Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱ་བྱེད་ཐ་དད་མིན་ཞེས་པའི་གོ་དོན་ལ་དཔྱད་པ།

Posted on 2020-05-01 By ཁ་བརྡ 5 Comments on བྱ་བྱེད་ཐ་དད་མིན་ཞེས་པའི་གོ་དོན་ལ་དཔྱད་པ།

ཐུབ་བསྟན་ཕུན་ཚོགས། (རོང་བོ་ཐང་དཀར་གྱིས་འོས་སྦྱོར་བྱས།)

བྱ་བྱེད་ཐ་དད་པའི་དཔེར།   བརྒྱུགས།   རྒྱུག    བརྒྱུག
བྱ་བྱེད་ཐ་མི་དད་པའི་དཔེར།    འགྲོ།   འགྲོ།  འགྲོ།
【བརྒྱུག 】  བྱ་ཚིག     【རྒྱུག 】  བྱེད་ཚིག    ཐ་དད་པ།

བྱ་བྱེད་ཐ་དད་པ་དང་ཐ་མི་དད་པའི་དབྱེ་བ་འདི་ནི་རྟགས་འཇུག་གི་སྙིང་པོ་བྱ་བྱེད་ལས་གསུམ་དང༌། བདག་གཞན་དུས་གསུམ་གྱི་དབྱེ་བ་འབྱེད་ཆོས་ཀྱི་ཚད་གཞི་ཉག་ཅིག་ཡིན། དེས་ན་སི་ཏུས་བྱ་བྱེད་ཐ་དད་པ་དང་མི་དད་པའི་ལས་ཚིག་གཉིས་སུ་ཕྱེས་ནས་ལས་ཚིག་དང༌། ལས་ཚིག་གིས་གྲུབ་པའི་མིང་རྐྱང་སོགས་དཔེར་བརྗོད་རྒྱས་པར་བཀོད་པའི་རྗེས་སུ། བོད་དུ་སུམ་རྟགས་ཀྱི་གཞུང་ལ་ཞིབ་འཇུག་བྱེད་མཁན་དང༌། བསམ་གཞིགས་བྱེད་མཁན་མང་པོ་ཞིག་བྱུང་ཡོད་པའི་ནང་ནས་གྲུབ་འབྲས་ཆེ་ཤོས་དང༌། གསར་གཏོད་ཀྱི་རང་བཞིན་ཡོད་པའི་ལས་ཚིག་གི་དབྱེ་བ་འབྱེད་སྟངས་ནི། ཚོགས་ཤུལ་ནོར་བུ་བསྟན་འཛིན་གྱིས་མཛད་པའི་ལས་ཚིག་ལ་དུས་གསུམ་སྤྱིར་བཏང་བ་དང༌། དུས་གསུམ་བྱེ་བྲག་པ། དུས་གསུམ་ཐོར་བུ་པ་གསུམ་དུ་ཕྱེས་པ་དེ་ནི། བདག་གཞན་དུས་གསུམ་དང༌། བྱ་བྱེད་ལས་གསུམ་དབྱེ་བ་ལ་ཚངས་པའི་ཐིག་ཤིང་ལྟ་བུ་ཞིག་གྱུར་ཡོད།

བྱ་བྱེད་ཐ་དད་པ་དང་ཐ་མི་དད་པ་ཞེས་པའི་གོ་དོན་དངོས་ནི། བྱེད་པ་པོ་གང་ཞིག་དངོས་པོ་གཞན་དང་འབྲེལ་མིན་གྱི་དོན་མིན་པ། ལས་ཚིག་རང་གི་ངོས་ནས་བྱ་ཚིག་དང་། བྱེད་ཚིག་གི་དབྱེ་བ་ཡོད་མེད་ལ་རགས་པ་ཞིག་ཡིན་ཏེ། སི་ཏུའི་འགྲེལ་ཆེན་ཆེན་ལས། སྔོན་འཇུག་ཕོ་བ་ཡིག་དུས་འདས་པ་ལ་འཇུག་པའི་དཔེར་བརྗོད་དུ། བང་བརྒྱུགས་དང་། དངོས་པོ་གཞན་ལ་འཇུག་པའི་དཔེར་བརྗོད། བརྒྱུག་བྱའི་རྟ། ཞེས་བྱ་བྱེད་ཐ་དད་པའི་དཔེར་བརྗོད་དུ་བཞག་ཡོད་པ་དང་། འགྲོ་བ་པོ། འགྲོ་བྱེད་ཅེས་བྱ་བྱེད་ཐ་མི་དད་པའི་དཔེར་རྗོད་དུ་བཞག་ཡོད་པ་འདི་ཡིས་ཤེས་སོ། དེས་ན་སི་ཏུའི་དགོངས་དོན་དངོས་ནི་བདག་གཞན་ཤེད་མཚུངས་དང་། ཤེད་མི་མཚུངས་ཞེས་པའི་ལས་ཚིག་གི་དབྱེ་བ་དེ་དང་། བྱ་བྱེད་ཐ་དད་པ་དང་། ཐ་མི་དད་པ་ཞེས་པ་དེ་གཉིས་དོན་གཅིག་ཡིན་པར་བཞེད་འདུག་ཀྱང་དུས་ཕྱིས་བོད་ཀྱི་བརྡ་སྤྲོད་སྨྲ་བ་དག་གིས་འདིའི་དོན་ལ་མགོ་བོ་ཅུང་ཟད་རེ་འཁོར་ནས་དུས་འདའ་ཡོད་པར་སྣང་། དོན་དངོས་ལ་འགྲོ་ཞེས་པ་བྱ་བྱེད་ཐ་མི་དད་པ་དང་། རྒྱུག་དང་བརྒྱུག་ཅེས་པ་བྱ་བྱེད་ཐ་དད་པར་བཞེད་པ་དང་། བཞུགས་ཞེས་པ་བྱ་བྱེད་ཐ་མི་དད་པ་དང་། བསྡད་དང་སྡོད་ལྟ་བུ་བྱ་བྱེད་ཐ་དད་པའི་གྲལ་དུ་འཇོག་ཡོད་པ་འདི་ཡིས་སི་ཏུའི་དགོངས་པར་བྱ་བྱེད་ཐ་དད་པ་དང་མི་དད་ཅེས་པ་དེ། བྱེད་པ་པོའི་བྱ་སྤྱོད་ཀྱི་རྣམ་པ་ལ་བརྟགས་ནས་དབྱེ་དགོས་པ་མ་ཡིན་ཞིང་། ལས་ཚིག་རང་གི་ངོས་ལས་བྱ་ཚིག་དང་བྱེད་ཚིག་སྒྲ་གཟུགས་ཐ་དད་ཡོད་མེད་ལ་དབྱེ་དགོས་པ་དཔེར་ན། བདག་གཞན་ཤེད་མཚུངས་དང་མི་མཚུངས་ཞེས་པ་དང་དོན་གཅིག་ཡིན་པའི་བཞེད་པ་གསལ་པོར་མཐོང་ཐུབ། དེས་ནས་བྱ་བྱེད་ཐ་དད་པའི་ལས་ཚིག་འདི་ལ་མིང་གཞན་བདག་གཞན་ཤེད་མཚུངས་པའི་ལས་ཚིག་ཀྱང་ཟེར། དཔེར་ན། བཀླགས། ཀློག བཀླག་ཅེས་པ་ལས་ཚིག་རང་གི་ངོས་ནས་དུས་གསུམ་གྱི་དབྱེ་བ་ཡོད་པ་མ་ཟད། ཀློག་ཅེས་པ་བྱེད་པ་པོ་དང་འབྲེལ་བའི་དངོས་པོ་བདག་སྟོན་པའི་ལས་ཚིག་དང༌། བཀླག་ཅེས་པ་བྱ་བའི་ཡུལ་དང་འབྲེལ་བའི་དངོས་པོ་གཞན་སྟོན་པའི་ནུས་པ་ལས་ཚིག་རང་ངོས་ནས་ཡོད་པའི་རིགས་ཤིག་ཡིན། ལས་ཚིག་འདི་རིགས་ནི་བྱ་བྱད་ཐ་དད་ཅེས་དོན་ཡང་དེ་ཡིན། དེས་ནས་འགྲོ་ཞེས་པ་ལས་ཚིག་རང་གི་ངོས་ནས་བྱ་ཚིག་དང་བྱེད་ཚིག་གི་དབྱེ་བ་མེད་པ་དང་། བསྡད་ཅེས་པ་བྱ་ཚིག་དང་། སྡོད་ཅེས་པ་བྱེད་ཚིག་གི་དབྱེ་བ་ཡོད་པ་འདི་ནི་བྱ་བྱེད་ཐ་དད་མིན་གྱི་དབྱེ་གཞིའི་གལ་གནད་ཡིན། །

དུས་གསུམ་སྤྱི་བཏང་བའི་མཚན་ཉིད། 

བྱ་ཚིག་མ་ནིང་བྱེད་པ་མོ་ཡིས་འཕུལ། །
པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ། །
སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ། །
བརྗོད་བདེ་བྱེད་ཚིག་མ་ནིང་འགྱུར་ཡང་སྲིད། །

འདི་དག་ནི་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ལ། བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པའང་ཡིན།
༡  དུས་གསུམ་སྤྱི་བཏང་བའི་ལས་ཚིག་ཡིན་ན་ཁྱོད་ཀྱི་བྱེད་ཚིག་གི་སྔོན་འཇུག་མོ་ཡིག་ཡིན་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། བརྗོད་བདེ་བྱེད་ཚིག་མ་ནིང་འབྱུང་ཡང་སྲིད། ཅེས་གསུངས་པའི་ཕྱིར། བཅད། གཅད། གཅོད་ལྟ་བུ་བྱེད་ཚིག་གི་སྔོན་འཇུག་མ་ནིང་ཡིན་པའི་ཕྱིར།
༢  དུས་གསུམ་སྤྱིར་བཏང་བའི་ལས་ཚིག་ཡིན་ན་ཁྱོད་ལ་མགོ་ཅན་གྱི་ཡི་གེ་མེད་པས་ཨེ་ཁྱབ་ཅེ་ན། ཁྱབ་སྟེ། སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ། ཞེས་གསུངས་པའི་ཕྱིར་རོ།
༣  དུས་གསུམ་སྤྱི་བཏང་བའི་ལས་ཚིག་ཡིན་ན་ཁྱོད་ཀྱི་དུས་གསུམ་ཀའི་སྒྲ་གདངས་ཐ་དད་པ་ཡིན་པས་ཨེ་ཁྱབ། ཅེ་ན། ཁྱབ་སྟེ། དུས་གསུམ་ཀའི་སྔོན་འཇུག་ཐ་དད་པ་ཡིན་པ་གང་ཞིག སྐབས་འགར་མིང་གཞི་ཡང་ཐ་དད་པ་ཡིན་པའི་ཕྱིར་རོ།
༤  དུས་གསུམ་སྤྱི་བཏང་བའི་འདས་ཚིག་ཡིན་ན་ཁྱོད་ཀྱི་སྔོན་འཇུག་བ་ཡིག་ཡིན་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། པ་སྡེ་ལས་གཞན་འདས་ཚིག་ཕོ་ཡིས་འཕུལ། ཞེས་གསུངས་པ་ལྟར། པ་སྡེའི་མིང་གཞི་ཅན་གྱི་དུས་གསུམ་སྤྱི་བཏང་བའི་འདས་ཚིག་ལ་བ་ཡིག་སྔོན་འཇུག་མི་ཐོབ་པའི་ཕྱིར།
༥  དུས་གསུམ་སྤྱི་བཏང་བའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ་ཅེ་ན། ཁྱབ་སྟེ། དུས་གསུམ་སྤྱི་བཏང་བའི་ལས་ཚིག་ཡིན་ན་ལས་དེ་བྱེད་པའི་ལས་དང་། བྱ་བའི་ལས་གཉིས་སྟོན་པའི་བྱ་ཚིག་གི་གཟུགས་སོ་སོར་ཐ་དད་དུ་ཡོད་པ་གང་ཞིག དེ་བྱ་བྱེད་ཐ་དད་པའི་དོན་ཡིན་པའི་ཕྱིར།
༦  བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན་ཁྱོད་དུས་གསུམ་སྤྱི་བཏང་བ་ཡིན་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། དུས་གསུམ་བྱེ་བྲག་པའི་ལས་ཚིག་རྣམས་དང་། ཐོར་བུ་པ་ལའང་བྱ་བྱེད་ཐ་དད་པའི་བྱ་ཚིག་འགའ་ཞིག་ཡོད་པའི་ཕྱིར། དེ་ཐལ། ཡི་གེ་བྲི་དང་། འབྲི། ཅ་ལགས་དྲང་དང་། འདྲེན་ལྟ་བུ་རྣམས་དུས་གསུམ་ཐོར་བུའི་ལས་ཚིག་ཡིན་པ་གང་ཞིག དེ་དག་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པའི་ཕྱིར་ཏེ། དེ་བྱ་ཚིག་དང་བྱེད་ཚིག་གཉིས་པོ་སྒྲ་གཟུགས་ཐ་དད་ཡིན་པའི་ཕྱིར།
༧ དུས་གསུམ་སྤྱི་བཏང་བའི་ལས་ཚིག་ཡིན་ན་ཁྱོད་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་ཡིན་པས་ཨེ་ཁྱབ་ཅེ་ན། ཁྱབ་སྟེ། དུས་གསུམ་སྤྱིར་བཏང་བའི་ལས་ཚིག་ཡིན་ན་བྱ་བའི་ཡུལ་གྱི་ལས་ཚིག་དང་། བྱེད་པ་པོའི་ལས་ཚིག་གཉིས་སྒྲ་གཟུགས་ཐ་དད་ཡིན་པ་གང་ཞིག དེ་བདག་གཞན་ཤེད་མཚུངས་ཀྱི་དོན་ཡིན་པའི་ཕྱིར།
༨ བྱ་བྱེད་ཐ་དད་པའི་འདས་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་དུ་བྱ་བའི་འབྲས་བུ་སྟོན་པའི་ཐ་མི་དད་པའི་ལས་ཚིག་ཡོད་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། ལོགས་སུ་བཀར། དོ་པོ་བཀལ། ཆུ་བསྐམས། གོས་བསྐོན་ལ་སོགས་པའི་འདས་ཚིག་ཕལ་མོ་ཆེ་ལ། དེའི་ཁ་གཏད་ཀྱི་ཐ་མི་དད་པའི་ལས་ཚིག་མེད་པའི་ཕྱིར།
༩  བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན་ཁྱོད་དུས་གསུམ་གཟུགས་འགྱུར་བའི་ལས་ཚིག་ཡིན་པས་ཨེ་ཁྱབ་ཅེ་ན། ཁྱབ་སྟེ། དེ་བྱ་ལས་དང་བྱེད་ལས་སྟོན་པའི་ལས་ཚིག་གཉིས་པོའི་སྒྲ་གཟུགས་ཐ་དད་ཡིན་པའི་ཕྱིར།
༡༠ དངོས་ལས་དུས་གསུམ་སྟོན་པའི་ལས་ཚིག་ཡིན་ན་ཁྱོད་བདག་གཞན་ཤེད་མཚུངས་པའི་ལས་ཚིག་ཡིན་པས་ཨེ་ཁྱབ་ཅེ་ན། ཁྱབ་སྟེ། དངོས་ལས་དུས་གསུམ་སྟོན་པའི་ལས་ཚིག་ཅེས་པ་ལས་ཚིག་གཟུགས་གཅིག་གིས་དོན་གསུམ་སྟོན་པའི་ཕྱིར་ཏེ། དཔེར་ན། ཀློག ལྟ་བུ་བྱེད་ཚིག་གཟུགས་གཅིག་གིས་དངོས་པོ་བདག་དང་། བྱེད་ལས། དུས་ད་ལྟ་བ་སྟོན་པ་གང་ཞིག དེའི་བྱ་ཚིག་བཀླག་གིས་དངོས་པོ་གཞན་དང་། བྱ་ལས། དུས་མ་འོངས་པ་སྟོན་པའི་ཕྱིར། དེ་བདག་གཞན་ཤེད་མཚུངས་པའི་དོན་ཡིན་པའི་ཕྱིར་རོ།
༡༡ དངོས་ལས་དུས་གསུམ་སྟོན་པའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་དད་པའི་ལས་ཚིག་དང་དོན་གཅིག་ཡིན་པས་ཨེ་ཁྱབ་ཅེ་ན། ཁྱབ་སྟེ། ལས་ཚིག་གཟུགས་གཅིག་གིས་དངོས་ལས་དུས་གསུམ་སྟོན་ནུས་པ་དེ་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པའི་ཕྱིར།
༡༢ བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཕན་ཚུན་ཤེད་མཚུངས་པའི་ལས་ཚིག་ཡིན་པས་ཨེ་ཁྱབ། ཅེ་ན། ཁྱབ་སྟེ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། བདག་གཞན་ཤེད་མཚུངས་ཞེས་པ་ནི། བྱ་ཚིག་གང་དེའི་ཁ་གཏད་དུ་དེ་དང་སྒྲ་གཟུགས་ཐ་དད་པའི་བྱེད་ཚིག་ཤེད་མཚུངས་ཡོད་པའི་དོན་ཡིན་པའི་ཕྱིར་རོ།

དུས་གསུམ་བྱེ་བྲག་པའི་མཚན་ཉིད། 

བྱ་བ་དང་ནི་འདས་པ་ཕོ་ཡིས་འཕུལ། །
བྱེད་ཚིག་ཕལ་ཆེར་འཕུལ་བྱེད་མེད་པ་དང་། །
སྐབས་འགར་འདས་དང་སྐུལ་ཚིག་གཉིས་པོ་ནི། །
རྗེས་འཇུག་ས་ཡིག་རྐྱང་པས་སྟོན་པ་དང་། །
འདི་ནི་མགོ་ཅན་མང་བའི་སྡེ་ཚན་ནོ། །

དུས་གསུམ་བྱེ་བྲག་པ་ཡང་བྱ་བྱེད་ཐ་དད་པ་ཡིན་པ་མ་ཟད། བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པའང་ཡིན།
༡  དུས་གསུམ་བྱེ་བྲག་པའི་ལས་ཚིག་ཡིན་ན་ཁྱོད་ཀྱི་བྱེད་ཚིག་ལ་སྔོན་འཇུག་མི་ཐོབ་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། བྱེད་ཚིག་ཕལ་ཆེར་འཕུལ་བྱེད་མེད་པ་དང༌། ཞེས་ཕལ་ཆེར་ལ་མེད་པ་ལས་འགའ་ཞིག་ལ་ཡོད་པར་བསྟན་ཡོད་པ་གང་ཞིག འོ་མ་【བཞོས། བཞོ། འཇོ། འཇོས་】 ལྟ་བུ་བྱེད་ཚིག་ལའང་སྔོན་འཇུག་ཡོད་པའི་ཕྱིར།
༢  དུས་གསུམ་བྱེ་བྲག་པའི་ལས་ཚིག་ཡིན་ན་ཁྱོད་མགོ་ཅན་ཁོ་ནར་ཉིད་དུ་ངེས་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། འདི་ནི་མགོ་ཅན་མང་བའི་སྡེ་ཚན་ནོ། ཞེས་མང་ཆེ་བ་མགོ་ཅན་ཡིན་པ་ལས་མགོ་ཅན་རྩ་བ་ནས་མེད་པ་མ་བསྟན་པའི་ཕྱིར་ཏེ། འོ་མ་【བཞོས། བཞོ། འཇོ། འཇོས་】 ལྟ་བུ་མགོ་ཅན་མ་ཡིན་པའི་ཕྱིར།
༣  དུས་གསུམ་བྱེ་བྲག་པའི་ལས་ཚིག་ཡིན་ན་ཁྱོད་དུས་གསུམ་གཟུགས་འགྱུར་བའི་ལས་ཚིག་ཡིན་པས་ཨེ་ཁྱབ་ཅེ་ན། ཁྱབ་སྟེ། དེ་བྱེད་ཚིག་ཕལ་ཆེར་ལ་འཕུལ་བྱེད་མེད་པ་གང་ཞིག ཡོད་ཀྱང་བྱ་ཚིག་དང་འཕུལ་བྱེད་གཅིག་པ་མི་སྲིད་པའི་ཕྱིར། དཔེར་ན། 【བཞོས། བཞོ། འཇོ། འཇོས་】 ལྟ་བུ་རྣམས་སོ།
༤  དུས་གསུམ་བྱེ་བྲག་པའི་ལས་ཚིག་ཡིན་ན་ཁྱོད་བདག་གཞན་ཕན་ཚུན་ཤེད་མཚུངས་ཀྱི་ལས་ཚིག་ཡིན་པས་ཨེ་ཁྱབ་ཅེ་ན། ཁྱབ་སྟེ། དེ་བྱ་བྱེད་ཀྱི་ལས་ཚིག་གཟུགས་ཐ་དད་པ་ཡིན་པའི་ཕྱིར།
༥  དུས་གསུམ་བྱེ་བྲག་པའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ་ཅེ་ན། ཁྱབ་སྟེ། དེའི་བྱ་ཚིག་དང་། བྱེད་ཚིག་གཉིས་སྒྲ་གཟུགས་ཐ་དད་ཡོད་པ་གང་ཞིག དེ་བྱ་བྱེད་ཐ་དད་པའི་དོན་ཡིན་པའི་ཕྱིར།
༦  བྱེད་ལས་ངོ་བོ་གཅིག་པ་ཅན་གྱི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། གད་མོ་བགད། བགད། དགོད་དང་། བང་བརྒྱུགས། བརྒྱུག རྒྱུག་ལ་སོགས་པའི་དུས་གསུམ་བྱེ་བྲག་པའི་ལས་ཚིག་ཁག་གཅིག་བྱེད་ལས་ངོ་བོ་གཅིག་པ་ཅན་གྱི་ལས་ཚིག་ཡིན་པའི་ཕྱིར། ལས་ཚིག་དེ་དག་ཆོས་ཅན། ཁྱོད་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ཏེ། ཁྱོད་བྱ་ཚིག་དང་། བྱེད་ཚིག་གཉིས་ཀྱི་སྒྲ་གཟུགས་ཐ་དད་ཡོད་པའི་ཕྱིར། དེ་བྱ་བྱེད་ཐ་དད་པའི་གོ་དོན་ཡིན་པའི་ཕྱིར།
༧  བདག་གཞན་ཕན་ཚུན་ཤེད་མཚུངས་པའི་ལས་ཚིག་ཡིན་ན་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ་ཅེ་ན། ཁྱབ་སྟེ། བདག་གཞན་ཕན་ཚུན་ཤེད་མཚུངས་པའི་ལས་ཚིག་དང་། བྱ་བྱེད་ཐ་དད་པའི་ལས་གཉིས་པོའི་བྱ་ཚིག་དང་བྱེད་ཚིག་སྒྲ་གཟུགས་གཉིས་ཀ་ཐ་དད་ཡིན་པ་དོན་གཅིག་པའི་ཕྱིར།
༨ བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན་ཁྱོད་ལ་དངོས་པོ་བདག་གཞན་གྱི་དབྱེ་བ་ཡོད་པས་ཨེ་ཁྱབ། ཅེ་ན། ཁྱབ་སྟེ། བྱ་བྱེད་ཐ་དད་པ་ཞེས་པ་ལས་ཚིག་ལ་དངོས་པོ་བདག་གཞན་གྱི་དབྱེ་བ་ཡོད་པའི་དོན་ཡིན་པའི་ཕྱིར།

དུས་གསུམ་ཐོར་བུ་པའི་མཚན་ཉིད་ནི།

གང་ཞིག་དུས་གསུམ་ཚིག་ལ་འཕུལ་མེད་དང་། །
ཡོད་ཀྱང་འཕུལ་ཡིག་གཅིག་ལས་འགྱུར་མེད་དང་། །
འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལ། །
མི་མཐུན་པ་ནི་ཐོར་བུ་པ་ཞེས་བརྗོད། །

འདི་རིགས་ནི་ཕལ་ཆེར་བྱ་བྱེད་ཐ་མི་དད་པའི་ལས་ཚིག་རྣམས་ཡིན། འདི་ལ་བྱ་བྱེད་ཕན་ཚུན་ཤེད་མཚུངས་པའི་ལས་ཚིག་གི་དབྱེ་བ་མེད་དོ།
༡  དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། 【སྦྱང༌། སྦྱོང༌། སྦྱངས】་དང༌། 【སྤང༌། སྤོང༌། སྤངས། སྤོངས་】 ལྟ་བུ་དུས་གསུམ་ཐོར་བུ་བ་ཡིན་ཀྱང་དེ་དག་བྱ་བྱེད་ཐ་དད་པའི་བྱ་ཚིག་ཡིན་པའི་ཕྱིར་རོ།
༢  དུས་གསུམ་ཐོར་བུ་བའི་ལས་ཚིག་ཡིན་ན་ཁྱོད་དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། 【གཞིབས། གཞིབ། འཇིབ། 】དང༌། 【བྲིས། བྲི། འབྲི། 】ལ་སོགས་པ་དུས་གསུམ་ཐོར་བུ་པ་ཡིན་ཀྱང་དུས་གསུམ་གཟུགས་འགྱུར་བའི་ཕྱིར་རོ།
༣  དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་ན་ཁྱོད་ཀྱི་དུས་གསུམ་ཀའི་སྔོན་འཇུག་ཡོད་མེད་མི་འགྱུར་བས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལ། །མི་མཐུན་པ་ནི་ཐོར་བུ་པ་ཞེས་བརྗོད། ཅེས་གསུངས་པ་ལྟར། བཟང་ངན་གདམ་པའི་ད་ལྟ་བ་ལ་འདེམས་དང་། ཁུ་བ་གཞིབས་པའི་ད་ལྟ་བ་ལ་འཇིབ། མཚོན་འཕྱར་བ་དང་། ཇག་པས་འཕྲོག་པ་སོགས་ཀྱི་དུས་འདས་པ་ལ་སྔོན་འཇུག་མི་ཐོབ་པ་སོགས་དུས་གསུམ་གྱི་སྔོན་འཇུག་ལ་འགྱུར་བ་གང་འཚམས་ཡོད་པའི་ཕྱིར། །
༤  དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ན་ཁྱོད་ཀྱི་སྒྲ་གཟུགས་མི་འགྱུར་བས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། སྐལ་པ་བགོས། བགོ བགོད་དང་། དགེ་བ་བསྔོས། བསྔོ་དང་། བློ་ཡིས་དཔྱད། དཔྱོད། ཤིང་གསེས། གསེ་སོགས་ཀྱི་ལས་ཚིག་རྣམས་དུས་གསུམ་སྒྲ་གཟུགས་འགྱུར་བའི་ཕྱིར། ལས་ཚིག་དེ་དག་ཆོས་ཅན། ཁྱོད་དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ཏེ། ཁྱོད་དུས་གསུམ་གྱི་སྔོན་འཇུག་ལ་འགྱུར་བ་མེད་པའི་ཕྱིར། འདིར་དུས་གསུམ་གཟུགས་འགྱུར་མིན་ནི་སྔོན་འཇུག་འགྱུར་མིན་ལ་ངོས་འཛིན་དགོས་པའི་ཕྱིར། །
༥  བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་དུ་བྱ་བྱེད་ཐ་དད་པའི་འདས་ཚིག་ཡོད་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། ང་འགྲོ། བྱ་འཕུར། རི་ཉིལ། ཆུ་འབྱམས། ལྟ་བུ་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ཡིན་ཡང་དེའི་ཁ་གཏད་དུ་བྱེད་པ་པོ་དང་འབྲེལ་བའི་འདས་ཚིག་མེད་པའི་ཕྱིར།
༦  བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་ཁྱོད་ལ་བྱེད་སྒྲ་མི་ཐོབ་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། དུག་གིས་ཤི མེས་ཚིགས། སེམས་ཀྱིས་རྟོགས། མིག་གིས་མཐོང༌། རྣ་བས་ཐོས་ལ་སོགས་པའི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་རྣམས་ཀྱི་སྔོན་ན་བྱེད་སྒྲ་ཐོབ་པའི་ཕྱིར།
༧  དུས་གསུམ་ཁོ་ན་སྟོན་པའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་མི་དད་པ་ཉིད་དུ་ངེས་པས་ཨེ་ཁྱབ། ཅེ་ན། ཁྱབ་སྟེ། དུས་གསུམ་ཁོ་ན་སྟོན་པའི་ལས་ཚིག་ཡིན་ན་ཁྱོད་ལས་ཚིག་རང་ངོས་ནས་དངོས་པོ་བདག་གཞན་གྱི་དབྱེ་བ་འབྱེད་མི་ནུས་པའི་ཕྱིར། བྱ་བྱེད་ཐ་མི་དད་པ་ཡིན་པའི་ཕྱིར།
༨  བྱེད་སྒྲའི་ཕྲད་ཡོད་ན་དེའི་འོག་ཏུ་ལས་ཚིག་ཡོད་དགོས་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། གྲུ་གང་གིས་མཐོ་བ། མཐོ་གང་གིས་ཆེ་བ་སོགས་ནི་བྱེད་སྒྲ་རྗེས་མཐུན་པའི་ཕྲད་ཡིན་པ་ལས་བྱ་བ་སྟོན་པའི་ཕྲད་མ་ཡིན་པའི་ཕྱིར།
༩  བྱེད་སྒྲའི་ཕྲད་ཡིན་ན་བྱེད་སྒྲ་ཡིན་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། གདོང་རང་བཞིན་གྱིས་དཀར་བ། མཐོ་གང་གིས་རིང་བ་ལ་སོགས་པ་རྣམས་ཀྱི་བྱེད་སྒྲའི་ཕྲད་དེ་དག་བྱེད་སྒྲ་མ་ཡིན་ཏེ། དེའི་མཇུག་ཐོག་ཏུ་བྱ་ཚིག་མེད་པའི་ཕྱིར་།
༡༠  དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། 【སྦྱང༌། སྦྱོང༌། སྦྱངས】་དང༌། 【སྤང༌། སྤོང༌། སྤངས། སྤོངས་】 ལྟ་བུ་དུས་གསུམ་ཐོར་བུ་བ་ཡིན་ཀྱང་དེ་དག་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པའི་ཕྱིར་རོ།
༡༡  བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་པས་ཨེ་ཁྱབ། ཅེ་ན། ཁྱབ་སྟེ། དུས་གསུམ་སྤྱིར་བཏང་བ་དང་བྱེ་བྲག་པ་གཉིས་ལ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་མེད་པའི་ཕྱིར།
༡༢  དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་ན་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། སྦྱོང༌། ལེན། སྤོང་ལ་སོགས་པ་དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་ཡང་བྱ་བྱེད་ཐ་མི་དད་པའི་ལས་ཚིག་མ་ཡིན་པའི་ཕྱིར་ཏེ། དེ་དག་གི་འདས་ཚིག་ལ་སྦྱངས་དང༌། བླངས། སྤངས་བཅས་དང༌། མ་འོངས་པ་ལ་སྦྱང༌། བླང༌། སྤང་བཅས་ཐོབ་པའི་ཕྱིར་རོ།
༡༣  བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལ། །མི་མཐུན་པ་ནི་ཐོར་བུ་པ་ཞེས་བརྗོད། ཅེས་གསུངས་པ་ལྟར། འགྲོ་ལྟ་བུའི་འདས་པ་ལ་ཕྱིན་དང༌། སོང་ཐོབ་པ་དང༌། ཉི་མ་འཆར་བའི་འདས་པ་ལ་ཤར་ཐོབ་པ་དང༌། འཆི་བའི་འདས་པ་ལ་ཤི     ཆར་འབབ་པའི་འདས་པ་ལ་བབ་ཐོབ་པ་ལྟ་བུ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ལ་དུས་གསུམ་གཟུགས་འགྱུར་བའི་རིགས་ཡོད་པའི་ཕྱིར།
༡༤ དུས་གསུམ་ཐོར་བུ་པའི་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན་ཁྱོད་དུས་གསུམ་གཟུགས་མི་འགྱུར་བ་ཡིན་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། ཁུ་བ་གཞིབས། གཞིབ། འཇིབ་དང་། བཟང་ངན་གདམས། གདམ། འདེམ་དང་། ཡི་གེ་བྲིས། བྲི། འབྲི་ལ་སོགས་པ་དུས་གསུམ་ཐོར་བུ་པའི་བྱ་བྱེད་ཐ་དད་པའི་གཟུགས་འགྱུར་གྱི་ལས་ཚིག་ཡོད་པའི་ཕྱིར།
༡༥  དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་ན་ཁྱོད་དུས་གསུམ་ཁོ་ན་སྟོན་པའི་ལས་ཚིག་ཡིན་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། སྤྱང་དང་སྤྱོང་། བླང་དང་ལེན། སྤང་དང་སྤོང་ལ་སོགས་པའི་དུས་གསུམ་ཐོར་བུར་པའི་ལས་ཚིག་དེ་དག་དངོས་ལས་དུས་གསུམ་སྟོན་པའི་ལས་ཚིག་ཡིན་པའི་ཕྱིར་ཏེ། ལས་ཚིག་དེ་དག་རེ་རེས་དོན་གསུམ་རེ་སྟོན་པའི་ནུས་པ་ཡོད་པའི་ཕྱིར།
༡༦ དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ན་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ། ཅེ་ན། ཁྱབ་སྟེ། དེ་བྱ་ཚིག་དང་བྱེད་ཚིག་གི་དབྱེ་བ་མེད་པའི་ཕྱིར།

བྱ་བྱེད་ཐ་དད་པའི་འདས་ཚིག་གི་ཁ་གཏད་དུ་མ་འོངས་པར་ཐ་མི་དད་པ་ཡོད་པའི་ལས་ཚིག་གི་རིགས།

༡ བྱ་བྱེད་ཐ་དད་པའི་དུས་འདས་པའི་ལས་ཚིག་ཡིན་ན་ཁྱོད་ཀྱི་མ་འོངས་པའི་ལས་ཚིག་ཀྱང་ཐ་དད་པའི་ལས་ཚིག་ཁོ་ན་ཡིན་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། བཀག་དང་། བཀང་། བཀུག་ལ་སོགས་པ་དུས་འདས་པའི་ལས་ཚིག་ཁག་གཅིག་གི་ཁ་གཏད་དུ་དུས་མ་འོངས་པའི་ལས་ཚིག་ཁེག ཁེང་། ཁུག་ལྟ་བུ་བྱ་བའི་འབྲས་བུ་སྟོན་པའི་བྱ་ཚིག་ཐ་མི་དད་པ་ཐོབ་པའི་ཕྱིར།
༢  ལས་ཚིག་གི་འབྲེལ་བ་ཡིན་ན་དུས་གསུམ་དང་། དངོས་པོ་བདག་གཞན་གྱི་འབྲེལ་བ་ཁོ་ན་ཡིན་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། བཅད་ནས་ཆད། བསད་ནས་ཤི བསྐོར་ནས་འཁོར་ལ་སོགས་པའི་ལས་ཚིག་ཁག་གཅིག་དུས་གསུམ་གྱི་འབྲེལ་བ་གྲུབ་པ་གང་ཞིག དེ་གཉིས་རྒྱུ་འབྲས་ཀྱི་འབྲེལ་པའང་གྲུབ་པའི་ཕྱིར།
༣ བྱ་བྱེད་ཐ་དད་པའི་འདས་ཚིག་ཡིན་ན་ཁྱོད་ཀྱི་མ་འོངས་པའི་ལས་ཚིག་དེ་ཁྱོད་ཀྱི་འབྲས་བུ་སྟོན་པའི་ལས་ཚིག་ཡིན་པས་ཨེ་ཁྱབ་ཅེ་ན། མ་ཁྱབ་སྟེ། བཅད་དང་གཅད། བསད་དང་གསད། བསྐོར་དང་བསྐོར་ལ་སོགས་པ་དེ་དག་རྒྱུ་འབྲས་འབྲེལ་བ་སྟོན་པའི་ལས་ཚིག་མ་ཡིན་པའི་ཕྱིར་ཏེ། དེ་གཉིས་དུས་ཀྱི་འབྲེལ་བ་སྟོན་པའི་ལས་ཚིག་ཡིན་པའི་ཕྱིར།
༤ བྱེད་པ་པོ་དང་དངོས་སུ་འབྲེལ་བའི་དུས་འདས་པའི་ལས་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་དུ་བྱ་བའི་འབྲས་བུ་སྟོན་པའི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡོད་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། གཡག་ལ་དོ་པོ་བཀལ། རྩམ་པ་བཏགས། གནས་སུ་བཞག ནོར་བརྐུས། སྐྲ་བཞར་ལ་སོགས་པ་དེ་དག་བྱེད་པ་པོ་དང་དངོས་སུ་འབྲེལ་བའི་དུས་འདས་པའི་ལས་ཚིག་ཡིན་ཡང་དེ་དག་གི་ཁ་གཏད་དུ་བྱ་བའི་འབྲས་བུ་སྟོན་པའི་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་མེད་པའི་ཕྱིར།
༥ བྱེད་པ་པོ་དངོས་སུ་མ་འབྲེལ་བའི་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་དུ་བྱ་བྱེད་ཐ་དད་པའི་འདས་ཚིག་ཡོད་པས་ཨེ་ཁྱབ། ཅེ་ན། མ་ཁྱབ་སྟེ། ང་འགྲོ། བྱ་འཕུར། རི་ཉིལ། ཆུ་འབྱམས། ལྟ་བུ་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ཡིན་ཡང་དེའི་ཁ་གཏད་དུ་དུས་འདས་པ་སྟོན་པའི་ལས་ཚིག་མེད་པའི་ཕྱིར།  །

དཔྱད་རྩོམ།

Post navigation

Previous Post: ཅིའི་ཕྱིར་ང་ཡེ་ཤུ་བ་ཞིག་མིན་ནམ། (4)
Next Post: དྲང་བདེན་དང་འཐབ་རྩོད། 


Comments (5) on “བྱ་བྱེད་ཐ་དད་མིན་ཞེས་པའི་གོ་དོན་ལ་དཔྱད་པ།”

  1. ལྷག་པ། says:
    2020-05-04 at 6:26 am

    མཁས་དབང་ཐུབ་བསྟན་ཕུན་ཚོགས་དང་མཚུངས་པའི་མི་འགའ་བོད་ལ་ཡོད་ན། ད་གཟོད་བོད་ལ་རེ་བ་འདུག

  2. ཁེར་བུད། says:
    2020-05-07 at 9:46 am

    “རྒྱུག་” དང་ “བསྡད་” བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན། འོ་ན་ “བཀྲ་ཤིས་རྒྱུག” ཅེས་དང་ “བཀྲ་ཤིས་ས་ལ་བསྡད་” ཅེས་བརྗོད་པ་ལྟ་བུར་མཚོན་ན། དེའི་ནང་གི་ “རྒྱུག་” དང་ “བསྡད་” གཉིས་རེ་རེ་ནས་ཆོས་ཅན། བྱ་བྱེད་ཐ་མི་དད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བརྒྱུག་བྱ་ དང་རྒྱུག་བྱེད། བསྡད་བྱ་དང་སྡོད་བྱེད་ཐ་དད་དུ་དབྱེ་རྒྱུ་ཡོད་པར་ཐལ། དེར་ཐལ། བྱ་བྱེད་ཐད་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བརྒྱུག་བྱ་རྒྱུག་བྱེད་གཉི་ག་བཀྲ་ཤིས་ལས་མེད་པ་གང་ཞིག བསྡད་བྱ་སྡོད་བྱེད་ཀྱང་དེ་བཞིན་བཀྲ་ཤིས་ལས་གཞན་མེད་པའི་ཕྱིར་རོ། །གཞན་ཡང་། གོང་གི་དཔེར་བརྗོད་དེ་གཉིས་ཀྱི་བྱེད་པ་པོ་ལ་རེ་རེ་ནས་བྱེད་སྒྲ་ངེས་པར་སྦྱར་དགོས་པར་ཐལ། བྱ་བྱེད་ཐ་དད་པ་ཡིན་པའི་ཕྱིར། ཁྱབ་སྟེ། བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན་བྱེད་པ་པོར་བྱེད་སྒྲ་སྦྱོར་པ་དང་། བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་བྱེད་པ་པོར་བྱེད་སྒྲ་མི་སྦྱོར་པ་ནི་ཤེས་ལྡན་ཀུན་རྩོད་མེད་དུ་འདོད་པའི་ལུགས་ཡིན་པའི་ཕྱིར།
    དེས་ན། “འགྲོ་” ཇི་ལྟར་བྱ་བྱེད་ཐ་མི་དད་དུ་སོང་བ་དེ་ལྟར། “རྒྱུག་” ཀྱང་དེ་རུ་ཁས་བླང་དགོས་རྒྱུ་ལས་འོས་མེད་དེ། དེ་གཉིས་ལ་བང་མགྱོགས་བུལ་ཙམ་ལས་ཁྱད་ཅི་ཡང་མེད་པའི་ཕྱིར་རོ། །

  3. ཁེར་བུད། says:
    2020-05-09 at 2:37 pm

    (གུས་པའི་མཆན་སྔ་མ་ལ། “བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན་བྱེད་པ་པོར་བྱེད་སྒྲ་སྦྱོར་པས་ཁྱབ་” ལ། བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་བྱེད་པ་པོར་བྱེད་སྒྲ་མི་སྦྱོར་པ་ཁྱབ་ཆེའོ། །ཞེས་གསལ་ཁ་བཏོད་པ་ལགས)

    སླར་ཡར་མཆན་གསར་ཞིག་གདབ་པར་བྱ་བ་ལ་འདི་ལྟ་སྟེ།
    རྩོམ་པ་པོ་འདི་བས་བྱ་བྱེད་ཐ་དད་མིན་གྱི་དབྱེ་བ་འཇོག་སྟངས་ནི་ད་བར་སུམ་རྟགས་མཁན་པོ་གང་གི་ཞལ་སྔ་ནས་ཀྱང་མ་ཐོན་པ་ཞིག་རེད། འོན་ཀྱང་སི་ཏུའི་དགོངས་པ་ཡིན་པར་འཕེན་གྱིན་འདུག
    དེས་ན་ཁོང་ལ་ནང་འགལ་འདི་ལྟར་འབབ་སྟེ། དཀྲི། དཀྱུ། ཞེས་པ་འདི་དག་ཆོས་ཅན། བྱ་བྱེད་ཐ་དད་པའི་ལས་ཚིག་མ་ཡིན་པར་ཐལ། དེར་ཐལ། ལས་ཚིག་རང་གི་ངོས་ནས་བྱ་ཚིག་དང་། བྱེད་ཚིག་གི་དབྱེ་བ་མེད་པའི་ཕྱིར། ཡང་ན། དེ་ལྟར་འབྱེད་པར་ཚིག་གྲོགས་”བྱ་”དང་”བྱེད་”ཀྱི་སྒྲ་སྦྱར་བ་ལ་རག་ལས་པའི་ཕྱིར། དེ་དག་བྱ་བྱེད་ཐ་དད་པའི་ལས་ཚིག་མ་ཡིན་པར་འདོད་ཟེར་ན། འོ་ན། དེ་དག་ལ་བདག་གཞན་གྱི་དབྱེ་བ་འབྱེད་རྒྱུ་མེད་པར་ཐལ། དེར་ཐལ། བདག་གཞན་གྱི་དབྱེ་བ་འབྱེད་དུ་ཡོད་པ་ཡིན་ན། བདག་གཞན་ཤེད་མཚུངས་དགོས་པ་གང་ཞིག འདི་ལ་ཤེད་མཚུངས་ཚུལ་མེད་པའི་ཕྱིར། གྲུབ་སྟེ། ཤེད་མཚུངས་པ་ལ། བྱ་ཚིག་དང་བྱེད་ཚིག་སྒྲ་གཟུགས་ཐ་དད་ཡིན་དགོས་པའི་ཕྱིར་ཏེ། “བྱ་བྱེད་ཐ་དད་པའི་ལས་ཚིག་འདི་ལ་མིང་གཞན་བདག་གཞན་ཤེད་མཚུངས་པའི་ལས་ཚིག་ཀྱང་ཟེར།” ཞེས་རང་ཉིད་ཀྱི་ཞལ་སངས་ཏེ་གསུངས་པའི་ཕྱིར།
    འདོད་མི་ནུས་ཏེ། སི་ཏུ་འགྲེལ་ཆེན་རང་དུ། སྔོན་འཇུག་མ་ནིང་ད་ཡིག་བདག་གཞན་གཉི་གར་མཉམ་པར་འཇུག་པའི་དཔེར་བརྗོད་དུ། སྣལ་མ་དཀྲི་བ་པོ། དཀྱི་བྱེད། དཀྲི་བར་བྱེད། རྟ་དཀྱུ་བ་པོ། དཀྱུ་བྱེད། དཀྱུ་བར་བྱེད། ཞེས་སོགས་བདག་ལ་འཇུག་པའི་དཔེ་བཀོད་པའི་རྟིང་། གཞན་འཇུག་གི་དཔེར་བརྗོད་དུ། དཀྲི་བྱའི་མདོས་རིས། དཀྱུ་བྱའི་རྟ། དཀྲུ་བར་བྱ། དཀྱུ་བར་བྱ། དཀྲིའོ། །དཀྱུའོ། །ཞེས་སོགས་བཀོད་པའི་ཕྱིར། གཞན་ཡང་འདི་འདྲ་བ་མང་ན། ཁྱེད་ཀྱི་འདི་གསར་བཤད་ཕྲ་མེན་མ་ཡི་སོ་ནམ་ཟེར་བ་དེ་མ་རེད་དམ།

  4. Abharu Jigwang says:
    2020-05-10 at 7:30 pm

    ངས་འདིར་ཞུ་འདོད་པ་ནི།
    ཨ་རིར་གནས་སྡོད་ངག་ཁྱལ་གཏམ་འཆལ་བཤད་མཁན་་་་ཐུབ་བསྟན་ཐོག་མེད་ཟེར་བ་དེས།
    ག་དུས་ཡིནན་ཡང་བོད་གཞུང་བཀའ་ཤག་དང་་སྲིད་སྐྱོང་།་བཀའ་བློན་ལ་ཟུར་ཟ་སྐྱོན་བརྗོད་
    ཤ་སྟག་བཤད་ཀྱི་འདུག་པ་རྒྱ་དམར་པོ་དང་འབྲེལ་བ་་མེད་དམ་སྙམ།
    རེ་ས་དཔྲལ་ཁོག་ལས་མེད་པར། མིག་ལ་མཛུ་མོ་བཙུགས་དགོས་དོན་གང་རེད།
    ད་ཁ་ཚོད་བཟུང་ཟེར་འདོད་བྱུང། སྲིད་སྐྱོང་དེ་བོད་མིང་གི་བསྐོས་པ་རེད་།
    ཉིན་གཅིག་ཁོས་རྒྱལ་བ་དོན་གྱི་བདག་པོར་ཟུར་ཟ་བྱེད་མདོག་ཁ་བོ་འདུག།

  5. བདེ་འཇགས་ཕོ་ཉ། says:
    2020-05-11 at 12:03 am

    Abharu Jigwangཁྱོད་སྨྱོན་པ་ཡིན་ནམ། ཁྱོད་ཀྱི་མཆན་འདི་དང་གོང་གི་རྩོམ་ཡིག་གཉིས་འབྲེལ་བ་ག་རེད་འདུག ཁྱོད་ཀྱི་ལས་སྟངས་བཅའ་སྟངས་འདི་ལ་བལྟས་ཡོང་ན། ཁྱོད་བརྒྱ་ཆ་བརྒྱ་རྒྱ་གུང་ཁྲན་ཏང་གི་五毛ཞིག་རེད། ཚང་མས་མྱི་འདིའི་རིགས་ཅན་པོར་གཟོབས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (66)
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (37)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (34)
  • ཨེ་ལི་སི། (28)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme