད་པ་མང་པོ་ཞིག་གིས་སེམས་ལ་ན་ཚ་བཏང་འདུག
    འདིའི་ཐད་ད་དུང་བརྟགས་རྒྱུ་མང་གི་ཡ།

  10. མེ་ཏོག་དཀར་པོ། says:
    2011-04-16 at 5:01 pm

    འདི་ན་ནང་ལ་ལོང་བའི་ནང་ནས་མིག་ལྡན། ཞ་བོའི་ནང་ནས་རྐང་ལྡན་དེ་ཀླུ་ཚང་གཅིག་པོ་རེད་འདུག ཁོས་དབུས་གཙང་ཅིག་ཅིག་མག་མག་ཟེར་ལུགས་ལ་ལྟོས་དང་རྟོགས་ཐུབ།

  11. བཀྲ་ཤིས་ནག་ལྡང་། says:
    2011-04-16 at 5:18 pm

    རྩྭ་བཤད་སར་རྩོ་མ་བསྲེས། ཀླུ་ཚང་བ་སོགས་ལ་བཤད་པ་ཡིན།

  12. དཔའ་ཆེན་དོན་གྲུབ་ says:
    2011-04-16 at 5:24 pm

    གུས་པས་རང་གི་བསམ་ཚུལ་ཞིག་བཤད་པ་འདིའི་རྗེས་སུ་ཆོལ་ཞེན་ནད་རོ་ཡི་ས་བོན་མི་གཏོར་རོགས་ཞུ།
    བཤད་པར་བྱ་བ་ཡོད་ཚེ་དབུ་མའི་ལམ་སོགས་བོད་གཞུང་གི་ཆབ་སྲིད་སྲིད་བྱུས་ཀྱི་སྐོར་ལ་བཤད་པར་ཞུ།

    རིམ་འགྱུར་དབུ་མའི་ལམ་གྱི་སྲིད་བྱུས་ནི་བཀའ་ཁྲི་ཟམ་གདོང་བས་གསུངས་པ་ལྟར་འདི་ཡིན་དེ་མིན་གྱི་ཚད་ཐིག་མེད་པ་ཞིག་རེད། དེའི་རྐྱེན་གྱིས་དེང་གི་བཀའ་ཤག་གི་དབུ་མའི་ལམ་ལ་ངེས་པར་འགྱུར་བ་འགྲོ་དགོས་པ་འདྲ་ཞིག་བསམ་གྱི་འདུག

  13. དཔའ་ཆེན་དོན་གྲུབ་ says:
    2011-04-16 at 5:35 pm

    དབུ་མའི་ལམ་གྱི་ཐད་བསྐྱར་ཞིབ་དགོས་མིན་དང་། ཕྲན་གྱི་བསམ་ཚུལ་ལ་ནོར་བའི་ཆ་ཅི་ཡོད་སོགས་ཀྱི་ཐད་བཀའ་མོལ་གནང་རོགས།

  14. འོ་མ། says:
    2011-04-17 at 7:27 am

    འདི་ལྟར་བོད་ཅེས་པ་འཚོལ་དགོས་པའི་དུས་སྐབས་སུ། བདག་གིས་བཙན་པོའི་རྒྱལ་ཁབ་ཀྱི་རྒྱལ་པོ་དག་གི་སྙིང་སྟོབས་སུ་ཧ་སང་གི བཙན་པོའི་དུས་སྐབས་སུ་འཛམ་གླིང་ཤར་དཀྱིལ་གྱི་མཐོང་སྒང་ཁྱོན་ཡོངས་བོད་ཡུལ་དང་བོད་མི་བོད་ཀྱི་རྒྱལ་ཁབ་ཏུ་འདོད་པ་ལས། དེ་ལ་ནང་གསེས་བོད་མི་ཡིན་མིན་སྐོར་ལ་དབྱེ་ཞིབ་བསམ་བློ་ཞིག་འཁོར་མྱོང་མེད་འདུག་བཤད་ན་འགྲིག
    འོན་ཀྱང་མྱི་ཤུལ་ན་ཁྱི་སྐྱེས། ཁྱི་ཤུལ་ན་རྩྭ་སྐྱེས་པའི་དུས་རབས་རེ་རེར་བཙན་པོའི་རྒྱལ་ཁབ་འཇིག བོད་ཡུལ་ཁ་འཐོར་དགུ་འཐོར་དུ་གྱུར། ཕྱིས་སུ་རྩྭ་ཤུལ་དུ་སྐྱེས་པའི་འཇག་སྐྱའི་རིགས་དག་གིས་བོད་ལ་ཕྱི་ནང་ཕྱེས། བོད་ལ་ཆེ་ཆུང་ཕྱེས། ད་དུང་མི་རབས་ཕྱི་མའི་ནང་དུ་བཙན་པོའི་སྙིང་ཁམས་ཅན་གྱི་སྐྱེས་བུ་དམ་པ་ཞིག་མ་སྐྱེས་ན། དབུས་གཙང་གཉིས་ཀྱིས་བོད་ཅེས་པ་དེ་གང་ཡིན་རྩོད་དགོས་རྒྱུ་རེད། དོན་གནད་དེ་ནི་མི་རབས་ནས་མི་རབས་བརྗེས་ཡོང་དུས་གདོད་མའི་མི་རབས་ཀྱི་སྙིང་ཁམས་ཇེ་ཞེན་ནས་ཇེ་ཆུང་། སེམས་ཁུངས་གུ་གཟུགས་དོག་པོར་གྱུར་ཞིང་སྡར་མའི་མི་རིགས་ཀྱི་ཁྱད་རྟགས་ལས་གཞན་ཅི་ཡང་མེད་དོ།

  15. ཚེ་བསམ་ says:
    2011-04-18 at 11:13 am

    ཐུག་བདེན་ནོ་དྲ་གྲོགས་འོ་མ་ལགས།
    སྔར་བཙན་པོའི་བཀའ་དྲིན་བསམ་པ་ན།
    སེམས་མི་སྐྱིད་པ་ཞིག་ཡོང་གི་འདུག།
    ངུ་དགོས་པ་ཞིག་ཀྱང་ཆག་གི་འདུག
    ལས་ཐོན་རྒྱུ་གསུམ་དེ་ཐོན་ནས་འདུག་
    ད་ཅེ་འདྲ་བྱེད་དམ་དྲ་གྲོགས་ལགས།

  16. དཔའ་ཆེན་དོན་གྲུབ་ says:
    2011-04-18 at 2:12 pm

    དྲ་གྲོགས་འོ་མ་ལགས་ཀྱིས་ལོ་རྒྱུས་ཕྱིར་དྲན་གྱི་དགོངས་ཚུལ་ལ་བརྗོད་པར་བྱ་བ་ཅི་ཡང་མེད་ཀྱང་། “བོད་ལ་ཆེ་ཆུང་ཕྱེས།”ཞེས་པའི་འདོད་ཚུལ་འདི་ཏག་ཏག་རང་བསྡད་ཨེ་ཡོད་སྙམ་པ་ང་ལ་བྱུང་།

    མི་སྒེར་གྱི་ལོ་རྒྱུས་ལ་ལྟ་བའི་མིག་དབང་དེ་ཡོངས་མཐུན་ཞིག་ཡིན་མི་དགོས་མོད། བོད་རང་གི་ལོ་རྒྱུས་ཡིག་ཚང་དུ་བོད་ལ་ཆེ་ཆུང་ཕྱེས་ཡོད་མེད་ཀྱི་གཞི་འཛིན་ས་ཞིག་ངེས་པར་དགོས་ཕྱིར་ཁོ་བོས་ནི་དེ་ལྟར་མ་མཐོང་ལ། ཉིད་ནས་དེ་ལྟར་མཐོང་ཡོད་ན་དཔྱད་གཞིའི་ཁོངས་རེ་འདོན་སྤྲོད་ལ་རེ་བ་ཆེའོ།།

  17. འོ་མ། says:
    2011-04-19 at 5:19 am

    དྲྭ་གྲོགས་རྣམ་པ། བོད་ཀྱི་ལོ་རྒྱུས་ཡོངས་སྒེར་བྲིས་ལོ་རྒྱུས་ཡིན་པ་ལས་གཞུང་ཞིག་གི་འཛིན་སྐྱོང་འོག་མཁས་མང་གིས་དཔྱད་ཞིབ་ཀྱིས་དཀའ་གནད་གསེལ་གྲོལ་དངོས་ཐག་བཅད་ཀྱི་ཐོག་ནས་ཐུབྷོད་ལོ་རྒྱུས་ངོ་མ་ཞིག་གཏད་ནས་བྲིས་མྱོང་མེད། ངན་སྐྱོན་དེ་འདྲའི་གནས་ཚུལ་ཞིག་གིས་རྐྱེན་པའི་སྒེར་བྲིས་ལོ་རྒྱུས་ལ་སྒེར་གྱི་ཆགས་སྡང་གི་ཚོར་བ་འདྲིས་ནས་ཕྱོགས་ལྷུང་རང་བཞིན་ཅན་གྱི་ལོ་རྒྱུས་ཤར་ཐག་ལས་མེད་དོ།

  18. ལྷ་ས་ཚེ་གླིང་ says:
    2011-04-19 at 11:29 pm

    བོད་ནི་འབྱུང་ཁུངས་ཡོད་ལ་རྩ་བ་ཡང་ཡོད་པའི་ལོ་རྒྱུས་དེ་ལ་གཟིགས་ན་བོད་དང་བོད་མི་རིགས་ཀྱི་རྩ་ཁུངས་ངོ་མ་ཤེས་ཡོང་དེ་མིན་རྒྱ་དམར་གྱི་ལྟ་སྤྱོད་ཆ་ཚང་ལྷད་མེད་པ་ཞིག་ཡོད་མཁན་ལྷག་བསམ་རྣམ་དག་གིས་རྒྱ་དམར་རྐུབ་གཡོག་པ་ཞིག་ཡིན་ན་བོད་གང་དུ་ཡོད་པ་དང་བོད་ཟེར་བ་སུ་ཡིན་པ་བཅས་རྙེད་རྒྱུ་ཧ་ཅང་ཁག་པོ་ཞིག་ཡིན་དེ་ཁྱེད་རང་ལ་ཐུགས་ཁག་ཡོད་པ་མ་རེད་བོད་ཟེར་བ་གནས་ཡོད་ན་དེས་འའདུ་ཤེས་ཐག་གཅོད་ཀྱི་རེད་ངས་འདི་འདྲ་ཞུ་བ་ནི་ངའི་གྲོགས་པོ་ཞིག་གིས་བོད་དུ་གཉེན་འཕྲད་ལ་འགྲོ་འཐུས་ཀྱི་ཐོངས་མཆན་ཞུ་བར་བསྐྱོད་པར་རྒྱ་མིའི་ལས་ཁུངས་ཀྱི་བོད་རིགས་ལས་བྱེད་པ་དེས་ལག་ཁྱེར་ལ་བལྟས་ནས་བོད་ཟེར་བ་ག་པར་ཡོད་པ་རེད་སུས་ཁས་ལེན་བྱེད་ཀྱི་ཡོད་པ་རེད་བཤད་འདུག་་་་་་་་་་་་་་་་་བོད་ཀྱི་ལོ་རྒྱུས་མ་་ཤེས་ན་ཁག་མི་འདུག་བསམ་པ་བཅས་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (50)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme