དེ་རིང་ལོ་སར་ཚེས་ ༡ ཉིན་དབུ་མའི་ལམ་ལས་འགུལ་ཁང་གི་གོ་སྒྲིག་འོག བཞུགས་སྒར་དྷ་ནས་ལྡི་ལི་བར་༼རྒྱལ་ཚོགས་གཉིད་དཀྲོགས༽ ཀྱི་གོམ་བགྲོད་ལས་འགུལ་ཅིག་སྤེལ་མགོ་བརྩམས་སོང་།
དེ་རིང་བོད་ཆུ་འབྲུག་ལོའི་ལོ་སར་ཚེས་ ༡ ཉིན་གུང་ཆུ་ཚོད་ ༡༢ སྟེང་། བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་གི་ཉེ་འཁྲིས་དཔའ་བོའི་རྗེས་དྲན་རྡོ་རིང་མདུན་དུ་དབུ་མའི་ལམ་ལས་འགུལ་ཁང་གི་གོ་སྒྲིག་འོག དྷ་ས་ནས་ལྡི་ལི་བར་༼རྒྱལ་ཚོགས་གཉིད་དཀྲོགས༽ཞེས་པའི་གོམ་བགྲོད་ལས་འགུལ་ཞིག་སྤེལ་མགོ་བརྩམས་སོང་། གོམ་བགྲོད་དབུ་འཛུགས་མ་གནང་གོང་གདན་ཞུའི་གཏམ་བཤད་པ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེལ་པ་ཚེ་རིང་མཆོག་དང་། དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་རཱམ་ས་ཝ་རཱོབ་ལགས་གཉིས་གཙོས་པའི། ལས་འགུལ་བ་རྣམས་ལྷན་དུ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་ཤིང་། ཆུ་ཚོད་སྐར་མ་ ༡ རིང་འདས་གྲོངས་སུ་གྱུར་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་མྱ་ངན་གུས་དུད་ཞུས་རྗེས། ལས་འགུལ་བའི་འཐུས་ཚབ་པས་མཉམ་འབྲེལ་རྒྱལ་ཚོགས་ལ་ཆེད་དུ་འབུལ་འཆར་གྱི་སྙན་ཞུའི་སྟེང་ཁྲག་དམར་གྱི་ས་རྟགས་བསྐྱོན་པ་དང་། གོམ་བགྲོད་ལས་འགུལ་བ་ ༣༠ ཡིས་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་སྐེ་ལ་བཏེགས་ཤིང་། ལག་ཏུ་བོད་ཀྱི་རྒྱལ་དར་དང་འབོད་ཚིག་འཕྲེད་བྱང་བཟུང་སྟེ་རྔ་རྡུང་བཞིན་གོམ་བགྲོད་དངོས་སུ་དབུ་འཛུགས་གནང་སོང་།