བོད་དབྱངས་ལ་ཐིམ། དབྱངས་བོད་ལ་ཐིམ།
དགེ་འདུན།
——————–
ངག་དབང་ཆོས་འཕེལ་ལགས་ཀྱིས་ ཉེ་ཆར་བཟོས་གྲུབ་པའི་གློག་བརྙན་ “དབྱངས་ལ་ཐིམ་པའི་བོད་”ཅེས་པ་དེ་ང་སྡོད་སའི་ཨིན་ཌི་ཡཱ་ནཱ་སློབ་གྲྭ་ཆེན་མོར་སླེབས། དེ་ནི་འདི་གའི་བོད་རིག་པའི་སློབ་ཕྲུག་ཚོགས་པ་སོགས་ཀྱིས་གློག་བརྙན་བཟོ་མཁན་དང་གློག་བརྙན་གཉིས་ས་གནས་སུ་གདན་འདྲེན་ཞུས་པ་ཞིག་རེད། གློག་བརྙན་སྐབས་ས་གནས་ཀྱི་བོད་རིགས་དང་། སློབ་གྲྭའི་སློབ་མ་དང་དགེ་ལས་སོགས་མི་སྣ་མང་པོ་འཛོམས་འདུག
གློག་བརྙན་འདི་ནི་སྒྲུང་གིས་ཁེངས་པའི་སྒྲུང་ཞིག་རེད་ལ། ལོ་རྒྱུས་ཀྱིས་ཕྱུག་པའི་ལོ་རྒྱུས་ཤིག་རེད། འདི་ནི་གློག་བརྙན་བཟོ་མཁན་ངག་དབང་ཆོས་འཕེལ་ལགས་ཆུང་དུས་ཕ་དང་བྲལ། མ་དང་ལྷན་དུ་རྒྱ་གར་ལ་འབྱོར་བ་དང་། ཕྱིས་སུ་བཙན་བྱོལ་དུ་འཚར་ལོངས་བྱུང་རྗེས་སླར་ཡང་ བོད་དུ་ བོད་ཀྱི་རོལ་དབྱངས་གླུ་གར་འཚོལ་ཞིབ་ཏུ་སོང་རྗེས། རྒྱའི་བཙོན་འོག་ཏུ་ཚུད་པ་དང་། དེ་ནས་ཁོང་གི་གཅེས་པའི་མ་ཡུམ་གྱིས་སྣེ་དྲངས་ཏེ་འཛམ་གླིང་བོད་མིས་ཁོང་གློད་གྲོལ་དགོས་པའི་སྐད་འབོད་དང་། རྒྱལ་སྤྱིའི་གནོན་ཤུགས་འོག་ཁོང་གློད་གྲོལ་ཐོབ་པ་བཅས་འཁོད་པའི་མི་ཚེའི་ལོ་རྒྱུས་ཤིག་རེད།
༸རྒྱལ་བ་རིན་པོ་ཆེ། ཁྱེད་ཀྱི་སྐུ་ཚེ་བརྟན་པར་ཤོག
སྙན་བཟང་གཡུང་དྲུང་ཚེ་རིང་།
ངས་སྐད་ཆ་ཞིག་བཤད་འདོད་བྱུང་། ༸རྒྱལ་བ་རིན་པོ་ཆེས་བོད་གཞིས་ལུས་མི་དམངས་ནི་བོད་ཀྱི་དོན་གྱི་བདག་པོ་ཡིན་ཞེས་གསུངས་པ་རེད། ཁོང་གི་གཤམ་དུ་ཡོད་པའི་མཐོ་རིམ་མི་སྣ་ཡིན་ནའང་འདྲ། བྱེས་འབྱོར་བོད་མི་ཚོའི་ངག་ཏུའང་གོང་གི་ཚིག་དུམ་འདི་གོམ་ལོབས་སུ་སོང་ཡོད། བོད་ནང་དུ་དོན་རྐྱེན་ཆེ་ཆུང་ཇི་འདྲ་ཞིག་བྱུང་ནའང་། བྱེས་འབྱོར་བོད་མི་ཚོའི་དོན་རྐྱེན་དེ་དག་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་གསལ་པོ་མཐོང་གི་ཡོད། དོན་རྐྱེན་དེ་དག་བརྩེ་བའི་ཨ་ལོང་ནང་དུ་བསུས་ཏེ་གདུང་སེམས་མཉམ་སྐྱེད་དམ། ཡང་ན། དོན་རྐྱེན་དེ་དག་རྡ་རམ་ས་ལ་ནས་བསྒྲགས་བསྒྲགས་ནས་འཛམ་གླིང་མི་དམངས་ཀྱི་རྣ་ལམ་དུ་བསྐྱལ་ཐུབ་ཡོད། འོན་ཀྱང་། ༸རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ཕྱག་ལས་ག་རེ་གནང་གི་ཡོད་པ་དང་། ལས་འགུལ་གང་འདྲ་ཞིག་སྤེལ་གྱིན་ཡོད་པ་བོད་གཞིས་ལུས་མི་དམངས་ཀྱིས་ཚོར་གྱི་ཡོད་དམ། འདི་ནི་དྲི་བ་ཞིག་རེད། འདི་དྲི་བ་གལ་ཆེན་ཞིག་ཡིན་ནམ།
དེ་ལས་མང་བ་། “༸རྒྱལ་བ་རིན་པོ་ཆེ། ཁྱེད་ཀྱི་སྐུ་ཚེ་བརྟན་པར་ཤོག” »