སྤོབས་པ་མཐའ་ཡས།
རང་རེ་བོད་ཀྱི་གྲོང་བརྡལ་ནས་གྲོང་གསེབ་དང་ཐ་ན་འབྲོག་ཁྱིམ་ཁེར་རྐྱང་ནས་བཟུང་སྟེ་ཡུལ་ལུང་གང་སར་བཀྲ་ཤིས་པའི་ལོ་གསར་སྤྲོ་དགའི་སྐབས་སུ་བཀྲ་མི་ཤིས་པའི་གཡུལ་འཐབ་ཆེན་པོ་ཞིག་བྱེད་བཞིན་པའི་མེ་མདའི་སྒྲ་དང་མཚུངས་པར་ཤོག་སྦག་ཆེ་ཆུང་མང་པོ་མཚམས་མ་ཆད་དུ་སྦར་བ་དར་སྲོལ་ཆེ་རུ་འགྲོ་བཞིན་འདུག ལ་ལ་ཞིག་དེས་ཀྱང་ཡིད་མ་ཚིམ་ནས་ས་རྐོ་རྡོ་སློག་ལ་བེད་སྤྱོད་བཞིན་པའི་འགད་རྫས་ཆེན་པོ་རི་ལུང་འདར་ཡོམ་རྒྱག་པ་ཡང་མཚམས་མཚམས་སུ་བཀད། ང་ཚོས་ལོ་གསར་སྐབས་སུ་སྦར་བཞིན་པའི་ཤོག་སྦག་ནི་རྫས་ནག་སོགས་འགད་རྫས་ཀྱི་མཐར་ཤོག་བུ་རིམ་པ་མང་པོ་དམ་བཙིར་གྱིས་དཀྲིས་ནས་འགད་ཤུགས་ཆེ་རུ་བཏང་བ་ཡིན་སྟབས་རྣ་བ་འོན་ཞིང་སྙིང་རྩ་འཕག་པའི་སྒྲ་ཆེན་པོ་དང་། སྣ་བུག་འགག་པའི་དྲི་ངན། ཤོག་བུ་ཚལ་བ་མང་པོས་ཁོར་ཡུག་ཚང་མ་བཙགས་པ་བཟོ།