༼དཔེ་ཀློག་དོན་གནད་ཐོ་རུ་བཏབས་པ་ཡི།། ཟིན་བྲིས་དེབ་ཏུ་གསལ་ལ་ཁུངས་བྱས་པའི།། རགས་པའི་ཐོ་འདིར་འགལ་འཁྲུལ་ནོར་བའི་ཆ།། ངེས་པར་ཡོད་ན་མཁས་པའི་སྤྱན་ལྡན་ཚོས།། སྨན་ངེས་དགོངས་འཆར་ཆར་བཞིན་སྩོལ་བར་ཞུ།། བཅོས་འགོད་ཡར་རྒྱས་གཏོང་དགོས་འགའ་མཆིས་ན།། དེ་དེ་ཤེས་རབ་ནོར་དུ་ལེན་པ་ཡིན།། ༽
གཅིག གནས་དུས་གང་ཞིག་ཏུ་གསུངས་མིན་ཐད་ཀྱི་མཁས་པའི་བཞེད་བབ།
༡ གནས་གང་ཞིག་ཏུ་གསུངས་བབ་དང་འབྲེལ་བའི་མཁས་པའི་བཞེད་བབ།
སྟོན་མཆོག་བརྩེ་དྲིན་གྱི་བདག་ཉིད་ཆེན་པོས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འདི་བཞིན། གནས་གང་ཞིག་ནས་གསུངས་བབ་ཐད་བཞེད་པ་གཉིས་ཤིག་ལས་ཆེར་མ་བྱུང་འདུག་ཀྱང༌། དེ་དག་གིས་བསྟན་པའི་གནས་དེ་བཞིན་དེང་གི་ས་ཁུལ་གངཞིག་ཏུ་ངོས་འཛིན་དགོས་པ་དང་འབྲེལ་བའི་རིམ་པ་ཁ་གསལ་གྱི་དཔྱད་གཞི་ཉུང་བ་དག་གི་བསྟན་དོན་བསྡུར་དཔྱད་ཀྱིས་འདིར་དཀྱུས་གཅིག་ཏུ་བཀོད་ན། ཀློང་བརྡོལ་ངག་དབང་བློ་བཟང་ཞབས་ཀྱིས། རྒྱ་གར་རྡོ་རྗེ་གདན་དུ་གསུངས་པ་དང་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་གྱི་བུམ་པའི་ནང་གསུངས་པ་བཅས་གཉིས་སུ་བཞེད་འདུག་པ་སྟེ། དེ་ཚུལ་ནི་ཁོང་གི་གསུང་འབུམ་༼ཅ༽པའི་ནང་༼དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་ལོ་རྒྱུས་དང་མིང་གི་རྣམ་གྲངས་༽ཞེས་མཚན་འཁོད་ནང་གསལ་ལྟར་ན། “རྒྱ་གར་རྡོ་རྗེ་གདན་དུ་དུས་འཁོར་རྩ་རྒྱུད་གསུངས་ཚུལ་དང་དེ་ཉམས་སུ་ལེན་པའི་ཤཱཀྱའི་རིགས་ཀྱི་ཆོས་ཀྱི་རྒྱལ་པོ་བཞི་བཅུ་ཞེ་གསུམ་ཇི་ལྟར་བྱོན་པའི་ཚུལ་ནི།”༡ ཞེས་གསུངས་པར་དཔག་ཚེ་རྡོ་རྗེ་གདན་དུ་གསུངས་པར་བཞེད་འདུག་ནའང༌། དེ་གཤམ་ནས་ཤམ་བྷ་ལའི་རྒྱལ་པོ་ཟླ་བཟང་གིས་ཐོག་མར་ཞུས་ཚུལ་སོགས་འཆད་སྐབས་”དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དེ་ཡི་བུམ་པའི་ནང་དུ་འདུས་ནས། སྟོན་པ་སངས་རྒྱས་ལ་དཔལ་དུས་འཁོར་རྩ་རྒྱུད་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་ཡོད་པ་ཞུས”༢ ཞེས་དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་གསུངས་པར་བསྟན་འདུག་པ་གཉིས་ནས་ཤེས་རྟོགས་ཐུབ།