Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱང་ཆུབ་སེམས་མཆོག་དང་བོད་མི།

Posted on 2011-10-292011-10-29 By ཁ་བརྡ་ 16 Comments on བྱང་ཆུབ་སེམས་མཆོག་དང་བོད་མི།

ཨ་རིག་དགེ་མཐོང་།

ཉེ་ཆར་ཁོ་བོ་བཀའ་སྤྱིའི་ལས་འགུལ་ལ་དྭང་བླངས་སྒོ་ནས་མཉམ་ཞུགས་བྱས་ཡིན། སྐབས་དེར་ཚོར་སྣང་དག་ནི་གཅིག་རྗེས་གཉིས་མཐུད་བྱས་ཏེ་བསླེབས་ཡོང་གིན་འདུག་ལ། སོ་སོའི་འདོད་ཚུལ་ལྟར་ན་བཀའ་སྤྱི་དང་གཞུང་གིས་ལས་འགུལ་འདི་ལྟ་བུ་ལས་ཅི་བྱེད་སྙམ་པ་སྐྱེས་སོང་། ལས་འགུལ་གྱི་ངོ་བོ་དང་རྣམ་པ་སྔར་བཞིན་རེད་ལ། སྔོན་མའི་ཚོགས་སྡེ་དག་གི་ལས་འགུལ་དང་མ་འདྲ་བའི་ཆ་ནི་སྐུ་མགྲོན་གལ་ཆེན་བཞི་བཅུ་ལྷག་ཅིག་གི་གསུངས་བཤད་དང་བོད་དོན་གླེང་བ་དེ་རེད། དེའི་ནང་དུ་གྲོས་ཚོགས་གོང་འོག་གི་གནད་ཡོད་མི་སྣ་དང་མངའ་སྡེ་བློན་ཆེན་ཟུར་བ། གྲགས་ཆེན་གསར་ཤོག་གྱི་རྩོམ་སྒྲིག་པ་ཟུར་བ་དང་གསར་འགོད་པ་རྙིང་གྲས། རྒྱུན་ལྡན་བོད་དོན་དུ་ལས་འགུལ་གང་བྱས་ལ་རྒྱབ་སྐྱོར་དང་མཉམ་ཞུགས་གནང་མཁན་གྱི་རིགས་ཚོ་རེད། ད་དུང་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་ཁག་ཅིག་གིས་དམིགས་བསལ་བོད་ཀྱི་རྩ་དོན་དང་༧གོང་ས་མཆོག་གི་ལམ་སྟོན་ལ་རྒྱབ་སྐྱོར་གནང་སོང་། དེ་ལས་གཞན་ལས་འགུལ་ནང་དུ་སྔོན་དང་མི་འདྲ་བར་སྤྱི་འཐུས་ཚོ་མཉམ་ཞུགས་དང་ཟས་བཅད་ངོ་རྒོལ་ལ་བཞུགས་པ། ཉིན་དེ་དག་གི་རིང་ལ་གོམས་བགྲོད་དང་མི་མང་ལ་བལྟ་རྟོག་བྱས་པ་རེད། ལྷག་པར་སྐད་རིགས་གཉིས་གསུམ་ལ་ཐོགས་ཡ་མེད་པའི་སྤྱི་འཐུས་མང་བས་སེམས་ཤུགས་སྐྱེས་ཐལ། ཡིད་སྨོན་ཡང་ཤོར་ཐལ། རྒྱ་ནག་གི་དཔོན་རིགས་ཚོ་ལ་སྐད་རིགས་ཕྱོགས་ནས་དེ་འདྲ་མེད་པ་གསལ་ཐིང་ཐིང་རེད།
ལས་འགུལ་འདིར་མཉམ་ཞུགས་མཁན་གྱི་སྐྱ་སེར་དང་ཕོ་མོ་དབྱེ་མེད་ཀྱི་གཙོ་བོའི་འབོད་སྒྲ་བྱང་ཆུབ་སེམས་མཆོག་རེད་ལ། དེ་ལས་གཞན་བོད་རྒྱལ་ལོ་སོགས་རེད།བྱང་ཆུབ་སེམས་མཆོག་གྱི་ནུས་ཤུགས་དང་བྱེད་ལས་ནི་གན་ངྷིའི་ལྟ་གྲུབ་དང་མཚུངས་ཤིང་ཕྱོགས་ཡོང་ནས་བལྟས་ན་དེ་བས་ཀྱང་རྒྱ་ཆེན་ཞིང་གཏིང་ཟབ་པ་ཡིན། བྱང་ཆུབ་སེམས་མཆོག་ནི་༧གོང་ས་མཆོག་གིས་ཐུགས་ཡེ་ཤེས་དབྱིངས་ཀྱིས་དཔྱད་དེ་བོད་པ་གཅིག་པུ་མིན་པར་འཛམ་གླིང་སྤྱི་དང་ཡང་སྒོས་རྒྱ་བོད་ཟུང་ལ་དམིགས་པའི་ལྟ་གྲུབ་ཅིག་ཡིན། ད་ཐེངས་བཀའ་སྤྱི་ཟུང་གིས་ཀྱང་ལས་འགུལ་གྱི་ངོ་བོ་དེ་ག་རང་དུ་བཟུང་ཡོད་ལ། དེ་ལས་གཞན་རྣམ་པ་མི་འདྲ་བའི་སྒོ་ནས་ལྷག་བསམ་དང་སེམས་ཤུགས་ཀྱིས་སྐད་ཅོར་བརྒྱབ་ན་ཡང་རང་དབང་སྤྲད་ཡོད་ཚོད་རེད། བྱང་ཆུབ་སེམས་མཆོག་ནི་སྟོན་པ་ཤཱཀྱཱ་ཐུབ་པའི་ཐུགས་ཀྱི་དཀྱིལ་དུ་ཉི་འོད་བཞིན་དུ་གསལ་ཤིང་ལོ་ཉིས་སྟོང་ལྷག་གི་རིང་མ་ཉམས་ཤིང་ད་ལྟ་འཛམ་གླིང་ཁྱོན་ཡོངས་ན་གྲགས་པ་འབར་བའི་ལྟ་གྲུབ་དེ་ཡིན། ལྟ་གྲུབ་དེ་སྙིང་དུ་བཅིངས་ཏེ་ད་ལོ་རང་ལུས་མེ་ལ་བསྒྲོན་མཁན་དཔའ་བོ་དཔའ་མོ་དེ་དག་བྱུང་བ་རེད། ཁ་སང་རྒྱ་གར་གྱི་གནད་ཡོད་མི་སྣ་ཞིག་གིས་བོད་ཀྱིས་ད་ལྟ་དངོས་གནས་འཚེ་མེད་ཞི་བའི་ལས་འགུལ་སྤེལ་གྱིན་འདུག དེ་མིན་ན་རང་ལུས་མེ་བསྒྲོན་ཐུབ་མཁན་ཞིག་གིས་འགད་རྫས་གཏོར་ནས་རང་གཞན་གཉིས་ཕོངས་ཀྱི་ལས་བྱེད་མི་ཐུབ་པ་མ་རེད། འདིའི་ཐད་ནས་རྒྱ་ནག་གིས་ངེས་པར་བསམ་བློ་གཏོང་དགོས་ཚོད་རེད་ལ། བལྟ་ཤེས་པ་དང་ཉན་ཤེས་ན་བརྡ་ལན་གསལ་བོ་རེད། འཚེ་མེད་ཀྱི་ལས་འགུལ་འདི་དག་ནི་༧གོང་ས་མཆོག་གི་བཀའ་དགོངས་དང་འབྲེལ་འདུག་ཅེས་གསུངས་པ་ལྟར་རོ།།

ད་ཐེངས་ཀྱི་ལས་འགུལ་འདི་ལས་ལྷག་ཅིག་ཕྱི་ཕྱོགས་ནས་བྱེད་རྒྱུ་དཀའ་ལ་དགོས་པར་ཡང་མ་མཐོང་། ལས་འགུལ་འདིར་མཉམ་ཞུགས་བྱེད་མཁན་ཚོ་ནི་བོད་དོན་དང་ལྷག་པར་བོད་ནང་གི་སྤུན་ཟླ་ཚོའི་ལུས་སྟེང་གི་དམྱལ་བའི་སྡུག་བསྔལ་ཚོར་བས་ཡིན་པར་ཡིད་ཆེས་ཡོད། འོན་ཀྱང་། ལས་འགུལ་ལ་ཞུགས་པ་ཙམ་གྱིས་དམིགས་ཡུལ་འགྲུབ་སོང་བ་རེད་བསམ་པ་དང་། སེམས་ཤུགས་དང་ལྷག་བསམ་ཡོད་པ་ཙམ་གྱིས་མི་ཆོག་པ་ཕལ་ཆེ་བས་ཤེས་ནུས་རེད། དེ་མི་ཤེས་མཁན་ཡང་རེ་ཟུང་ཡོད་སྲིད་ལ། ད་ཐེངས་ཀྱི་ལས་འགུལ་སྐབས་སུ་མི་སྐྱ་ཚོ་ལ་དམིགས་བསལ་གྱིས་མ་འགྲིག་པ་དང་འདི་དང་གན་ཟེར་ནས་ཞུ་རྒྱུ་མེད། ཡིན་ནའང་།དགེ་འདུན་པའམ་གྲྭ་བཙུན་ཚོའི་བྱ་སྤྱོད་ཐད་ནས་ཚིག་འགའ་མ་ཞུས་ཐབས་མེད་དུ་གྱུར། དེ་ནི་ཕྲན་གྱི་ཤ་ཁྲག་རུས་གསུམ་བོད་རིགས་དང་འབྲེལ་བས་ཡིན་ལ། ལྷག་བསམ་རྣམ་དག་གི་སྐད་ཆ་རང་ཡིན། བྱང་ཆུབ་སེམས་མཆོག་ངག་ནས་གྱེར་བ་དང་ལྷན་དུ་རྒྱ་ནག་གི་སྲིད་འཛིན་ཕམ་པར་རྒྱོབས་ཟེར་བ་དང་།ལྷག་པར་གྲྭ་བཙུན་རེ་ཟུང་གིས་ངོ་གདོང་དམར་པོར་གྱུར་ཞིང་ཁུ་ཚུར་གནམ་ལ་བསྒྲེང་སྟེ་བྱང་ཆུབ་སེམས་མཆོག་ཤུགས་ཀྱིས་གྱེར་བ་འདི་རེད། འདི་ཚོ་ལ་ཁག་མེད་པ་ངས་ཀྱང་ཤེས་ཡོད། བོད་ནང་གི་བདེ་སྡུག་བསམ་པ་ཡིན་ཐག་གི་ཆོད་ལ་སེམས་ཚོར་འཕར་བ་ཞིག་ཡིན་པ་སྨོས་མེད་རེད། ད་དུང་སེམས་ཤུགས་དང་ལྷག་བསམ་དཀར་པོ་ཡིན་པ་དེ་བཞིན་རེད། ཡིན་ནའང་། སྟོན་པ་བཀའ་དྲིན་དང་རྒྱལ་བ་དོན་གྱི་བདག་པོ་ཁོང་གི་ཐུགས་དགོངས་དང་བྱང་ཆུབ་སེམས་ཀྱི་ནང་དོན་དང་རྒྱབ་འགལ་དུ་ཕྱིན་པ་རེད། བྱང་ཆུབ་སེམས་མཆོག་གྱི་ནང་དོན་སེམས་ཅན་ཐམས་ཅད་བདེ་བ་དང་སྡུག་བསྔལ་དང་བྲལ་བ་སོགས་ཡིན་ལ། ད་དུང་ཕ་མའི་མ་གྱུར་བའི་སེམས་ཅན་སུ་ཡང་མེད་པ་དྲན་རྒྱུ་སོགས་རེད། དེ་ལག་ལེན་དུ་བསྟར་དུས་སེམས་ལྷོད་ལྷོད་དང་ཁོར་ཡུག་ཁུ་སིམ་པོ་དང་སེམས་རྩེ་གཅིག་ཏུ་གནས་རྒྱུ་སོགས་རེད། དེ་ནི་རྒྱ་ཆེ་ས་ནས་བཤད་ཡིན། ངག་ནས་བྱང་ཆུབ་སེམས་མཆོག་སྐྱོར་ན་ཕན་ཡོན་བསམ་གྱི་མི་ཁྱབ་པའི་སྐོར་ངས་མི་གླེང་། གསལ་བོ་དག་པོ་རེད། ཁོང་གིས་ཡང་དང་བསྐྱར་དུ་གསུངས་པས་ཕལ་ཆེར་གྱིས་ཤེས་ཡོད་ཚོད་རེད། བྱང་ཆུབ་སེམས་མཆོག་དང་ངོ་གདོང་དམར་པོར་འགྱུར་རྒྱུ་གཉིས་ནི་ཁྲག་དང་འོ་མ་ལྟ་བུ་དང་། བྱ་རོག་འུག་པ་ལྟ་བུའི་འགལ་ཟླ་ཡོད། དེས་ན་སེམས་ཤུགས་དང་ལྷག་བསམ་ཅན་གྱི་དགེ་འདུན་པ་ཚོས་བྱ་སྤྱོད་དེ་དག་ལ་གཟབ་དགོས་པ་རེད། དགེ་འདུན་པ་འགའ་རེས་གསར་འགོད་པ་དག་ཐོན་དུས་བྱང་ཆུབ་སེམས་མཆོག་ཀི་བཏང་སྟེ་སྐྱོར་བ། ཁུ་ཚུར་གནམ་ལ་བསྟན་ཏེ་འདོན་པ་ང་གཅིག་པུ་མིན་པར་ཆོས་གྲོགས་འགའ་རེས་མཐོང་ཡོད། གསར་འགོད་པས་དམིགས་བསལ་ཁྱེད་ཚོ་སྒྲ་ལེན་པ་དང་པར་ལེན་པ་ཁྱེད་ཅག་གི་བྱ་སྤྱོད་དེ་ཡག་སོང་བ་དང་བློར་བབ་པས་མིན་པར། རྣམ་པ་གཞན་གྱིས་སྒོ་ནས་བལྟ་གི་ཡོད་པ་ཤེས་པར་བགྱིས། ལྷག་པར་གཟན་ཤམ་ཆ་མི་མཚུངས་པ་གྱོན་པ་ནི་རྩ་བ་ནས་མི་འགྲིག ༧གོང་ས་མཆོག་གིས་གཟན་ཤམ་གྱོན་ན་གཙང་མ་གྱོན། དེ་མིན་སྐྱ་བཅས་གཙང་མ་གྱོན་ན་ལེགས་ཚུལ་གྱི་བཀའ་སློབ་མང་དུ་སྩལ་ཡོད། ངས་འདིའི་ཐད་ནས་ད་ཐེངས་དགེ་འདུན་པ་དང་བཙུན་མ་འགའ་རེ་ལ་ཞུ་བ་འཐེན་ཏེ་དེ་འདྲ་མ་གནང་རོགས་ཞུ་ཞེས་འབོད་སྐུལ་ཞུས་པ་ཡིན་ལ། ད་དུང་སྤྱི་འཐུས་ཁག་ཅིག་ལ་དམིགས་བསལ་གྱིས་ཞུས་ཡོད། གཞུག་ཕྱོགས་བསམ་བློ་གཏོང་དགོས་པ་རེད། ང་ཚོ་གྲྭ་བཙུན་དག་ངར་ལངས་རྒྱུ་ལས་སྤྱོད་ལམ་མཛེས་པའི་སྒོ་ནས་བྱང་ཆུབ་སེམས་མཆོག་གསུངས་ཏེ་གསེར་ཕྲེང་བསྒྲིགས་ནས་ཕེབས་ན་ལེགས། དེའི ཐད་ནས་སྔོན་མ་ཁྲི་ཟུར་ཟམ་གདོང་མཆོག་གི་ཐུགས་བཀོད་གནང་སྟེ་དེ་འདྲའི་ལས་འགུལ་ཐེངས་ཤིག་སྤེལ་བ་གོ་མྱོང་ལ། ལྷག་པར་ཉེ་ཆར་ཀིརྟི་བྱེས་པ་གྲྭ་ཚང་གིས་སྒྲིག་གཞི་ཡོད་པའི་སྒོ་ནས་ངྷ་ས་ནས་ལྡི་ལི་དབར་གྱི་གོམས་བགྲོད་དེ་ལ་ལྟོས་དང་ཤེས་སླ། ལས་འགུལ་དེ་ལ་དོ་སྣང་ཅན་དག་གིས་བརྒྱུད་ལམ་ཁག་ནས་གཟིགས་ཡོད་ལ་ཚོར་ངེས་རེད། སྐད་ཆ་འདི་དག་ནི་རང་དང་ཆ་ལུགས་མཚུངས་པའི་ཆོས་ལུགས་རིས་མེད་ཀྱི་ཆོས་གྲོགས་ཚོ་ལ་འབོད་སྐུལ་གྱིས་ཚུལ་དུ་སྨྲས་པ་ལས་དམིགས་ཡུལ་གཞན་མེད། ཀློག་མཁན་དག་གིས་ཀྱང་དེ་ལུགས་བལྟ་ཤེས་པའི་རེ་བ་ཆེ། །

རྩོམ་རིག

Post navigation

Previous Post: འགྲོ་བ་མི་ཞིག་བྱེད་པའི་ཆ་རྐྱེན་ལ་ང་ཚོ་ཚང་མ་འགན་ཡོད།
Next Post: མདོ་སྨད་རྔ་པ་ཕྱོགས་ཀྱི་གནས་ཚུལ་འགའ་ཞིག

Comments (16) on “བྱང་ཆུབ་སེམས་མཆོག་དང་བོད་མི།”

  1. pdelek says:
    2011-10-29 at 4:34 am

    དགོངས་འཆར་ཡག་པོ་འདུག

  2. བསོད་ནམས། says:
    2011-10-29 at 5:04 am

    ཨ་རིག་དགེ་མཐོང་གིས་དུས་ལ་བབ་པའི་རིན་ཐང་ཅན་གྱི་རྩོམ་ཡིག་བསྩོལ་གནང་མཛད་པར་དགའ་བོ་བྱུང་། ད་ནི་བོད་དོན་ལས་འགུལ་ནི་བྱང་ཆུབ་སེམས་མཆོག་དང་བསྔོ་བ་སྨོན་ལམ་ཙམ་ཞིག་མིན་པ་ཤེས་དགོས་ཚོད་འདུག

  3. པདྨ says:
    2011-10-29 at 5:57 am

    དགེ་བཤེས་མཆོག་གིས་དོན་གཉིས་ལྡན་པའི་སེམས་བསྐྱེད་པ་དེའི་འཛིན་མཚམས་ཡག་པོ་གསུངས་རོགས། དེ་མིན་བྱང་ཆུབ་སེམས་ཞེས་པ་དེ་གང་ཡིན་ཡིན་ལ་སྦྱར་ཆོག་པ་ཞིག་མ་རེད་སྙམ།

  4. ཁྱུང་དཀར says:
    2011-10-29 at 6:56 am

    དགེ་མཐོང་ལགས། ནམ་རྒྱུན་དྲ་ཐོག་ན་འདུར་རྒྱུགས་བྱེད་མཁན་གཙོ་གྲས་ཤིག་ཡིན། ཉེ་ཆར་བོད་ནང་གི་གནས་ཚུལ་བསྟུད་མར་བྱུང་རྗེས་དྲ་ཐོག་པ་རྣམ་པས་གདུང་སེམས་མཉམ་བསྐྱེད་དང་རྒྱ་རྒོལ་རྩོམ་ཡིག་མུ་མཐུད་དུ་སྤེལ་སྐབས་གློ་བུར་དུ་དྲ་བ་ལས་ཡལ་ཟིན་པའི་དགེ་མཐོང་ཡང་འཇིག་རྟེན་དང་གཏན་བྲལ་བྱས་རེ་བསམ་སོང་། དེ་རིང་རོ་ལངས་བརྒྱབས་ནས་ཁ་གྲགས་འདུག་པས། དགའ་བྱུང་ཟེར་ཡ་ཡིན་ད།

  5. ཨ་རིག་དགེ་མཐོང་། says:
    2011-10-29 at 12:52 pm

    བཀུར་འོས་དྲ་གྲོགས་དག་ཕེབས་པར་དགའ་བསུ་ཞུ། ལྷག་དོན་བསམ་འཆར་ཐུང་ངུ་རེ་བྲིས་པ་དགའ་ཡོད། འོན་ཀྱང་། ཁྱུང་དཀར་འབོད་པས་ཁོ་བོ་བརྡ་གསར་བ་ཞིག་བརྒྱབ་འདུག ངས་བོད་ནང་གི་དོན་རྐྱེན་དག་གི་སླད་དུ་འུ་ཐུག་ན་རང་ལུས་མེ་ལ་བསྒྲོན་ངེས་ཞེས་པའི་ཚིགས་བཅད་དང་ཚིགས་ལྷུག་སྦྱར་མ་ཞིག་དུས་བབ་དྲ་ཐོག་ཏུ་བཀོད་ཡོད་པས་ཉིད་ཀྱིས་གཟིགས་རྒྱུ་རེ་བ་ཆེ། གཞན་བོད་ནང་གི་རྩོམ་པ་པོ་ཁག་ཅིག་གིས་དེའི་ཐད་བྲིས་པའི་རྩོམ་ཡིག་ཁག་ཅིག་འོས་སྦྱོར་བྱས་ཡོད། དེ་ནས་དྭང་བླངས་སྒོ་ནས་ལྡི་ལིའི་ལས་འགུལ་ལ་མཉམ་ཞུགས་བྱས་པས་དུས་ལྟར་དྲ་རྒྱ་ནང་དུ་འཛུལ་མ་ཐུབ་པ་རེད། སྤྱིར་བཏང་གསལ་དགོས་དོན་མི་འདུག་མོད། རེ་བ་ཞིག་དང་ལམ་སྟོན་ཞིག་ཏུ་ཚོར་བས་འདི་ལྟར་སྤེལ་བ་ཡིན།

  6. ཁྱུང་དཀར says:
    2011-10-29 at 4:11 pm

    ལྡི་ལིའི་ལས་འགུལ་ལ་ཞུགས་རྐྱེན་དུས་ཚོད་ཀྱིས་དྲ་ཐོག་ཏུ་ཞུགས་མ་ཐུབ་པ་ཁག་མེད་ཀྱང་སྲིད། ཡིན་ཡང་། ལས་འགུལ་དེ་དེ་འདྲའི་རྒྱུན་རིང་ཞིག་ཀྱང་རྩ་བ་མིན་པས་ཁག་འགེལ་ཡོད་ཚད་ལས་འགུལ་ལ་ཁ་དཀྲིས་པའང་ཐད་པ་རང་མ་བྱུང་ལ། ཁྱེད་ལ་མཆན་འདེབས་པའང་མ་དགའ་བ་ཙམ་གྱིས་མིན་ལ་ནམ་ཞར་ལ་བོད་ཕྱི་ནང་གི་དྲ་ཐོག་ལ་བསམ་ཚད་དྲན་ཚད་ཚང་མ་ཕྱོ་མཁན་ཞིག་ཡིན་པས་ཛ་དྲག་གི་སྐབས་འདི་ལྟ་བུར་སེམས་དམར་དམར་པོའི་རང་རང་གི་ལྟ་ཚུལ་རིགས་ཁ་བརྡ་རེ་བྱ་ཐུབ་ན་བསམ་པས་ཡིན།

  7. བཙན་བྱོལ་བ་ says:
    2011-10-29 at 5:33 pm

    དྲང་པོར་བཤད་ན། སྤྱིར་བཏང་གྲྭ་བ་ཚད་ལྡན་ཞིག་ལ་མཚོན་ན་ལས་འགུལ་གྱི་རྣམ་པ་ནི་བྷར་མའི་ཡུལ་གྱི་གྲྭ་བའི་སྤྱོད་ཚུལ་དེ་ནི་ངོ་མ་ཀུན་སྤྱོད་ཡང་དག་པ་ཞིག་རེད། འོན་ཀྱང་། འུ་ཅག་བོད་མི་རིགས་ཀྱི་ལས་འགུལ་གྱི་རྣམ་པ་དེ་བོད་ཕྱི་ནང་གཉིས་ཀའི་ནང་དུ་དེ་འདྲ་མ་ཡིན། དཔེར་ན། ༢༠༠༨ ལོའི་ནང་དུ་གློ་བུར་དུ་བོད་ས་ཡོངས་རྫོགས་ནས་ཡར་ལངས་ཀྱི་ལས་འགུལ་སྤེལ་སྐབས་སྨོན་ཚིག་འདོན་པ་མ་ཡིན་པར་ངོ་རྒོལ་གྱི་ཚིག་བེད་སྤྱོད་བཏང་ཡོད་ལ་ད་དུང་གཏོང་མུས་སུ་ཡོད། ཕྱོགས་གཅིག་ནས་ངོ་གདོང་དམར་པོར་གྱུར་ནས་སྐད་འབོད་བྱེད་པ་ཡིན་སྲིད། འོན་ཀྱང་དེ་ལ་དགེ་མཚན་གཅིག་ཡོད། དཔེར་ན། སྨོན་ལམ་འདོན་པ་དེ་གྲ་བ་ཞིག་གི་ངོས་ནས་ལས་འགུལ་གལ་ཆེན་ཞིག་ཡིན་ན། དགོན་སྡེ་ཁག་གི་ནང་དུ་སྨོན་ཚིག་འདི་དང་འབྲེལ་ནས་ཞབས་རིམ་གང་མང་བསྒྲུབ་ན་འགྲིག་གི་རེད། ཡིན་ན་ཡང་དེ་འདྲའི་སྐབས་སུ་ཚོགས་མཁན་དཀོན་སེ་ཡོད། སྐད་འབོད་རྒྱག་པ་འདིས་རང་གི་ཚོར་བ་ཕྱི་ལ་ཐོན་པར་མ་ཟད། གཡས་གཡོན་གྱི་བོད་མི་རྣམས་ལ་ཡང་སེམས་ཤུགས་ཀྱི་ཚོར་བ་སློང་བ་ལ་ཁྱད་པར་ཆེན་པོ་ཡོད། དེ་མིན་བྱང་ཆུབ་སེམས་མཆོག་རྐྱང་པས་སེམས་ཤུགས་ཀྱི་མེ་ལྕེ་སྤོར་ཐུབ་ཟེར་ན་དེ་འདྲ་རིགས་མཐོང་ཁག་སེ་འདུག

  8. མིག་བརྒྱད་པ། says:
    2011-10-30 at 2:20 am

    མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པ་དུས་ཆེན་རྒྱལ་པོ་ནི།།སྙན་ངག་མཁན་ཚེ་བདེ་གཤེགས་རྩ་མཆོག་ལ།།ཚིགས་སུ་བཅད་པ་གཅིག་གིས་བསྟོད་ནས་ཀྱང་།།དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།།ཞེས་པ་ལྟར་དངོས་པོ་ཆུང་ཆུང་ཞིག་གིས་དོན་ཆེན་འགྲུབ་དགོས་ན་ཐོག་མའི་ཀུན་སློང་དེ་གལ་ཆེན་པོ་རེད། དེའི་ཁྲོད་ནས་འཇིག་རྟེན་གྱི་བྱ་བ་ལ་འགལ་འཛོལ་མི་ཡོང་བའི་ཕྱིར། རྫ་དཔལ་སྤྲུལ་རིན་པོ་ཆེས། སྐད་ཆ་གྲོགས་དང་བསྟུན། གོས་ཡུལ་དང་བསྟུན། སེམས་ཆོས་དང་བསྟུན། ཞེས་པ་དེ་རེད།

  9. དཀོན་མཆོག་ཆོས་འཕེལ། says:
    2011-10-30 at 4:01 am

    བྱང་ཆུབ་སེམས་མཆོག་རིན་པོ་ཆེ།།
    མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག།
    སྐྱེས་པ་ཉམས་པ་མེད་པར་ཡང་།།
    གོང་ནས་གོང་དུ་འཕེལ་བར་ཤོག།

  10. ཨ་རིག་དགེ་མཐོང་། says:
    2011-10-30 at 1:17 pm

    དྲ་གྲོགས་ཚོས་བསམ་འཆར་བཏོན་པར་དགའ་ཡོད། བཙན་བྱོལ་བ་ལགས་སུ་ཞུ་རྒྱུ། བྱང་ཆུབ་སེམས་མཆོག་དགོན་པ་ནས་བཏོན་ན་ཕན་ཡོན་ཆེ་ལ། ལས་འགུལ་སྐབས་མི་མང་དང་རྒྱལ་སྤྱིའི་མཐོང་སར་དགེ་འདུན་པའི་བྱ་སྤྱད་གཙང་མ་འཁུར་ཏེ་ངག་ལྷོད་ལྷོད་བྱས་ཏེ་སྐྱོར་ན་བོད་ཀྱི་རྩ་དོན་ལ་ཕན་པ་ནི་གདོན་མི་ཟའོ།།

  11. སློབ་དཔོན་མཆན་བུ་པ་ says:
    2011-10-30 at 2:32 pm

    བྱང་ཆུབ་སེམས་ཀྱིས།

    བྱང་ཆུབ་སེམས་ཀྱིས་རང་ཉིད་བདེ་བར་འགྱུར། །
    བྱང་ཆུབ་སེམས་ཀྱིས་བོད་དོན་རྒྱ་ཆེར་འགྱུར། །
    བྱང་ཆུབ་སེམས་ཀྱིས་ཕྱི་ནང་དགྲ་ཉུང་འགྱུར། །
    བྱང་ཆུབ་སེམས་ཀྱིས་རྒྱལ་སྤྱི་ཞི་བདེར་འགྱུར། །

    བྱང་ཆུབ་སེམས་ཀྱིས་ཀུན་རྒྱུད་བརླན་འགྱུར་ཅིག །

  12. སློབ་དཔོན་མཆན་བུ་པ་ says:
    2011-10-30 at 2:45 pm

    བྱང་ཆུབ་སེམས་མཆོག་དང་བོད་མི།
    བྱང་ཆུབ་སེམས་མཆོག་ཐོས་པས་བོད་སྒྲིབ་དག །
    བྱང་ཆུབ་སེམས་མཆོག་འདོན་པས་བོད་མི་དར། །
    བྱང་ཆུབ་སེམས་མཆོག་བསམ་པས་བོད་དགྲ་ཉུང་། །
    བྱང་ཆུབ་སེམས་མཆོག་བསྒོམས་པས་བོད་དོན་འགྲུབ། །

  13. སློབ་དཔོན་མཆན་བུ་པ་ says:
    2011-10-30 at 3:39 pm

    བྱང་ཆུབ་སེམས་མཆོག་སྐྱེས་པའི་བོད་རིགས་དེ། །
    སྐད་ཅིག་དེ་ཉིད་རང་ལ་རང་དབང་དང་། །
    རྒྱལ་སྤྱི་ཀུན་གྱིས་བོད་མིར་བསྔགས་འགྱུར་ལ། །
    དགྲ་དང་མི་དགའ་ཀུན་ལས་རྒྱལ་བར་འགྱུར། །

  14. སློབ་དཔོན་མཆན་བུ་པ་ says:
    2011-10-30 at 3:42 pm

    བྱང་ཆུབ་སེམས་ཀྱིས་རང་དར་ལ། །
    བྱང་ཆུབ་སེམས་ཀྱིས་གཉེན་ཡང་དར། །
    བྱང་ཆུབ་སེམས་ཀྱིས་དགྲ་འདུལ་ལ། །
    བྱང་ཆུབ་སེམས་ཀྱིས་ཐམས་ཅད་བདེ། །

  15. སློབ་དཔོན་མཆན་བུ་པ་ says:
    2011-10-30 at 3:51 pm

    བྱང་ཆུབ་སེམས་ཀྱིས་བོད་དར་ལ། །
    བྱང་ཆུབ་སེམས་ཀྱིས་རྒྱ་ཡང་དར། །
    བྱང་ཆུབ་སེམས་ཀྱིས་བོད་རྒྱ་དར། །
    བྱང་ཆུབ་སེམས་ཀྱིས་ཐམས་ཅད་དར། །

    བྱང་ཆུབ་སེམས་ཀྱིས་བོད་བདེ་ལ། །
    བྱང་ཆུབ་སེམས་ཀྱིས་རྒྱ་ཡང་བདེ། །
    བྱང་ཆུབ་སེམས་ཀྱིས་བོད་རྒྱ་བདེ། །
    བྱབ་ཆུབ་སེམས་ཀྱིས་གཉིས་ཀ་བདེ། །

    བྱང་ཆུབ་སེམས་ཀྱིས་བོད་རང་བཙན། །
    བྱང་ཆུབ་སེམས་ཀྱིས་རྒྱ་གུ་ཡངས། །
    བྱང་ཆུབ་སེམས་ཀྱིས་བོད་རྒྱ་གྲོལ། །
    བྱང་ཆུབ་སེམས་ཀྱིས་ཞི་བདེར་འགྱུར། །

  16. ཨ་རིག་དགེ་མཐོང་། says:
    2011-10-30 at 7:10 pm

    སློབ་དཔོན་མཆན་བུ་ནས་ཚིགས་བཅད་ཀྱི་ལམ་ནས་བྱང་ཆུབ་སེམས་དང་བོད་མི་རིགས། རྒྱ་མི་རིགས་བཅས་ཀྱི་བར་ཐག་གླེང་བ་དགའ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (78)
  • ཨེ་ལི་སི། (50)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (18)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (15)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme