Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཅུང་པོའི་ལམ་སྟོན།

Posted on 2014-04-122014-04-12 By ཁ་བརྡ་ 16 Comments on གཅུང་པོའི་ལམ་སྟོན།

སྐྱོ་བྲག་དགའ་དབང་།

གྲོགས་པོ། ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚོགས་པ་ལས་བྱུང་བ་མ་གཏོགས་གང་འདོད་ཀྱི་རང་དབང་ཅན་ཞིག་མིན་པས་ན། སྤྱོད་འཇུག་ལས། ཉེས་པ་ཇི་སྙེད་ཐམས་ཅད་དང་། །སྡིག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་རྐྱེན་གྱི་སྟོབས་ལས་བྱུང་། །རང་དབང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ཡོད།
འགྲོ་བ་མི་རྣམས་ཀྱི་འདུན་ལམ་ཡང་སྔོན་ལས་འཕྲལ་རྐྱེན་གྱིས་ཁ་ཕྱོགས་སྒྱུར་བ་མངོན་གསལ་ཡིན་པས་ན། ལས་ལ་གང་བསྐོས་མ་གཏོགས། སྣང་བར་གང་དྲན་མི་འདུག །ཅེས་ཡོངས་སུ་གྲགས་པ་རེད།
གང་འདོད་ཀྱི་རང་དབང་མེད་བཞིན་དུ་རང་གི་རེ་བའི་ཐོག་ཏུ་ངེས་པར་དུ་འགྲོ་དགོས་པའི་རེ་ནན་དང་ཨུ་ཚུགས་བྱེད་པ་ནི་སྡུག་བསྔལ་སྣོན་མ་ཡིན་པས་ན་རེ་དོགས་ཆེ་མ་དྲགས།
འོན་ཏེ་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བའི་གནད་ཀྱིས་གཏན་ནས་བཅོས་སུ་མེད་པའང་མིན་པས་ན། སངས་རྒྱས་ཀྱིས་མདོ་ལས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོ་དེ་སྐད་གསུངས། །ཞེས་གསུངས་ཡོད།

རང་གི་རྒྱུད་ལ་ལེགས་པ་འབྱུང་བྱེད་ཀྱི་རྒྱུ་དགེ་བ་ཡོད་ཐོག་ལྷས་སྡོང་གྲོགས་བྱས་ན་བསམ་དོན་མྱུར་དུ་འགྲུབ་པ་ལ་ནུས་པ་དམིགས་བསལ་ཡོད་པས་ན། མི་ཕམ་པས་ལུགས་ཀྱི་བསྟན་བཅོས་ལས། གང་ལ་ལྷ་ཡིས་མགོན་བྱས་པའི། །མི་དེ་གཅིག་པུར་གྱུར་ན་ཡང༌། །སྟོང་ཕྲག་དུ་མའི་མི་དག་དང༌། །ནུས་པ་ཀུན་ནས་མཉམ་པ་ཡིན། །ལྷ་ཡི་ལག་ནས་དྲངས་གྱུར་པ། །བཟང་པོའི་སྐས་ལ་འཛེག་གྱུར་ན། །མཐོ་དང་བདེ་དང་གྲགས་པ་ཡི། །གཞལ་མེད་ཁང་པར་ཡང་དག་རོལ། །ཞེས་གསུངས་པ་ཡིན་ཕྱིར། ཐུགས་ཐག་ཉེ་ཞིང་ཕྲིན་ལས་མྱུར་བའི་ལྷ་རྗེ་བཙུན་སྒྲོལ་མ་ལ་གསོལ་བ་ཕུར་ཚུགས་སུ་ཐོབ་ཅིག །
ཡོན་གནས་དམ་པར་དད་མོས་དྭང་བ་བྱས་པས་རང་རྒྱུད་ཀྱི་དགེ་བ་གོང་འཕེལ་དུ་འགྲོ་བ་མ་ཚད། མགོན་སྐྱོབས་དང་སྡོང་གྲོགས་བྱེད་མཁན་ཡོད་པའི་ཡིད་ཆེས་ཀྱིས་ཀྱང་སེམས་ཤུགས་འཕར་ནས། བླང་དོར་ལ་དཔྱོད་པའི་བློ་རྒྱ་ཡངས་པོས་འཇུག་ལྡོག་བྱས་པས་ལེགས་སྤེལ་ཉེས་འགོག་ཐུབ་ཀྱི་ཡོད།

གནས་དུས་གང་གི་སྐབས་ནའང་། བཟང་ངན་ཤོང་བའི་ཁོག་ཡངས་དང་། ལེགས་ཉེས་འབྱེད་པའི་སློབ་སྦྱོང་། དགེ་སྡིག་མ་ནོར་བའི་སྤྱོད་པ་དག་ལ་བརྩོན་པ་གྱིས་ཤིག་དང་། བདེ་བ་ཐོབ་པ་དང་སྡུག་བསྔལ་བྲལ་བ་ནི་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན་ནོ། །
སྨྲས་པ། དགོས་དགོས་འདྲ་བའི་ལོངས་སྤྱོད་དག །འཐོབ་ན་སྙམ་པའི་རེ་དོགས་ཀྱིས། །དྲག་ཞན་མཐོ་དམན་མེད་པ་ཀུན། །ཉིན་མཚན་ཁོར་མོ་ཡུག་ཏུ་རྒྱུག །

སྣ་ཚོགས།

Post navigation

Previous Post: ཨ་མའི་བུ།
Next Post: མིག་ཟུང་ལས་ལུད་པའི་ཚོར་བ་སྐམ་པོ།

Comments (16) on “གཅུང་པོའི་ལམ་སྟོན།”

  1. གཡང་དཀར་ལུག་རྫི་། says:
    2014-04-12 at 5:01 am

    སྐྱོ་བྲག་དགའ་དབང་ལགས། ཁྱེད་ཀྱིས་གནས་ལུགས་དེ་དག་ད་ལྟ་གཞི་ནས་ཤེས་སོང་ངམ།

  2. ཤར་པ་ says:
    2014-04-12 at 6:20 am

    ༄༄། སྐྱོ་བྲག་ལག། སླབ་བྱ་ཡག་པོ་གནང་འདུག་པས་གུས་རྩེ་ཞུ། ནང་པའི་གཞུང་ནང་ཆོས་ཐམས་ཅད་རྒྱུ་ཅན་བརྟེན་འབྲེལ་ཚོགས་པ་ལས་བྱུང་བ་གར་ལ་བཤད་ཡོད་དེ་དྲི་བ་ཡིན། རྟག་པའི་ཆོས་རྣམས་ཆོས་ཨ་ཡིན་ནམ། ཧཧཧཧཧཧ

  3. བདེན་སྨྲ་ says:
    2014-04-12 at 9:07 am

    ཡག་པོ་འདུག སྐྱོ་བྲག་ལགས་རྩོམ་ཇེ་སྙན་རེད།

  4. བན་དེ་བ། says:
    2014-04-12 at 2:42 pm

    ཤར་པས་སྐྱོ་བྲག་ལ་རྟགས་བསལ་ཚ་བོ་ཞིག་བཏང་སོང། འོན་ཀྱང་སྐྱོ་བྲག་གིས་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་གྱི་ཚོགས་པ་ལས་བྱུང་བ་མ་གཏོགས། ཞེས་སྨྲས་འདུག་མ་གཏོགས་རྒྱུ་ཅན་རྟེན་འབྲེལ་ཞེས་བྲིས་མི་འདུག
    གང་ལྟར་རྟགས་བསལ་ཕར་གཏོང་ཚུར་གཏོང་ཞིག་རེད་འདུག མ་གཞི་ནས་སྐྱོ་བྲག་སྐྱོ་བ་ཞིག་ལ་གཅེན་པོས་གཅུང་པོར་ལམ་སྟོན་བྱེད་རྒྱུའི་ཚབ་དུ་གཅུང་པོས་གཅེན་པོར་ལམ་སྟོན་བྱེད་དགོས་ཐུག་པ་འདི་ངོ་མ་སྐྱོ་བྲག་སྐྱོ་དགོས་པ་ཞིག་བྱུང་ཚོད།

  5. བསམ་ཤེས། says:
    2014-04-15 at 12:52 pm

    སྐྱོ་བྲག་ལགས། འདིར་སངས་རྒྱས་པའི་གཞུང་གི་མ་ཕྱི་རྒྱུ་འབྲས་རྟེན་འབྲེལ་སྐོར་ལ་ཁ་བརྡ་བྱེད་པ་འདིས་བདག་སྤྲོ་བ་སྐྱེས། གཤམ་ལ་འདྲི་བ་གཅིག་ཡོད་པས་བགྲོ་གླེང་ཡོད་པ་ཞུ།

    སངས་རྒྱས་པའི་གཞུང་ལུགས་ཀྱི་རྒྱུ་འབྲས་དེ་རགས་བཤད་དམ། སྤྱི་བཤད་ལས་ཞིབ་ཕྲ་མིན་པས། དེ་ལ་ད་དུང་ཞིབ་ཚགས་སུ་གཏང་དགོས་འདུག དཔེར་ན།

    རྒྱུ་དང་འབྲས་བུའི་དབར་ལ་རྐྱེན་སྟོང་ཕྲག་དང་། འཕྲད་པ་སྟོང་ཕྲག རེག་པ་སྟོང་ཕྲག དེ་བཞིན་ཐུག་པ་སྟོང་ཕྲག་སོགས་དོར་ན་རྒྱུ་ནས་འབྲས་བུའི་བར་ལ་འཛོམས་དགོས་པ་སྟོང་ཕྲག་ཡོད་པ་དག་ང་ཚོས་མིག་གིས་མི་མཐོང་ལ་ལུས་པོས་མི་ཚོར་བས་རྒྱུ་འབྲས་ནི་ཤིན་དུ་ནས་ཁ་གཡང་ཆེ་བ་འམ། ཁ་ཤོབ་ཆེ་བའི་འབྲུག་སྐད་ཅིག་རེད་འདོད།

    རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་སྨིན་པའི་བར་ལ་ང་ཚོས་བརྒྱུད་རིམ་སྟོང་ཕྲག་འགྲིམ་དགོས་པ་འདི་ནང་པ་ཚོས་མཁྱེན་གྱི་མེད་ལ་འགྲེལ་བཤད་ཀྱང་རྒྱག་ཐུབ་ཀྱི་མེད། དཔེར་ན། སྐྱོ་བྲག་མཆོག་ལ་གློ་བུར་དུ་ནོར་འཛོལ་བྱུང་ནས་མི་ཞིག་གིས་དུག་ལྡུག་ན། རྒྱུ་དེ་སྐྱེ་བ་སྔོན་མར་འདེད་རྒྱུ་ཡིན་ནམ། དེ་ལ་འགྲེལ་བཤད་མིན་འདུག

    དཔེ་གཞན་ཞིག་ནི། རྒྱུ་དང་འབྲས་བུའི་དབར་ལ་རྐྱེན་མང་པོ་དགོས་པ་དེ་དག་ལ་སྒྱུར་བ་ཐེབས་ནས་རྒྱུ་འབྲས་གོ་ལྡོག་པའི་སྐབས་ལ་རྒྱུ་འབྲས་གང་ལ་འགྲེལ་བཤད་རྒྱག་རྒྱུ་ཡིན། དཔེར་ན། རྒྱུ་དགེ་བ་ལས་འབྲས་བུ་མི་ལུས་བླངས། དེའི་ནང་ནས་སངས་རྒྱས་ཀྱི་ཆོས་ཐོས། ཡང་མི་ལུས་འདི་ལ་ལོ་མང་པོ་བཙོན་ལ་སྡོད་དགོས་པ་འདི་རྒྱུ་འབྲས་གོ་ལྡོག་པ་མ་རེད་པས།

    བླ་མ་སྐྱེས་ཆེན་མང་པོ་སྐྲན་ནད་དང་གྲིབ་སྐྱོན་ཕོག་ནས་ལོ་མང་པོ་ནད་ཀྱི་སྡུག་བསྔལ་མྱང་དགོས་པ་དེ་ཚོ་རྒྱུ་སྐྱེ་བ་སྔོན་མར་སྡིག་པ་བསགས་པར་འདོད་དགོས་སམ། དེ་མིན་ན་འབྲས་བུ་སྡུག་བསྔལ་མྱོང་བར་འགྲེལ་བཤད་མིན་འདུག

    འདི་ལ་ཚང་མས་བགྲོ་གླེང་ཞིག་གནང་རོགས།

  6. ཡེ་ཤེས་རྡོ་རྗེ། says:
    2014-04-15 at 1:46 pm

    བསམ་ཤེས་ཟེར་མཁན་འདི་ནི། བརྡ་སྤྲོད་ལས་ ལྷག་བཅས་ ཀྱི་སྦྱོར་ཚུལ་མི་ཤེས་བཞིན་དུ། ད་དུང་བོད་ཀྱི་སྐད་ཡིག་ལ། hyphen (‒, –, —, ―) དང་ semicolon (;) ཀྱི་ནུས་པ་སྟོན་ཐབས་མེད་པའི་སྐད་ཆ་བཤད་མཁན་ཞིག་ཡིན། 
    དེ་རིང་ཡང་འདིར། སངས་རྒྱས་པའི་གཞུང་ལུགས་ཀྱི་རྒྱུ་འབྲས་དེ་རགས་བཤད་དམ། སྤྱི་བཤད་ལས་ཞིབ་ཕྲ་མིན་པས། དེ་ལ་ད་དུང་ཞིབ་ཚགས་སུ་གཏང་དགོས་འདུག
    རྒྱུ་ཟེར་བ་དེ་ཡིན་གཅིག་མིན་གཅིག་ཚད་འཇལ་ཐུབ་པ་ཞིག་དང་ཕྲ་མཐོང་ཆེ་ཤེལ་སོགས་བརྒྱུད་ནས་མཐོང་རྒྱུ་ཡོད་པ་ཞིག་སྟེ། གཟུགས་སྒྲ་དྲི་རོ་རེག་བྱའི་རྒྱུ་ཞིག་ཏུ་གོ་སྟངས་དེ་ཙམ་གྱིས་མགོ་རྙོག་གང་ན་ཐེབས་ཡོད་པ་གསལ་པོར་སྟོན། ཕྲ་མཐོང་ཆེ་ཤེལ་སོགས་ཚན་རིག་གི་ཤེས་བྱ་དང་ལག་ཆ་ལ་དེའི་ཚོད་ཀྱི་ནུས་པ་ཞིག་ཡོད་ཅིང་། ཡང་ནང་ཆོས་ལ་ནང་ཆོས་ཀྱི་ཚོད་ཀྱིས་སེམས་གཤིས་ལ་བརྟགས་པའི་ནུས་པ་ཞིག་ཡོད། དེ་བས་ནང་ཆོས་ཀྱི་ཤེས་བྱས་ཕྱོགས་ཐམས་ཅད་ནས་ཚན་རིག་གི་དོ་ཟླར་ཡོང་ཐུབ་དགོས་པའི་བསམ་བློ་དེ་གང་ནས་བྱུང་པ་རེད། སེམས་ཀྱི་རྣམ་གཞག་དང་འབྲེལ་བའི་རྒྱུ་འབྲས་གླེང་བར། ནང་ཆོས་ཀྱི་ཟླ་རུ་སེམས་ཁམས་རིག་པ་ལ་སོགས་པའི་ཚན་རིག་གི་ཤེས་བྱ་ཞིབ་ཕྲ་འཁྱེར་ཞོགས་དང་དེ་ནས་བལྟས་ཆོག་གི་རེད།

  7. བསམ་ཤེས། says:
    2014-04-15 at 2:51 pm

    ཡེ་ཤེས་རྡོར་རྗེས་དྲན་གསོ་ཡག་པོ་ཞིག་བཏང་བྱུང་། ཁྱེད་ཀྱིས་དོན་ཚན་དང་པོ་འདིར་འབྲེལ་ཡོད་འདྲི་བ་གཅིག་ཡོད། ལན་ཞིག་སྤྲོད་རོགས། མེད་པར་ཡོད་མདོག་མདོག་དང་། མ་ཤེས་པར་ཤེས་ཀྱི་ཡོད་མདོག་བྱེད་པ་འདིས་ཁྱེད་རང་ཕུང་པ་ལོས། ཞར་ལ་ང་ཚོ་ཡང་འདྲུད་པར་བྱེད།

    དང་པོ། ཁྱེད་ལྟར་ན། ལྷག་བཅས་ཀྱིས་དབྱིན་ཡིག་གི ‒, –, —, ―) དང་ semicolon (;) ད་དུང་:སོགས་ཀྱི་ནུས་པ་འདོན་ཐུབ་ཟེར། གཤམ་གྱི་དཔེ་འདི་དག་ལ་ལྷག་བཅས་བཀོལ་རོགས། དེ་ནས་ང་ཚོས་ལྟ་ཆོག

    Watch Live Premiership Football – A quick guide to watching Premiership Football for free

    Advertise On This Site – Only US$95 for 30 days

    Online Sales: How To Use Customer Feedbacks?

    Feedback: Please provide this by either author; key words; and or subject:

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-04-15 at 3:41 pm

    རྒྱུ་འབྲས་རང་ཡིན་པའི་བདག་རང་གི་བྱ་སྤྱོད་སྐོར་ལ་ད་ལྟ་རང་བགྲོ་གླེང་བྱུང་། ང་རྒྱ་གར་སོགས་ཡུལ་གྲུ་མང་པོར་སླེབས་པ་དེ་ཡང་རང་གི་སྔོན་ལས་ཀྱིས་བྱས་པ་མ་ཡིན་ནམ། ང་བཀྲ་ཤིས་ལྷུན་པོར་ཡོད་སྐབས་སུ་དབུས་ལྷ་ས་རུ་འགྲོ་ཆོག་པ་ཞེས་ནང་གི་དགེ་རྒན་ལན་གཉིས་ཙམ་དགོངས་པ་ཞུས་ཀྱང་། དབུས་སུ་བསྡད་ནས་ལོག་མི་འོང་། དགོངས་ཏེ། དབུས་སུ་འགྲོ་ཆོག་བཀའ་མ་ཐོབ། དེ་ནས་ང་ལ་དྭགས་ལ་ཕ་མར་ཐུག་པར་འགྲོ་ཞུས་པར་ལོག་འོང་ངེས་དགོངས་ནས། དེ་མ་ཐག་ཏུ། འགྲོ་ཆོག་གསུངས། དེ་ནས་ལ་དྭགས་ལ་ལོ་གཅིག་ལྷག་བསྡད་ན། གཙང་དུ་ལོག་འགྲོ་བར་ཆས་པ་ན། སྒང་ཏོག་ལམ་རོང་སྦུག་ཏུ་ལམ་ཆད་འདུག དེར་བཀྲ་ཤིས་ལྷུན་པོའི་རྒྱ་ཁམས་པའི་སྔགས་པ་རྒྱང་མཐོང་ངོ་ཤེས་པ་ཞིག་དང་ཕྲད། སྤྱི་ལོ་༡༩༥༨ལ་ཡིན་བོད་ལ་དམག་འཁྲུགས་ཀྱི་བདེ་ཐབས་མི་འོང་ཞེས་པས། རྒྱ་གར་དུ་སློབ་སྦྱོང་ལ་གཞུང་ནས་ཕོགས་རག་ཐབས་ཤེས་ཀྱིས་བ་ཀུ་ལ་རིན་པོ་ཆེར་ཞུ་ཤོག་ཕུལ་ཀྱང་། ལས་བྱེད་པ་དག་གིས་མི་ལོ་ལོན་པ་ལ་སློབ་ཕོགས་མ་སྤྲད་ན་ལེགས་ཞེས་ཞུས་ཡོད་ཚོད་ཐོས། དེ་ནས་ལྷུར་ལེན་གྱིས་སློབ་སྦྱོང་བྱས་པས། རྒྱ་གར་གཞུང་ནས་སློབ་ཕོགས་རག་ཀྱང་། སློབ་གྲྭ་རང་ནས་དཔེ་མཛོད་དུ་ལས་བྱེད་པའི་ཕོགས་རག་པ་སོགས་སོ་སོ་འབད་རྩོལ་མ་བྱས་ཀྱང་། ཨ་རི་སོགས་སུ་འོང་དགོས་ཞེས་ལས་བྱེད་པར་འབོད་པ་བྱུང་། ད་ལྟའི་སློབ་ཁྲིད་ངོ་སྤྲོད་བྱེད་པར་ཡང་བོས་པ་ཡིན། ལོ་གཅིག་ལྷག་སྔོན་དུ། ངའི་སྲིང་མོས་ཁྱེད་གེ་སར་རྒྱལ་པོ་སོགས་དཔའ་བོ་ཞིག་གི་སྐྱེ་བ་ཡིན་ངེས་ཞེས་སྨྲས་པ་ན། ངས་བོད་ཀྱི་ཡི་གེའི་དག་ཆ་རྣམས་སྲུང་དགོས་པ་ཡོད། འདི་བཞིན་ཞབས་ཏོག་ཞུ་ཐུབ་ན་དཔའ་བོ་ཟེར་ན་ཡང་ཆོག་ཅེས་པ་བཞིན་གཅིག་ན་ལས་ཀྱི་དབང་གིས་འགྲུབ་པར་སྨོན་ནོ།

  9. ཡེ་ཤེས་རྡོ་རྗེ། says:
    2014-04-15 at 4:56 pm

    བསམ་ཤེས་ཀྱིས་ ངའི་མཉམ་པོར་ “hyphen དང་ semicolon གཉིས་ཀྱི་ནུས་པ་ནི་ལྷག་བཅས་ཡིན་མིན” དང་། དེ་ནས་”ངས་ག་རེ་ཤེས་གི་ཡོད་མེད” ཀྱི་རྩོད་པ་རྒྱག་འདོད་བསྟན་སོང་། ངས་འདི་ལ་ “ཡོད་མེད་ཡིན་མིན་” ཀྱི་རྩོད་པ་ཞེས་ལབ་གི་ཡོད། བརྡ་སྤྲོད་རྩོད་པའི་སྔོན་འགྲོའི་ཆ་རྐྱེན་ནི་སུམ་རྟགས་དག་གསུམ་རེད། ཕན་ཚུན་བདེ་ལེགས་ངང་གོ་བརྡ་སྤྲོད་བྱེད་ཀྱི་བརྒྱུད་ལམ་ཙམ་རེད། 
    ཡིན་ནའང་གོང་གི་ཁྱོད་ཀྱི་མཆན་ཏེ་ 
    “མ་ཤེས་པར་ཤེས་ཀྱི་ཡོད་མདོག་བྱེད་པ་འདིས་ཁྱེད་རང་ཕུང་པ་ལོས། ཞར་ལ་ང་ཚོ་ཡང་འདྲུད་པར་བྱེད།” 
    ཅེས་པ་འདི་ལས། “ཁྱེད་རང་ཕུང་པ་ལོས” ཞེས་པའི་ “ལོས” དེའི་དག་ཆ་ནི་གཟབ་གཟབ་མ་བྱས་པར་གཏགས་ནོར་ཤོར་སྲིད། ཡིན་ནའང་བརྡ་སྤྲོད་ཀྱི་ནུས་པའི་ཆ་ནས་དེའི་བསྟན་དོན་ཅི་ཞིག་རེད་དམ། དེ་དབྱིན་ཡིག་ལ་སྒྱུར་ནས་ཅིག་ལབ་ན་མ་གཏོགས། ངས་དེའི་གོ་བ་ལེན་ཐུབ་གི་མི་འདུག ཁྱེད་རང་གི་ལག་པའི་ནང་གི་བོད་ཡིག་དེ་ལ་འདི་ཙམ་གྱི་གོ་བརྡ་སྤྲོད་ནུས་ཀྱང་མེད་པ་བཤམས་ནས་འདུག 
    ཡིན་ནའང་རང་ཉིད་ལ་སུམ་རྟགས་ཀྱི་འཁོས་ཀ་འདི་ཙམ་ལས་མེད་པར། སུམ་རྟགས་ཀྱི་བཟང་ངན་རྩོད་གི་ཡིན་ཞེས་དང་། ཡང་རྒྱུ་འབྲས་ཀྱི་ “རྒྱུ་” དེ་ཐོགས་རེག་འགག་གསུམ་གྱི་དངོས་པོ་ཙམ་ཁོ་ནའི་ཚད་དུ་བཞག་ནས་སངས་རྒྱས་བསྟན་པའི་ཕྲ་རགས་བཤད་གི་ཡིན་ཞེས་བཤད་གི་ཡོད་རེད། དེ་འདྲ་ཞིག་དང་ལྷན་དུ་རྩོད་པ་ཕར་ཞོགས། ཐ་ན་ལན་ཙམ་འབྲི་བར་དུས་ཚོད་རིན་པོ་ཆེར་ཕངས་སྣང་ཆེ།
    ངས་ག་ཚད་ཅིག་ཁ་ཕོ་བསྒྲགས་ཏེ་ཤེས་གི་མེད་རུང་ཤེས་གི་ཡོད་མདོག་མདོག་བསྟན་ནའང་། དེ་ནི་སུམ་ཅུ་པའི་ལྷག་བཅས་རེད། འདིའི་སྐོར་ལ་ངས་ཁྱོད་ཀྱི་སྤྱན་སྔར་དཔྱད་རྩོམ་ཞིག་འབུལ་ཆོག ཡིན་ནའང་སྐབས་དོན་གྱི་ཁྱོད་ཀྱི་འུར་བཤད་ནི་ 
    “སངས་རྒྱས་པའི་གཞུང་ལུགས་ཀྱི་རྒྱུ་འབྲས་དེ་རགས་བཤད་དམ། སྤྱི་བཤད་ལས་ཞིབ་ཕྲ་མིན་པས། དེ་ལ་ད་དུང་ཞིབ་ཚགས་སུ་གཏང་དགོས་འདུག” 
    ཅེས་པ་འདི་རེད། ཞིབ་ཕྲ་མེད་ན་མེད་སྟངས་ཤིག་ཤོད་དང་། ཞིབ་ཚགས་སུ་གཏོང་སྟངས་ཤིག་ཤོད་དང་།

  10. ཡེ་ཤེས་རྡོ་རྗེ། says:
    2014-04-15 at 5:22 pm

    བསམ་ཤེས་ཟེར་མཁན་འདིས་ “རྒྱུ་དགེ་བ་ལས་འབྲས་བུ་བདེ་བ་སྨིན་པའི་བར་ལ་ང་ཚོས་བརྒྱུད་རིམ་སྟོང་ཕྲག་འགྲིམ་དགོས་པ་འདི་ནང་པ་ཚོས་མཁྱེན་གྱི་མེད་ལ་འགྲེལ་བཤད་ཀྱང་རྒྱག་ཐུབ་ཀྱི་མེད།” ཟེར་བ་ལྟ་བུའི་བཤད་སྟངས་འདི་འགོས་ནད་ལྟ་བུ་ཞིག་ཏུ་མཐོང་། 

    “ནང་པ་ཚོས་མཁྱེན་གྱི་མེད།
    བོད་པ་ཚོས་ཤེས་ཀྱི་མེད།
    བོད་སྐད་ལ་ hyphen གྱི་ནུས་པ་སྟོན་པའི་ཚིག་ཕྲད་མེད།”

    སྔ་མོར། རྒྱ་གར་ལ་ལེགས་སྦྱར་སྐད་སློབ་ཏུ་འགྲོ་མྱོང་མཁན་ཚོས། བོད་ཡུལ་ལ་མུན་པའི་གླིང་དང་། བོད་མི་ལ་གླེན་པ་ཞེས་འཕྱ་དམོད་བྱས་པ་རེད།

    བར་སྐབས་ནས། རྒྱ་ནག་གི་སྐད་ཡིག་ལ་སྦྱངས་པ་གང་འཚམས་ཐོན་པའི་བོད་མི་ཁག་ཅིག་གིས། བོད་མི་ལ་ “ཀླ་ཀློ” དང་། བོད་ཡུལ་ “རྗེས་ལུས” རེད་ཅེས་བསྒྲགས་པ་རེད།

    བསམ་ཤེས་ཟེར་མཁན་འདིས་དབྱིན་ཡིག་ག་ཚད་ཅིག་མཁྱེན་གྱི་ཡོད་མེད་གང་ཤེས་ཏེ། ལམ་སེང་། སྐད་ཡིག་གཞན་ལ་བསྡུར་ཏེ། བོད་ཡིག་འགྲིག་གི་མི་འདུག་ཚུལ་དང་། ནང་པས་ཤེས་གི་མི་འདུག་ཅེས་འཕྱ་ལད་བརྒྱབ་ཡོང་གི་འདུག

    དེ་ཚད་ཅིག་ “ཡིན་མིན་ཡོད་མེད” ཀྱི་བརྡར་ཤ་ཆོད་ཀྱི་ཡོད་ན་ཚིག་གྲུབ་དམ་དུམ་ཙམ་མིན་པར་དཔྱད་རྩོམ་བྲིས་ཤོག་དང་། དེ་མིན་ན། ད་སྔ་དེ་འདྲའི་སྐོར་ལ་ངའི་བརྩམས་ཆོས་འདི་དང་དེ་བྲིས་ཡོད་ཅེས་མིང་སྤྲོད་དང་།

  11. ཞོལ་གཡག་འབྲོང་རྒྱུད། says:
    2014-04-15 at 5:48 pm

    ཧ་ཧ། ཡེ་རྡོར། ཕན་ཚུན་བདེ་བླག་ངང་གོ་བརྡ་སྤྲོད་བྱེད་ཀྱི་བརྒྱུད་ལམ་སུམ་རྟགས་དག་གསུམ་ཡིན་ན། སུམ་ཅུ་པའི་རྣམ་དབྱེ་དྲུག་པའི་འགྲོ་སྟངས་འདུག་སྟངས་མི་ཤེས་པ་ག་རེ་བྱས་སོང་ངམ། ད་དུང་དག་ཆ་ལ་གཟབ་ཙམ་བགྱིས།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-04-15 at 9:11 pm

    ད་དུང་དག་ཆ་ལ་གཟབ་ཙམ་བགྱིས། བྱ་ཚིག་འདི་དོན་ལ་སྐུལ་ཚིག་ཏུ་བྲིས་ཀྱང་། བ་སྔོན་འཇུག་དེ་ཡིས་འདས་ཚིག་ཆགས། བགྱིད་བགྱིས་བགྱི་གྱིས། བྱེད་བྱས་བྱ་བྱོས། ཞེས་པའི་ཚབ་ལ་གཞུང་མང་པོ་ན་བྲིས་སོ།

  13. ཀློང་ཆུང་ says:
    2014-04-15 at 10:47 pm

    ཡེ་ཤེས་ལགས་ཀྱི་མཆན་༩ པའི་ནང་ལ་གཤམ་གྱི་སུམ་རྟགས་དག་གསུམ་ནོར་འདུག

    མཉམ་པོར་ མཉམ་དུ་
    ལབ་གི་ཡོད་ ལབ་ཀྱི་ཡོད་

    ལོས་ འགྲིགས་འདུག ལོས་ཟེར་ན་ཡིན་པ་མ་ཟད་ལྟ་བུ།

    སྒྱུར་ནས་ བསྒྱུར་ནས་

    ཐུབ་གི་མིན་འདུག ཐུབ་ཀྱི་མིན་འདུག

    ཕར་ཞོགས་ ཕར་ཞོག

    རྩོད་གི་ཡིན བརྩོད་ཀྱི་ཡིན་

    བཤད་གི་ཡིན་ བཤད་ཀྱི་ཡིན

    ག་ཚད་ ག་ཚོད་

    ཤེས་གི་ ཤེས་ཀྱི་

  14. ཡེ་ཤེས་རྡོ་རྗེ། says:
    2014-04-15 at 11:58 pm

    ཨོ་ཡ། ཀློང་ཆུང་གིས་དག་བཅོས་བྱས་པར་རྗེས་སུ་ཡི་རངས་ཡོད། ཡིན་ནའང་མི་དག་པ་ཞིག་དག་པར་བཅའ་སྐབས། དེ་ལ་རྒྱུ་མཚན་དང་ཁུངས་འདྲེན་ཡོད་ན་ཕུན་སུམ་ཚོགས་པའི་ཡན་ལག་གི་རྒྱུ་རེད། རྒྱུ་མཚན་ནི།  

    1. ལབ་གི་ཡོད་        ལབ་ཀྱི་ཡོད་
       ཐུབ་གི་མིན་འདུག    ཐུབ་ཀྱི་མིན་འདུག
       རྩོད་གི་ཡིན        བརྩོད་ཀྱི་ཡིན་
       བཤད་གི་ཡིན་       བཤད་ཀྱི་ཡིན
       ཤེས་གི་           ཤེས་ཀྱི་
    འདིའི་སྐབས་སུ་རྗེས་འཇུག་ད་བ་ས་གསུམ་གྱིས་གྲུབ་པའི་བྱ་ཚིག་ཁག་གི་རྗེས་སུ་འབྲེལ་སྒྲའི་ཐོབ་ཐང་ལྟར་སྦྱོར་དགོས་པ་སུམ་རྟགས་ཀྱི་རྩ་འགྲེལ་གང་དུ་བཤད་ཡོད་པའི་ཁུངས་སྟོན་རོགས། འདི་ལ་ཁ་ཤས་ཀྱིས་ གི་ཡང་མི་འབྲི་ལ་ཀྱི་གྱི་ཡང་མི་འབྲི་བར་བགྱི་ཞེས་འབྲི་དགོས་པར་འདོད་མཁན་ཡང་ཡོད་ཅིང་། དཔེར་ན། ཞིང་གཤེགས་རཀ་ར་དང་ཁ་བརྡའི་ཀརྡོར་གཉིས་ལྟ་བུ།

    2. ལོས་ འགྲིགས་འདུག ལོས་ཟེར་ན་ཡིན་པ་མ་ཟད་ལྟ་བུ།
    བཤད་ཚུལ་འདི་འདྲ་ཞིག་ད་ལྟའི་བར་དུ་གོ་མ་མྱོང་། འགྲེལ་ཚུལ་འདིའི་ཁུངས་གང་ཡིན་མིན་དང་ཡང་ན་ཡུལ་སྐད་གང་དུ་འདི་ལྟར་འགྲེལ་བའི་གསལ་བཤད་ཅིག་ཡོད་དམ།

    3. ག་ཚད་           ག་ཚོད་
    4. མཉམ་པོར་         མཉམ་དུ་
    འདི་གཉིས་ཁ་སྐད་ལ་གཞོལ་ཆེ་བ་ཙམ་མ་གཏོགས་མ་དག་པའི་གནད་མེད། དཔེར་ན། མྱུར་དུ་ལ་མྱུར་མོར་ཞེས་འབྲི་སྲོལ་ཡོད་པ་ལྟ་བུ་ཡིན། ཚད་ནི། ཡིག་ཚད། གོང་ཚད། མྱུར་ཚད། འཕར་ཚད་ཅེས་ཚད་གཞི་སྟོན་པའི་ཚིག་ཅིག་ཡིན་པས། ག་ཚད་ཅེས་བྲིས་ན་དེ་ཡིག་ནོར་དུ་བརྩི་མི་རུང་།

    5. སྒྱུར་ནས་         བསྒྱུར་ནས་
    འདི་ནི་ཡིག་ནོར་ཡིན་པ་ཁས་ལེན་ཡོད།  བྱ་ཚིག་གི་རྗེས་སུ་ནས་སྒྲ་སྦྱོར་སྐབས་དེས་བྱ་བ་གཞན་ཞིག་འདྲེན་པ་ལྟར། འདིའི་སྐབས་སུ་བྱ་བ་སྔ་མ་དེ་གྲུབ་པའི་རྗེས་ནས་ད་གཟོད་བྱ་བ་ཕྱི་མ་དེ་འདྲེན་པ་ཞིག་ཡིན་པས། བྱ་བ་སྔ་མ་དེ་ངེས་པར་དུ་དུས་འདས་པ་ཡིན་དགོས། 

    6. ཕར་ཞོགས་        ཕར་ཞོག
    སྐབས་འདིའི་ཞོགས་འདི་སྐུལ་ཚིག་གི་ངོ་བོར་བྲིས་པ་ཡིན། ཕར་བཞག ཕར་ཞོགས། ཐོག་མར་བཤད་སྟངས་འདིར་སྐུལ་ཚིག་ཐོབ་མིན་ཤོད། དེ་ནས་བལྟས་ཆོག

  15. ཀརྡོ་གཉེར་ཕྱག་པ་ says:
    2014-04-16 at 12:19 am

    རྒྱུ་མཚན་ནི།

    1. ལབ་གི་ཡོད་ ལབ་ཀྱི་ཡོད་
    ཐུབ་གི་མིན་འདུག ཐུབ་ཀྱི་མིན་འདུག
    རྩོད་གི་ཡིན བརྩོད་ཀྱི་ཡིན་
    བཤད་གི་ཡིན་ བཤད་ཀྱི་ཡིན
    ཤེས་གི་ ཤེས་ཀྱི་

    ཧཧཧཧ། འདི་ཚོ་ཡང་འཕྲད་གཞན་དབང་ཅན་རེད་ནེ། ཧཧཧཧཧཧཧཧཧཧཧཧཧཧ། །

  16. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2014-04-16 at 10:18 am

    ཡིན་པར་མ་ཟད་ཅེས་པར་ཡིན་པ་མ་ཟད་ལྟ་བུ། བྲིས་ཏེ། བོད་རིག་གཞུང་སྒྲ་ཞིག་གི་ཟུར་གཅིག་མེད་པར་བཟོས་པའི་ཉེས་དམིགས་མཆིས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (83)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (23)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (12)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme