ཝེ་ཁེ་རིག་མཛོད་ཆེན་མོ།
ལྕགས་རྒྱ་འགྲམ་ནག གནས་སྐབས་རིང་སྒྱིད་ལུག་གི་དབང་དུ་ཤོར་ནས། དྲ་ཐོག་ཏུ་ཡོང་ཐུབ་མ་སོང་། དེ་རིང་དྲ་གྲོགས་མང་དག་ཅིག་གི་རྩོམ་ཡིག་བཀླགས་ཏེ་སྣང་བ་སྐྱིད་པོ་བྱུང་། ཁ་སྔོན་བོད་ནང་གི་དྲ་རྒྱ་ཁག་ཅིག་ཀློག་སྐབས་བཙན་བྱོལ་གྱི་ཟིན་བྲིས་པ་འགའ་རེས་ཀྱང་དེ་རུ་ཟིན་བྲིས་ཐོ་འགོད་བྱས་ཡོད་པ་མཐོང་ནས་ཧ་ཅང་དགའ་སོང་། ཡིན་ནའང་དེ་རིང་རྡོ་འབུམ་དཔེ་འཕྲིན་གྱི་ཝེ་ཁེ་རིག་མཛོད་ཆེན་མོའི་དྲ་རྒྱ་རུ་འཛུལ་སྐབས། དེའི་ཐོག་ཏུ་གནས་ཚུལ་སྤེལ་གྲངས་ཧ་ཅང་ཉུང་བ་མཐོང་ནས། དེ་རིང་དྲ་ཐོག་ཏུ་ཡོང་སྟེ་དྲ་གྲོགས་ཚོ་དང་མཉམ་དུ་དེའི་སྐོར་ལ་ཁ་བརྡ་ཤིག་བྱས་ན་བསམ་བྱུང་། དུས་ཚོད་དང་འདོད་མོས་ཡོད་མཁན་ཚོས་ཝེ་ཁེ་རིག་མཛོད་ཆེན་མོ་ལ་ http://bo.wikipedia.orgམིག་བཤེར་ཤིག་བྱོས་དང་། ང་ཚོར་དེའི་ཐོག་ན་སྟོང་ཆ་མང་པོ་ཞིག་ཁ་སྐོང་བྱེད་རྒྱུ་འདུག ས་ཆའི་ཁོངས་ནས་གཅན་ཚའི་གནས་ཚུལ་ཅུང་ཙམ་ཞིབ་ཕྲ་འདུག དེ་མ་གཏོགས་ཕལ་ཆེར་ས་བཅད་མ་སྟོང་ཙམ་རེད། ཕན་ཚུན་སྡིགས་རེས་བྱས་ཏེ་དུས་ཚོད་སྐྱེལ་བ་ལས་ང་ཚོས་ལས་གཞི་འདིའི་ཐོག་ཏུ་མཉམ་རུབ་བྱས་ན་མི་རབས་ཚ་རྒྱུད་ལ་ཕན་པའི་ལས་གཞི་ཞིག་ཏུ་འགྱུར་རྒྱུ་རེད་ཨང་སྙམ།