བྱ་རྒན་གོ་བོ་ཚོ་ལ་བཟློ་བ།
བློ་གྲོས་རབ་བརྟན། ཆོས་འཐུས་ཚོར་བལྟས་པས་རྙེད་དོན་གང་བྱུང་མ་བྱུང་། ཀྭ་ཡེ་ཆོས་འཐུས་མིང་འཛིན་མགོ་རིལ་ཨ་ཕོ་འདི་ཚོས།། ཁ་འདོན་བཞག་སྟེ་ནང་འཁྲུག་རྒྱག་པར་སྤྱི་འཐུས་རེད་འདུག ། ག་ལེར་ཁྱོད་ཚོའི་ལས་སྟངས་བྱེད་སྟངས་དག་ལ་བལྟས་ན།། ང་ཚོ་བོད་མི་ཡོངས་ཀྱི་སེམས་ལ་དོགས་འདྲི་ཇེ་མང་།། ཅ་ཅོ་སྒྲོག་ལ་གྲོས་ཚོགས་ར་བར་སྒོ་ཁའི་ཁྱི་རེད།། ཆ་མེད་ཡིན་ཡང་བསྙོན་འཛུགས་བྱེད་ལ་གུང་ཁྲན་ཏང་རེད།། ཇ་ཆང་མང་ན་རྙོག་དྲ་བཟོ་བ་ར་བཟིའི་སྤུན་རེད།། ཉ་བ་རྒན་པོའི་ལས་ཀྱང་སྡུག་པ་གྲྭ་བའི་མཚང་རེད།། ཏཱ་ལའི་བླ་མའི་གཞུང་རྒྱུན་སྐྱོང་ལ་གནོད་སྐྱེལ་དཔོན་རེད།། ཐ་ཆད་ཚིག་གིས་སྤྱི་ཚོགས་དཀྲུག་ལ་སྤྲུལ་བའི་སྐུ་རེད།། ད་ལྟ་་ཁྱོད་ནི་་བོད་མིའི་མིག་ལ་གཟན་པའི་ཚེར་རེད།། ན་མོའི་ཡུལ་ནས་རྐང་འོག་འདམས་པ་དགེ་བཤེས་རྟགས་རེད།། པ་སངས་ལྟར་དཀར་སྤྱི་སེམས་མེད་པ་རི་བོང་ར་རེད།། ཕ་མའི་ཡང་མེས་བླ་ཤ་བཙོང་ལ་ཁྲོམ་རའི་དཔོན་རེད།། བ་གླང་སྤྱོད་པ་གྲོས་རར་སྟོན་ལ་འཁྲབ་སྟོན་མཁན་རེད།། མ་རུང་ཚིག་གིས་གཞན་སེམས་སྲེག་ལ་དམར་པོ་མེ་རེད།། ཙ་རིའི་མི་དང་བོད་མིའི་བར་ལ་འགལ་ཟླའི་གཏེ་རེད།། ཚ་ཚོམ་མེད་པར་ཚིག་ངན་བརྗོད་ལ་དཔའ་བོ་སྟག་རེད།། ཛ་ཡའི་བསྟན་པར་དད་ལོག་སྐྱེ་ལ་ཁྱོད་ཉིད་རྒྱུ་རེད།། ཝ་སྐྱེས་ཡིན་ཡང་གངས་སེང་བརྫུ་བ་རློམ་སེམས་རི་རེད།། ཞྭ་སེར་མཁན་པོར་ལོག་འགྲེལ་རྒྱག་ལ་པན་ཊི་ཏ་རེད།། ཟ་ཟུར་མེད་པར་མངོན་སུམ་གནག་ས་སྲིད་སྐྱོང་མཆོག་རེད།། འ་འུར་རང་བཙན་ཟེར་བཞིན་གཞུ་ས་དབུ་མའི་ལམ་རེད། ཡ་ཀི་འགོ་ནས་འབངས་ལ་སྡུག་པ་དམར་པོའི་གཤིས་རེད།། ར་བ་གངས་ཀྱི་སྐྱིད་སྡུག་བོར་བ་རྒྱ་དམར་བུ་རེད།། ལ་ལུང་ཞེན་ཁོག་ནང་ཁུལ་ཆེ་བ་གློས་ཀྱི་རྟགས་རེད།། ཤ་ཐབས་་གྱོན་ཡང་སེམས་རྒྱུད་གྱོང་བ་གཡག་གི་རྭ་རེད།། ས་མཐའི་གཞུང་འདི་རྩ་ནས་རྫོགས་ལ་དམར་གཞུང་གཉེན་རེད།། ཧ་ཅང་གཤིས་རྒྱུད་གྱོང་ཞིང་མཐོང་རྒྱ་ཆུང་བས་་དབང་གིས།། ཨ་རོགས་ཁམས་པ་རྒོད་པོའི་ལ་རྒྱ་ཆུ་ལ་གཡུགས་འདི།། ཁ་བ་བོད་ལ་མཚོན་ན་ལས་འདི་ངོ་ཚའི་རྒྱུ་རེད།། དགྲ་ཕྱོགས་རྒྱ་ལ་མཚོན་ན་དགའ་བའི་ཐུགས་སྤྲོའི་རྒྱུ་རེད།།