བོན་རྒྱ་བསྟན་འཛིན་རབ་རྒྱས།
སྐྱབས་ཡུལ་དགེ་འདུན་པར་རྟ་ལྕག་གིས་ཉེས་ཆད་གཅོད་བཞིན་པའི་ཐད་བཏོན་པའི་
ཐོག་མའི་བསམ་འཆར།
སྟོན་པ་ཏཱ་ལའི་བླ་མ་ལ་ཕྱག་འཚལ་ལོ།།
དང་པོར་སྙིང་རྗེས་ཀུན་ནས་བསླངས་པ་ཞིག །
བར་དུ་རྒྱུ་འབྲས་དཔང་པོར་བཅོལ་བ་ཞིག །
ཐ་མར་རིགས་པས་ཐག་གིས་བཅད་པ་ཞིག །
སྡུག་སྲོན་མིག་ཆུས་གཤེར་ན་ཞེ་རེ་ཕམ། །
༡ གླེང་གཞི།
ང་ཚོ་ནང་བ་སངས་རྒྱས་པ་ནི། སྤྱོད་པ་འཚེ་བ་མེད་པ་དང་ལྟ་བ་རྟེན་འབྱུང་བཀར་བཏགས་ཀྱི་ཕྱག་རྒྱ་ལ་གནས་པའི་ཆོས་ལུགས་པ་ཞིག་རེད་ལ། སྟོན་པ་ཐུགས་རྗེ་ཅན་ནསྋགོང་སྋསྐྱབས་མགོན་ཆེན་པོ་ལ་ཐུག་གི་བར་གྱི་འདུལ་བའི་མངའ་བདག་ཆེན་པོ་དག་དང༌། མཁས་གྲུབ་གསེར་རིའི་ཕྲེང་བ་ཚར་དུ་དངར་བ་དག་གིས་ཀྱང་འཚེ་བ་མེད་པ་ཕྱི་གསལ་ནང་གསལ་ཞིག་ཉམས་བཞེས་གནང་ནས་འོངས་པ་རེད། རྗེས་འཇུག་གདུལ་བྱ་ང་ཚོས་ཀྱང་ཁོང་དག་གི་རྨད་དུ་བྱུང་བའི་རྣམ་ཐར་ལ་གུས་འདུད་དང༌། ཉམས་ལེན་གང་ནུས་ཅི་ཐུབ་བྱེད་དགོས་པ་ནི། ང་ཚོའི་སྐྱེས་ཐོབ་ཀྱི་ཆོས་སུ་ལས་དབང་གིས་བཞེངས་པ་ཞིག་རེད། དེའི་ཕྱིར་དགེ་འདུན་གྱི་སྡེ་ལ་ཉེས་ཆད་གཅོད་པའི་ལམ་ལུགས་ལ་འཚེ་བ་མེད་པའི་དམ་ཚིག་དང་མི་འགལ་བ། དམ་ཆོས་འདུལ་བའི་དགོངས་དོན་དང་མི་འགལ་བ། ལམ་རིམ་བློ་སྦྱོང་གི་ཀུན་སྤྱོད་དང་མི་འགལ་བ་ཞིག་ངེས་པར་དུ་དགོས་མོད། ད་ལྟའི་གདན་ས་དག་ན་འདུལ་བ་དང་ལམ་རིམ་བློ་སྦྱོང་ན་མི་གསལ་ལ། ཐ་ན་གྲྭ་ཚང་རང་རང་གི་བཅའ་ཡིག་ནའང་མི་གསལ་ཞིང༌། འཚེ་བ་མེད་པའི་ཀུན་སྤྱོད་དང་གཏན་འགལ་དུ་གྱུར་བའི་སྒྲིག་ལམ་སྣ་ཚོགས་ཤིག་གིས། དགེ་འདུན་པར་ཉེས་ཆད་གཅོད་བཞིན་ཡོད་པས། འདི་ལ་ངེས་པར་དུ་ལས་ཀྱི་སྣེ་མོ་བ་དག་གིས་བསམ་ཞིབ་ནན་ཏན་དང༌། དུས་རབས་འགྲོས་བསྟུན་གྱིས་མགྱོགས་མྱུར་ངང་བསྒྱུར་བཅོས་གཏོང་དགོས་པ་ཞིག་རེད།