(ངྷ་རམ་སཱ་ལ་ནས་གསུམ་བཅུའི་དུས་དྲན་ཐེངས ༥༢འདུ་འཛོམས་ལ་བྲིས།)
ཡཱན་ཧོང་བྷེན།
ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།
༼མི་ནི་དོན་སྙིང་འཚོལ་སྒྲུབ་བྱེད་ཀྱིན་པའི་སྲོག་ཆགས་ཤིག་ཡིན།༽ དཔའ་བོའི་རྟོགས་བརྗོད་སྙན་རྩོམ་ནི་ཚེ་སྲོག་གི་དོན་སྙིང་མཚོན་མདོག་ཏུ་ཤར་བའི་ཤོག་ལྷེ་ཞིག་ཅིས་མ་ཡིན། དུས་རབས་འདི་བཞིན་སེམས་ཁམས་ནོར་སྲེད་ཀྱིས་རུལ་བཞིན་པ་ཞིག་ཡིན་ནའང་། བོད་མི་ཚོས་འཛད་མཐའ་མེད་པའི་ཁྲག་གི་མིག་ཆུ་བཀོལ་ནས་རང་དབང་འཚོལ་སྙེག་གི་དཔའ་བོའི་རྟོགས་བརྗོད་སྙན་རྩོམ་རིང་མོ་ཞིག་འབྲི་བཞིན་ཡོད། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་མཇུག་ཏུ་རྒྱ་དམར་དྲག་པོའི་གཞུང་གིས་སྤེལ་བའི་རིག་གནས་རང་བཞིན་གྱི་མི་རིགས་རྨེག་མེད་གཏོང་བའི་སྲིད་ཇུས་ལ་འགོག་རྒོལ་བྱེད་སླད་བོད་མི་ཁྱོན་ཡོངས་ནས་ཡར་ལངས་བྱེད་དགོས་ཐུག་ཡོད་པ་དང་། ཏཱ་ལའི་བླ་མ་མཆོག་གིས་བོད་མི་ཁྲི ༨ལྷག་གི་དབུ་ཁྲིད་ནས་གླག་རྒོད་ཀྱང་འཕུར་བསྐྱོད་བྱེད་དཀའ་བའི་ཧི་མ་ལ་ཡ་བརྒལ་ནས་ཡིད་སྐྱོ་བའི་བཙན་བྱོལ་གྱི་ལམ་ཁ་བདམས་དགོས་ཐུག་ཡོད།