ལྟག་མཚེར་རིན་པོ་ཆེ་ཞི་བར་གཤེགས་པ།
གོང་གསལ་གྱི་པར་འདི་རྒྱག་མཁན་ནི་ Jeremy Hoganཡིན། ——————————————————– ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ངོས་འཛིན་གནང་བའི་སྤྲུལ་སྐུའི་ཁོངས་ཀྱི་གཅིག་ནི་ལྟག་མཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་ཡིན་པ་དང་། ཁོང་དགུང་གྲངས་གྱ་བདུན་དུ་ཕེབས་པ་ ༢༠༠༨ ལོའི་ཟླ་དགུ་པའི་ཚེས་ ༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལ་ ཨ་མི་རི་ཀའི་མངའ་སྡེ་ཨིན་ཌི་ཡཱ་ནའི་ཁོངས་སུ་ཡོད་པའི་སྐུ་འབུམ་བྱམས་བརྩེ་གླིང་གི་ རང་གི་བཞུགས་ཤག་ཏུ་དགོངས་པ་ཞི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པ་རེད། དེ་ནས་ཚེས་ ༡༠ ཉིན་དད་ལྡན་མི་མང་གིས་སྐུ་གདུང་ལ་མཆོད་མཇལ་ཞུས་པ་དང་། ཚེས་བཅུ་གཅིག་ཉིན་སྐུ་འབུམ་བྱམས་བརྩེ་གླིང་དགོན་པའི་རྒྱབ་ཏུ་བཞེངས་པའི་གདུང་ཁང་དུ་ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཞི་བའི་སྦྱིན་སྲེག་འབུལ་བ་དང་བཅས་སྐུ་གདུང་ཞུགས་འབུལ་ཞུས་ཡོད་པ་རེད། སྐུ་གདུང་ཞུགས་འབུལ་གྱི་སྐབས་སུ་རྒྱ་གར་ནས་༧རྒྱལ་བའི་བཀའ་འབྲེལ་བཞིན་ཆོས་ཚོགས་འདིར་ཆེད་ཕེབས་གནང་བའི་སྤ་རི་རིན་པོ་ཆེ་བློ་བཟང་ཐུབ་བསྟན་མཆོག་གིས་སློབ་དཔོན་དང་། དེ་བཞིན་ཀེའུ་ཚང་རིན་པོ་ཆེ་འཇམ་དཔལ་ཡེ་ཤེས། ཨ་ཀྱཱ་རིན་པོ་ཆེ་བློ་བཟང་ཐུབ་བསྟན། ཨ་ལགས་ཁུ་ཞང་རིན་པོ་ཆེ། སེར་བྱེས་དགེ་བཤེས་ངག་དབང་གྲགས་པ། སྒོ་མང་དགེ་བཤེས་སངས་རྒྱས་དང་བློ་བསྟན་སོགས་དགེ་འདུན་པ་ཚོས་གདུང་ཆོག་གསུངས་ཤིང་། ལྟག་མཚེར་རིན་པོ་ཆེའི་ལྕམ་དཀོན་མཆོག་དབྱངས་སྐྱིད་ལགས་དང་དང་སྲས་སོགས་ཁྱིམ་མི་དང་། སློབ་མ་དང་གྲོགས་པོ། དེ་བཞིན་ཨ་རིའི་ས་ཁུལ་མང་པོ་ནས་ཆེད་ཕེབས་བོད་རིགས་སོགས་འཛོམས་ཡོད་པ་རེད། ལྟག་མཚེར་རིན་པོ་ཆེ། ལྟག་མཚེར་ཞུ་བ་ནི་ལྟག་ཏེ་རྒྱབ་ཀྱི་མཚེར་ས་ཟེར་བ་ཡིན་ཞེས་རིན་པོ་ཆེས་ཡང་ཡང་གསུངས་འདུག་ཅིང་། སྐུ་ཕྲེང་འདི་ནི་ལྟག་མཚེར་སྐུ་ཕྲེང་དྲུག་པ་ཡིན་པ་རེད། ལྟག་མཚེར་རིན་པོ་ཆེ་དང་ལྕམ་དཀོན་མཆོག་དབྱངས་སྐྱིད་གཉིས་ལ་སྲས་ལྷུན་གྲུབ་ནོར་བུ་དང་། ཀུན་དགའ་ནོར་བུ། འཇིགས་མེད་ནོར་བུ་བཅས་གསུམ་བྱུང་ཡོད་པ་རེད།